ཉེ་ཆར། དག་གཙང་གི་དཀར་མཛེས། པེ་ཅིང་དུ་སྐྱོད་པ་ཞེས་པའི་བཤམ་སྟོན་དེ་པེ་ཅིང་གྲོང་ཁྱེར་དུ་སྤེལ། ཐེངས་འདིའི་བཤམ་སྟོན་ལས་དངོས་མིན་ཤུལ་བཞག་རིག་གནས་བཤམ་སྟོན་ཁང་དུ་འགྲེམ་སྟོན་བྱས་པའི་གསོན་ཉམས་ལྡན་པའི་ཞལ་འབག་དེ་དག་གིས་མི་མང་པོའི་མིག་ཟུང་དབང་མེད་དུ་འགུག་པར་བྱས། དེའི་འགྲམ་དུ་བོད་ལྭ་གྲལ་དག་གྱོན་པའི་རྒན་པོ་ཞིག་གིས་བརྩེ་བའི་འཛུམ་དང་བཅས་ཏེ་གཟིགས་མོ་བ་རྣམས་ལ་རང་ཉིད་ཀྱི་བརྩམས་ཆོས་དེ་དག་ངོ་སྤྲོད་བྱེད་བཞིན་འདུག
ཁོང་གི་མཚན་ལ་བསོད་ནམས་རྒྱལ་མཚན་ཞུ་ཞིང་ཕ་ཡུལ་ནི་ཁམས་ཀྱི་ཉག་རོང་རྗོང་ཡིན། ཁོང་ཉིད་ཆུང་བྱིས་པའི་དུས་ནས་ངལ་བ་ཁྱད་བསད་ཀྱིས་བོད་ལུགས་སྨན་འདམ་ཞལ་འབག་བཟོ་བའི་ལག་རྩལ་ལ་སྦྱངས་པ་བྱས་རྐྱེན། ད་ལྟའི་རྒྱུན་ཆད་ལ་ཉེ་བའི་བོད་ལུགས་སྨན་འདམ་ཞལ་འབག་འདིའི་བཟོ་རྒྱུན་གྱི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་གཅིག་པུར་གྱུར།
ཁོང་གིས་མུ་མཐུད་དུ་གསུང་རྒྱུར། སྨན་འདམ་ཞལ་འབག་འདི་དག་ལ་ཞལ་འབག་གཞན་དང་མི་འདྲ་བའི་ཕན་ཡོན་མང་པོ་ལྡན་ཏེ། 《 གསོ་རིག་རྒྱུད་བཞི།》སོགས་སུ་བཀོད་པ་ལྟར་ན། སྨན་འདམ་ཞལ་འབག་འདི་དག་ཁྱིམ་དུ་བཞག་ན། གདོན་བགེགས་བར་ཆད་སེལ་ཞིང་འདོད་དོན་ལྷུན་གྱིས་འགྲུབ་པ། ནད་མེད་ཚེ་རིང་ཡོང་བའི་ཕན་ནུས་ཡོད་པར་བཞེད་ལ། འདིའི་རྒྱུ་ཆའི་དམིགས་བསལ་རང་བཞིན་གྱིས་དེ་ལ་ནད་འབུ་གསོད་པ་དང་། མཁའ་དབུགས་གཙང་བཟོ་བྱེད་པ། ཆམས་རིམས་དང་གཞན་པའི་དབུགས་ལམ་ནད་རིགས་སྔོན་འགོག་ཐུབ་པ། རིག་པ་གསོ་བ་དང་ངལ་དུབ་སངས་པ། དྲི་ཞིམ་ཡལ་མེད་དུ་ཁྱབ་པ་སོགས་ཀྱི་ཕན་ནུས་ཡོད་ཅེས་གསུངས།
ཁོང་གིས་ད་དུང་ཞལ་འབག་འདི་དག་གི་ཐུན་མིན་ཁྱད་ཆོས་ཀྱི་ཐད་ནས་གསུང་རྒྱུར། སྨན་འདམ་ཞལ་འབག་འདིའི་འདམ་བག་གི་བསྣོ་ཐབས་དང་ལག་རྩལ་ཕྱི་བརྒྱུད་བྱ་མི་ཆོག་པ་དང་། ཕྱིའི་བཟོ་དབྱིབས་ལ་གནའ་བོའི་རྒྱ་གར་དང་བོད་བརྒྱུད་ནང་བསྟན། བོད་མི་རིགས་བཅས་ཀྱི་ཐུན་མིན་སྒྱུུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ། ཞལ་འབག་ནང་རོལ་དུ་གཟུངས་གཞུག་འབུལ་ནས་རབ་གནས་བྱས་ཡོད་པ། གཞན་ཞལ་འབག་འདི་དག་ལ་ད་དུང་མདོག་མི་འགྱུར་བ་དང་། སྦགས་བཙོག་མི་བཟོ་བ། མི་རུལ་བ། འཛིན་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་གསོག་ཉར་དང་འབུལ་རྟེན་གྱི་རིན་ཐང་ཆེན་པོ་ཡོད།