བོད་ཀྱི་རི་མོ་བ་གྲགས་ཅན་ཉི་མ་ཚེ་རིང་།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


      

          བོད་ཀྱི་རི་མོ་བ་གྲགས་ཅན་ཉི་མ་ཚེ་རིང་ལགས་ནི་དཀར་མཛེས་ཁུལ་གྱི་འབའ་ཐང་དུ་སྐུ་འཁྲུངས་པ་དང་། ཆུང་དུས་ནས་བོད་རིག་གནས་ཀྱི་བང་མཛོད་དུ་གྲགས་པའི་ཁམས་སྡེ་དགེ་རུ་འཚར་ལོངས་བྱུང་། ཁོང་གི་ཁྱད་དུ་འཕགས་པའི་བཟོ་རྩལ་ལས་བོད་གངས་ཅན་ལྗོངས་ཀྱི་ངོ་མཚར་བའི་རི་ཆུ་དང་གཏིང་དཔོག་དཀའ་བའི་རིག་གནས། ལོ་རྒྱུས། འཇིག་རྟེན་གྱི་རྣམ་པ་ཡོངས་སུ་མཐོང་ཐུབ། ཁོང་གིས་བྲིས་པའི་རི་མོའི་ཁྱད་ཆོས་གཙོ་བོ་ནི་ཚོན་མདངས་རྣམ་པར་བཀྲ་བའི་བོད་ཀྱི་སྲོལ་རྒྱུན་གྱི་འབྲི་སྟངས་གཞིར་བཞག་སྟེ་བསམ་ཡུལ་ལས་འདས་པའི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་རི་མོའི་སྐྱ་རིས་འཐེན་ཚུལ་དང་ནུབ་ཕྱོགས་སྒྱུ་རྩལ་གྱི་འབུར་གཟུགས་བཅས་འདྲེས་མའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་ཞིང་། བོད་ཀྱི་སྲོལ་རྒྱུན་གྱི་ཐང་ཀ་དང་བསྡུར་ནའང་དབྱེ་བ་ཆེན་པོ་ལྡན་པའི་བོད་ཐང་གསར་མའི་འབྲི་སྲོལ་ཞིག་ཆགས་ཡོད།

        ཉི་མ་ཚེ་རིང་གི་རི་མོའི་ནང་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་དཔེར་ན་《འབྲུག་མོས་ལྷ་བྱ་ཁྲུང་ཁྲུང་ལ་འཕྲིན་བསྐུར་བ།》 དང་། 《 མཐུན་པ་སྤུན་བཞི།》 མུ་འབྲེལ་རི་མོ་《 གླིང་གེ་སར་རྒྱལ་པོ།》 ལྡེབས་བྲིས་《 པཎ་ཆེན་སྐུ་ཕྲེང་བཅུ་པ།》 སྲོལ་རྒྱུན་རི་མོ་《 མི་ལ་རས་པ།》 དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་《གནས་མཆོག་གི་རྨི་ལམ།》 དང་《ཚེ་སྲོག།》 《 དཀར་ནག་གི་འཇིག་རྟེན།》སོགས་སྒྱུ་རྩལ་གྱི་མཚོན་སྟངས་རྣམ་པ་སྣ་ཚོགས་ལྡན་ནོ། ། ཁོང་གིས་བྲིས་པའི་བོད་རིས་ནི་ཐང་ག་རྐྱང་པ་མ་ཡིན་ཞིང་། དེ་ནི་རྒྱ་མིས་བལྟས་ན་བོད་རིས་འདྲ་བ་དང་། བོད་མིས་བལྟས་ན་རྒྱ་རིས་འདྲ་བ། ཕྱི་རྒྱལ་བས་བལྟས་ན་ཀྲུང་གོའི་རི་མོ་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད།

        ཁོང་གིས་ད་སྔོན་བར་《པཎ་ཆེན་སྐུ་ཕྲེང་བཅུ་པའི་ལྷ་བཟོ་བ་ཉི་མ་ཚེ་རིང་གི་རི་མོ་འདེམས་བཀོད་།》དང་།《ཉི་མ་ཚེ་རིང་གི་རི་མོ་ཕྱོགས་བསྒྲིགས།》 《 ནང་པ་སངས་རྒྱས་པའི་གཏམ་རྒྱུད།》 《 གངས་ལྗོངས་ལ་བསྟོད་པ།》 《 དབེན་གནས།》སོགས་ཀྱི་རི་མོའི་བརྙན་དེབ་པར་དུ་བསྐྲུན་ཡོད་པ་དང་། 《 ཡོན་བོད་ཀྱི་མཐུན་འབྲེལ །》དང་། 《 གངས་ལྗོངས།》སོགས་རི་མོ་མང་དག་ཀྲུང་གོའི་མཛེས་རྩལ་ཁང་སོགས་རྒྱལ་ཕྱི་ནང་གི་དངོས་མང་བཤམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1