ལྷ་སྒང་གསེར་གྱི་མཆོད་རྟེན།
དང་པོོ། ཆོས་འདུལ་བ་འདི་ནི་ནང་བསྟན་ཆོས་ལུགས་འདིའི་གལ་ཆེ་བའི་རྩ་བའི་ཁྲིམས་ལུགས་ཡིན་པ།
འདུལ་བ་ཞེས་པ་འདི་ལ་ལྟུང་བ་འདུལ་བ་དང་། ཉོན་མོངས་འདུལ་བ་གཉིས་ཡོད་པ་ལས་ད་ལམ་ལྟུང་བ་འདུལ་བའི་སྐོར་གྱི་དགོས་ཕན་ཅུང་ཟད་བཤད་རྒྱུ་ཡིན། དེ་ཡང་དབུ་མ་བཞི་བརྒྱ་པ་ལས། ཆོས་ནི་མདོར་ན་མི་འཚེ་བར། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། སྟོང་ཉིད་མྱ་ངན་འདས་པ་སྟེ། འདིར་ནི་དེ་གཉིས་འབའ་ཞིག་གོ། ཞེས་གསུངས་པ་ལྟར་དམ་པའི་ཆོས་ཞེས་པ་གཞན་ལ་མི་འཚེ་བའམ་འཚེ་བ་མི་བྱེད་པའི་ངོ་བོ་ཞིག་དང་། གཞན་ལ་འཚེ་བ་མི་བྱེད་ཅེས་པ་ནི་ལུས་ངག་ཡིད་གསུམ་གྱིས་འཚེ་བ་མི་བྱེད་པ་གསུམ་ཡོད། དཔེར་ན། ལུས་ཀྱིས་འཚེ་བ་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ། ལོག་པར་གཡེམ་པ་གསུམ་དང་། ངག་གིས་འཚེ་བ་རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་བཞི། ཡིད་ཀྱི་འཚེ་བ་བརྣབ་སེམས་གནོད་སེམས་ལོག་ལྟ་སོགས་འཚེ་བའི་གཙོ་བོ་འདི་དག་ཡིན། སྤྱིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རང་རྒྱུད་ལ་སྐྱེས་པ་ཙམ་ནས་སེམས་རྒྱུད་མ་ཞི་བར་བྱེད་ཅིང་དངོས་དང་བརྒྱུད་པའི་སྒོ་ནས་རང་གཞན་གང་རུང་ལ་འཚེ་བའི་བྱེད་ལས་ཅན་ཡིན་ལ། ནང་བསྟན་ཆོས་ལུགས་འདི་ནི་ལུས་ངག་ཡིད་གསུམ་གྱི་མི་དགེ་བའམ་འཚེ་བའི་རིགས་མཐའ་དག་མེད་པར་བྱེད་པའི་ཐབས་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་ཆོས་ལུགས་རྨད་དུ་བྱུང་བ་ཞིག་དང་བཀའ་སྲོལ་ཆེས་བཟང་པོ་ཞིག་ཡིན། དེ་ལ་ལུས་ངག་གི་འཚེ་བ་སྤོང་བའི་ཐབས་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་གསུངས་ཤིང་། དམ་པའི་ཆོས་ཞེས་པའི་གོ་དོན་ཡང་འདུལ་བའི་གཞུང་གི་ལུས་ངག་གི་སྤོང་བདུན་འཁོར་བཅས་སྤོང་བའི་ཚུལ་འདི་ནས་གོ་དགོས། ལུས་ངག་གི་སྤོང་བདུན་འཁོར་དང་བཅས་པ་སྤོང་བའི་སྡོམ་པ་ལ་སོ་སོར་ཐར་བའི་སྡོམ་པ་ཞེས་བཏགས། དེ་ལ་འདུལ་བའི་གཞུང་བཀའ་འགྱུར་ནང་དུ་ཡོད་པ་པོད་ཆེན་བཅུ་གསུམ་དང་། འདུལ་བའི་དགོངས་འགྲེལ་གྱི་བསྟན་བཅོས་རྒྱ་གར་མཁས་པས་མཛད་པ་བསྟན་འགྱུར་གྱི་ནང་དུ་ཡོད་པ་པོད་ཆེན་བཅོ་བརྒྱད་ཡོད། དེ་དག་གི་དགོངས་འགྲེལ་བོད་ཀྱི་མཁས་པས་མཛད་པ་ཧ་ཅང་མང་ཡང་ཕྱོགས་གཅིག་ཏུ་བསྒྲིགས་པ་དང་པོད་གྲངས་སོགས་གསལ་པོ་བརྗོད་མ་ཐུབ།གཞུང་དེ་དག་གིས་ནང་དོན་གཙོ་བོ་ནི་སྤྱིར་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས་རབ་ཏུ་བྱུང་ལུགས་དང་དགེ་ཚུལ་སློང་སྒྲུབ་སྟངས་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་མཚན་ཉིད་སོགས་དང་། ཆོ་ག་ལག་ལེན་སྐོར་གསལ་བཤད་གནང་ཡོད། ཐོབ་པ་མི་ཉམས་པར་སྲུང་བའི་ཐབས་ལ་བསྲུང་བྱ་ལྟུང་བའི་གྲངས་དང་། བཅས་འགལ་གྱི་ལྟུང་བ་ཇི་ལྟར་འབྱུང་ལུགས་སོགས་དང་། བཅས་པ་ལས་འདས་བའི་ལྟུང་བ་བྱུང་ན་ཕྱིར་བཅོས་ཇི་ལྟར་བྱེད་ལུགས་བཤགས་སྡོམ་ཇི་ལྟར་བྱེད་ལུགས་བཅས་དོན་ཚན་ཆེན་པོ་གསུམ་དུ་བསྡུས་ནས་སྦྱོར་དངོས་མཇུག་གསུམ་ཆ་ཚང་བའི་ཁྲིམས་ལུགས་ཤིག་གསུངས་ཡོད། འདི་དག་གི་གནད་ཆ་ཚང་བ་རྟོགས་པ་ལ་གཞུང་ཆེན་འདི་དག་གི་དོན་ལོ་མང་རིང་སློབ་སྦྱོང་བྱས་ནས་ཤེས་དགོས་པ་ཞིག་ཡིན། འདིའི་དགོས་མཁོ་གཙོ་བོ་ཞིག་ནི། སངས་རྒྱས་ཆོས་ལུགས་འདི་ནི་གཞུང་ཆེན་སློབ་གཉེར་ནས་རྩ་བ་ཚུགས་དགོས་པས། དེ་ལ་སོ་སོར་ཐར་བའི་སྡོམ་པ་བླངས་ནས་འདུལ་ཁྲིམས་སྲུང་བའི་ཉན་ཐོས་ཀྱི་སྡེ་ཁག་བྱས་ཏེ་དགོན་པའམ་གནས་དབེན་པར་སོང་ནས་ལོ་མང་རིང་སློབ་སྦྱོང་དགོས་པ་དང་། དེ་ལ་འདུལ་ཁྲིམས་འདི་ལ་བརྟེན་ནས་དགེ་འདུན་གྱི་སྡེ་ཚོགས་མཉམ་གནས་བྱེད་ཐུབ་པ་ཡོང་གི་ཡོད། དེའི་ཐོག་ནས་སངས་རྒྱས་ཆོས་ལུགས་ཀྱི་སློབ་གཉེར་ལོ་མང་རིང་སློབ་སྦྱོང་བྱེད་ཐུབ་པའི་ཆ་རྐྱེན་ཤིན་ཏུ་གལ་ཆེ་བ་ཞིག་ཀྱང་བསྐྲུན་ཡོད་པས་བཤད་སྒྲུབ་འཆད་ཉན་རྒྱུན་གནས་ཡོང་བའི་ཐབས་ལམ་ཟབ་མོ་ཞིག་ཡིན། དེ་ལ་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་འདུལ་ཁྲིམས་གཞི་ལ་བཞག་ཐོག་སེམས་རྣལ་དུ་གནས་པའི་ཏིང་ངེ་འཛིང་དང་རྣམ་དཔྱོད་ཀྱི་ཤེས་རབ་བསྒྲུབ་སྟེ་མ་རིག་པ་སྤངས་པའི་མི་གནས་པའི་མྱང་འདས་ཐོབ་པ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞེས་པ་ཡིན་ལ་མཐར་ཐུག་གི་དམིགས་ཡུལ་གཙོ་བོ་ཡང་འདི་རང་ཡིན། དེས་ན་འདུལ་ཁྲིམས་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་གྱི་སྡེའམ་ཆོས་ལུགས་སློབ་གཉེར་བའི་ཚོགས་པ་རྣམས་ཀྱི་ཟ་ལུགས་འཐུང་སྟངས་ཚུན་ཆད་ཀྱི་མི་གཞིའི་སློབ་གསོ་ཆེས་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། སྡོམ་པ་ཐམས་ཅད་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་གཞི་རྩའི་ཁྲིམས་ལུགས་གལ་ཆེན་ཞིག་ཀྱང་ཡིན། དོན་འདི་ལ་དགོངས་ནས། འདུལ་བར་བསྟོད་པ་ལས། ཇི་ལྟར་ཤ་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲས་རྣམས་སྐྱེ་བར་འགྱུར་བ་ལྟར། དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གནས་སུ་དགོངས། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། ཞེས་དང་། སོ་སོར་ཐར་བའི་མདོ་ལས་ཀྱང་། སངས་རྒྱས་འདུལ་བ་གངས་ཅན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡིན། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག ། ཅེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་བཤེས་སྤྲིངས་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུ་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང་། འཇུག་པ་ལས། རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང་། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོགས་གསུངས་པ་ལྟར་རོ། །ཡིད་ཀྱི་འཚེ་བ་སྤངས་པའི་ཐབས་སུ་གཙོ་བོ་ཐེག་པ་ཆེན་པོའི་གཞུང་ལས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་དང་། དེའི་རྒྱུ་མཚན་དུ་རྟེན་འབྲེལ་གྱི་གནས་ལུགས་གསུངས་པ་ཡིན། འདི་གཉིས་ལ་རྒྱ་ཆེ་བ་དང་ཟབ་པའི་ལམ་རིམ་ཞེས་གསུངས་ཡོད། འདི་གཉིས་ཀྱི་དོན་རྒྱས་པར་གསུངས་པ་ནི། ཕར་ཕྱིན་དང་དབུ་མ་མཛོད་སོགས་ཀྱི་གཞུང་ཆེན་ཁག་ཡིན་ཞིང་། དེ་དག་རིགས་ལམ་གྱི་སྒོ་ནས་བརྡར་ཤ་གཅོད་ལུགས་རྣམ་འགྲེལ་གྱི་གཞུང་ནས་བསྟན་པས་བཀའ་པོད་ཆེན་བོ་ལྔ་ནི་ནང་བའི་སློབ་གཉེར་བ་རྣམས་ཀྱི་བསླབ་བྱའི་གནད་ཆ་ཚང་བའི་སློབ་དེབ་དག་ཡིན། དེའི་སྟེང་དུ་གསང་སྔགས་རྒྱུད་སྡེ་གཞིའི་གཞུང་ལ་སློབ་གཉེར་དང་འབྲེལ་བའི་ཉམས་ལེན་གནད་ལ་ཁེལ་བ་རེ་གནང་དགོས་པ་ནི། སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེ་དང་མཇལ་བའི་དགོས་དོན་གཙོ་བོ་དེ་ཡིན་པས། དལ་འབྱོར་གྱི་རྟེན་བཟང་བོ་ཐོབ་ཅིང་བསྟན་པ་ལ་རབ་ཏུ་བྱུང་བ་དག་གིས་དེ་ཆུད་ཟོས་སུ་མི་གཏོང་བར་གནད་ཀྱི་དོན་པོ་ཡིན། ཟབ་རྒྱས་ཀྱི་ཆོས་འདི་གཉིས་ཉམས་སུ་ལེན་པའི་ཐེག་པ་ཆེན་པོ་བ་རྣམས་ཀྱིས་ནི་གཞན་ལ་འཚེ་བ་སྤངས་པ་མ་ཟད་གཞན་ཕན་ཁོ་ན་བྱེད་པ་ཡིན། འདི་དག་གི་གནད་རྣམས་ཕྱིན་ཅི་མ་ལོག་པར་ཤེས་པ་ལ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་བསྟེན་སྟེ། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་སྲུང་ཐོག་ཚོགས་གསོག་སྒྲིབ་སྦྱང་ལ་འབད་པ་དང་། ངེས་དོན་གྱི་གསུང་རབ་དག་ལ་གོ་རིག་ཟུང་དུ་འབྲེལ་བའི་དཔྱད་པ་རྒྱུན་མར་བྱེད་པ་སུམ་སྒྲིལ་དུ་བྱེད་པ་དགོས་པར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བླ་མ་ཙོང་ཁ་བ་ཆེན་པོ་ལ་གདམས་པའི་མན་ངག་ཁྱད་པར་ཅན་ཡིན་ནོ། །
འཇིམ་བཟོའི་སྒྱུ་རྩལ།
གཉིས་པ། མི་གཞིའི་སློབ་གསོ་དང་ཁོར་ཡུག་དང་འཕྲོད་བསྟེན་ཕྱོགས་ལ་ཕན་ནུས་ཆེན་པོ་ལྡན་པ།དམ་པའི་ཆོས་འདུལ་བ་འདིས་ནི་སངས་རྒྱས་པའི་རྗེས་འཇུག་རབ་བྱུང་རྣམས་ལ་གཙོ་བོར་དམིགས་ཏེ། ཟ་ལུགས་གྱོན་སྟངས་གཏམ་སྨྲ་ལུགས་སྤྱོད་ལམ་ཁུར་སྟངས་སོགས་ཀྱིས་མཚོན་པའི་མི་གཞིའི་སློབ་གསོ་ཆ་ཚང་ཞིག་གསུངས་ཡོད་ལ། མ་ཚད་སངས་རྒྱས་ཆོས་ལུགས་པའི་རབ་བྱུང་རྣམས་ཀྱིས་ས་བསྐོ་བ་བཀག་པ་དང་། ཤིང་གཅོད་པ་བཀག་པ་དང་། རྩྭ་གཅོད་པ་དང་དོན་མེད་དང་དོན་མིན་དུ་ཆུ་ལ་རྩེ་བ་སོགས་བཀག་གནང་བ་དང་ལྷག་པར་དུ་དུད་འགྲོ་སོགས་སྲོག་ཆགས་གསོད་པ་དང་། བརྡེག་པ་དང་། ཁལ་འགེལ་བ་སོགས་ཀྱང་བཀག་པས་ཁོར་ཡུག་སྲུང་སྐྱོབ་དང་། སྲོག་ཆགས་སྲུང་སྐྱོབ་སོགས་ཀྱང་འདི་ལས་ལྷག་པ་ཞིག་མེད་པ་ལྟ་བུ་ཡིན། དེང་སང་མཁས་བླུན་མང་པོ་ཞིག་གི་ནང་ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ་ཀྱི་སྐད་ཆའི་ཚ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར་དམ་པའི་ཆོས་འདུལ་བའི་བཅའ་ཁྲིམས་འདི་ནི་ཆེས་དགོས་མཁོའི་རང་བཞིན་ཞིག་ཡིན་ལ། སྔོན་ཆད་བོད་དུ་རི་རྒྱ་ཀླུང་རྒྱ་སྡོམ་པ་སོགས་ཀྱང་འདུལ་ཁྲིམས་འདི་ལ་གཞིར་བྱས་པའི་ཁྲིམས་ལུགས་ཡར་ཐོན་ཅན་ཞིག་ཡིན། འདུལ་ཁྲིམས་ཀྱི་སྡོམ་པ་འདི་ལ་གནས་པ་རྣམས་ནི་ཁྲིམས་ལུགས་གཞན་གྱིས་བསྡོམས་པ་དང་གཏན་ནས་མི་འདྲ། དཔེར་ན། ཁྲིམས་ལུགས་གཞན་གྱིས་ཇི་ལྟར་བསྡོམས་ཀྱང་ཉེན་རྟོག་པ་དང་སྐོར་བྱ་བས་མ་མཐོང་ཚེ་གོ་སྐབས་དམ་འཛིན་གྱིས་མངོན་ལྐོག་རྒྱབ་མདུན་གྱི་བྱ་སྤྱོད་ཡོང་ངེས་ཡིན། དཔེར་ན། ལོ་ཤས་སྔོན་དུ་ཆེས་ཡར་ཐོན་དང་ཁྲིམས་མཐུན་ཅན་དུ་བརྩི་བའི་སྟོབས་ཆེན་ཨ་རིའི་རྒྱལ་ས་ནེའུ་ཡོག་ཏུ་ཆུ་ཚོད་གཅིག་རིང་གློག་ཆད་པའི་སྐབས་སུ་ཚོང་ཁང་དང་། གློག་སྐས་ནང་དང་། ས་འོག་གི་མ་འཁོར་ནང་དང་། ཁང་ཆེན་སོ་སོའི་ནང་དུ་ཅ་ལག་རྐུ་འཕྲོག་བཅོམ་གསུམ་དང་བཙན་གཡེམ་བྱས་པའི་གནས་ཚུལ་ཅི་བྱུང་འཛམ་གླིང་ཡོངས་ལ་གསལ་བ་ལྟར་རེད། འཛམ་གླིང་གི་ས་གནས་གཞན་གང་དུ་ཡང་དེ་མཚུངས་རེད། འོན་ཀྱང་སྡོམ་པ་རྣམ་པར་དག་པའི་དགེ་སློང་རྣམས་ཀྱིས་བསླབ་ཁྲིམས་བསྲུང་རྒྱུ་ལ་ཉེན་རྟོག་པ་དང་སྐོར་བྱ་ཡོད་མེད་ལ་མ་ལྟོས་པར་ངོ་རྒོལ་གཏན་ནས་མེད་པར་སྲུང་ངེས་ཡིན། འདི་ཡང་དམ་པའི་ཆོས་ཁྲིམས་ཀྱི་གཟི་བརྗིད་རེད་ལ། འདི་ལྟ་བུའི་ཆོས་འདུལ་བའི་དགོས་མཁོ་དང་འབྲེལ་བའི་བཤད་རྒྱུ་ཧ་ཅང་མང་ཡང་འདི་དག་མཚོན་ཙམ་ཡིན། དེ་ལ་དགོན་པ་སོ་སོའི་ངོས་ནས་འདུལ་ཁྲིམས་ལ་སློབ་སྦྱོང་དང་བརྩི་སྲུང་། བསྲུང་བྱ་ལ་ནན་ཏན་བྱེད་དགོས་པ་ནི་དུས་རབས་འདི་ལ་བསྟན་པ་དང་བསྟན་འཛིན་རྒྱུན་གནས་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཡོད། འོན་ཀྱང་དགོན་པ་མང་ཤོས་ཤིག་ལ་འདུལ་བའི་སློབ་གཉེར་ཆ་ཚང་མེད་པ་དང་། ལག་ལེན་ཞན་པ། སྒྲིག་ལམ་འཐུས་སྒོ་ཚང་མེད་པ་བཅས་ཀྱིས་ང་ཚོ་གྲྭ་པའི་སྤྱི་ཚོགས་ནང་དུ་ཞབས་འདྲེན་ཞུ་མཁན་ཇེ་མང་ལ་འགྲོ་བཞིན་པ་འདི་ཆོས་ལུགས་ལ་མི་དགའ་བའི་ཚོགས་སྡེ་དང་སྒེར་སོ་སོ་ཆོས་ལུགས་ལ་སྡིག་སྨོད་བྱེད་པའི་ལག་ཆ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ཡོད། ནང་བསྟན་ཆོས་ལུགས་འཛིན་པའིི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འདིའི་ཕྱོགས་ལ་ཐུགས་ལྷོད་ཤོར་མི་རུང་། དེང་སྐབས་འགའ་ཞིག་གིས་ནང་བསྟན་ཆོས་ལུགས་ཀྱི་སྙིང་པོ་ལྟ་བ་རྟེན་འབྲེལ་དང་། སྤྱོད་པ་འཚེ་བ་མི་བྱེད་པ་གཉིས་ལ་རྒྱུ་མཚན་མེད་ཟེར་བ་རེད། དུག་རེག་ཟེར་བ་སོགས་ལ་ངག་འཁྱལ་གཏམ་དུ་བྱས་པ་མང་པོ་ཞིག་བྱུང་མོད། དོན་གནས་ཀྱི་དགག་པ་རྒྱག་ཐུབ་མཁན་ད་སྔོན་བྱུང་མེད་ལ། ད་དུང་ཡང་ཡོང་མི་སྲིད། བོད་ཀྱི་རིག་གནས་མཁས་པའི་མིང་ཁུར་བ་དོན་ལ་དཔལ་འབྱོར་གྱིས་ཕོངས་ཤིང་གཞན་ལ་ཕྲག་དོག་གིས་ཡིད་གདུང་བ་རང་གིས་མ་ཤེས་པའི་གནས་རྣམས་ལ་ཤིན་ཏུ་སྡང་བ། མཁས་མི་མཁས་ཡང་རང་གིས་ཤེས་པ་དེ་ཤེས་ཁོ་ནས་འཇོག་མཁན། ལྟ་རྒྱ་མཐོང་རྒྱ་ཤིན་ཏུ་ཆུང་བའི་ཅོལ་ཆུང་བསམ་མེད་འགའ་ཞིག་ནི་རང་ཉིད་ཀྱི་འཚོ་བའི་གནས་སྟངས་ཐག་གཅོད་ཡག་པོ་ཞིག་བྱེད་མ་ཐུབ་པར་ད་དུང་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པས་འགྲིག་མེད་རབས་དང་། རྗེ་བཙུན་མི་ལ་རས་པས་འཇོན་མེད་རབས། རྗེ་བཙུན་བློ་བཟང་གྲགས་པས་མཁྱེན་མེད་རབས་སོགས་དོན་མེད་རྙོག་གཏམ་གྱི་དཔེ་དེབ་མང་པོ་ཞིག་བཟོ་བཞིན་འདུག་པ་རྣམས་མ་ཤེས་ནའང་། བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གཞུང་གཉིས་ཐད་ལ་ཕྱི་དགྲ་གནམ་ལྕགས་ཀྱི་སེར་རྒོད་ལས། ནང་དགྲ་ཁང་རྒན་གྱི་ཐིགས་པ་འདིས་གནོད་ཚབས་ཆེ་བར་འདུག རང་རང་གི་བསམ་ཚུལ་ལྟ་གྲུབ་ཅིག་ཁུར་ནས་དེ་ཡིན་ན་ཡིན་དགོས་པ་དང་། མིན་ན་ཡིན་དགོས་པའི་དེང་རབས་ཀྱི་ཨུ་ཚུགས་པའམ་ཡང་ན་སྔོན་ཆད་ཀྱི་ཀླད་རྙིང་བ་རྣམས་ལས་ཀྱང་ཆེས་མི་དྲང་བ་ཞིག་དང་ཀླད་མཁྲེགས་པ་ཞིག་རེད། དེ་ཡང་སྔོན་ཆད་ཀྱི་མཁས་པ་དང་རྩོམ་པ་པོ་རྣམས་ཕལ་ཆེ་བ་གཞུང་དྲང་ཞིང་རྒྱུད་འཇམ་པ་སོགས་ཀྱི་ཁྱད་ཆོས་ཡོད་ལ། ལྟ་གྲུབ་དང་དད་པ་དམ་ཚིག་གི་རང་ཚུགས་ཤིན་ཏུ་བརྟན། དེང་སྐབས་ཕལ་ཆེ་བ་ཁ་ཁོག་མི་མཚུངས་པ་དང་། རང་ཉིད་ཀྱི་བཤད་པ་ཁོ་ན་བདེན་པ་ཡིན་ལུགས་དང་། དེ་ལས་གཞན་གྱི་བསམ་ཚུལ་ཡོད་མི་ཆོག་པ། གལ་སྲིད་བྱུང་ན་རྗེས་ལུས་ཡིན་པ་དང་ཤེས་ཚད་མེད་པ་སོགས་ཀྱི་དམོད་པ་ཤ་ཐང་ཐང་དུ་བྱེད་ཅིང་། དྲ་ཐོག་དང་ངག་ཐོག་ཀུན་ནས་སྐྱོན་བརྗོད་བར་མེད་དུ་སྒྲོག་པར་བྱེད་པ་ཡང་གུ་དོགས་ཀྱི་ལམ་དུ་ཞུགས་པ་ཞིག་དང་། ཨུ་ཚུགས་ཀྱི་རང་བཞིན་ཞིག་ཅི་ལ་མིན། དེ་ལས་སྡུག་པ་ཞིག་ནི་ལྟ་གྲུབ་དང་མི་གཞི་བརྟན་པོ་མིན་པས་དེ་རིང་བཤད་པ་སང་ཉིན་མི་གནས་ཤིང་དཔལ་འབྱོར་དང་ཐོབ་ཐང་གི་ཁེ་ཕན་ཞིག་ལ་ཐུག་ཚེ་རང་གི་ལྟ་གྲུབ་ལྷོད་ཐུབ་ལ། རྒྱུད་ཀྱི་སྡོམ་པ་འདོར་ཐུབ་ཅིང་། ཡོད་ཚད་ཟློག་ཏེ་སྨྲ་ན་གསར་གཏོད་ཀླད་གསར་ལ་བརྩི་ཞིང་། འགའ་ཞིག་བསམ་བློ་གུ་ཡངས་ཡིན་ཚུལ་གྱི་ལྟ་གྲུབ་ཐམས་ཅད་བློ་ལ་ཤོང་མདོག་གིས་རང་ཉིད་ལ་འདི་ཡིན་དེ་མིན་གྱི་ཁས་ལེན་དང་རང་ལུགས་ཅི་ཡང་མེད་པར་ངུ་བའི་ངོ་ལ་ལྟ་དུས་ངུ་ཡོང་བ་དང་། དགོད་པའི་ངོ་ལ་ལྟ་དུས་དགོད་ཡོང་བ་ལྟ་བུ་ཆགས་པ་དག་ནི་ཤེས་རབ་འཆལ་སོང་བ་ཡིན། ལྷག་པར་སྐྱ་བོའི་ལས་ཀ་བུ་བརྒྱུད་སྐྱེད་སྲིང་དང་ཁྱིམ་ཚང་བདག་སྐྱོང་། གྲྭ་བའི་ལས་ཀ་སྡོམ་སྲུང་སློབ་གཉེར་གྱི་བྱ་བ་སོགས་སྤྱི་ཚོགས་དང་མི་རིགས་ལ་ཕན་པའི་བྱ་གཞག་འདི་བཟོས་བྱ་བ་སྣེ་གཅིག་ཀྱང་མེད་པར་དཔོན་པོས་མ་ཐོན་རབས་དང་། སྤྲུལ་སྐུས་ཕུང་རབས། དགེ་འདུན་ལ་མེད་རབས། ཕྱག་མཛོད་ཀྱིས་བརྐུས་རབས་སོགས་ལས་ཀྱི་སྣེ་ལ་གཏོགས་པ་མགོ་ནས་མཇུག་བར་སྐྱོན་ཚོལ་དང་སྐྱོན་བརྗོད་ཁོ་ནར་བྱེད་པ་འདི་ལ་དགེ་ཕན་ཤིན་ཏུ་ཆུང་ཞིང་། མཐུན་ལམ་གཏོར་གཤིག་དང་ནང་འཁྲུག་འཁྲུགས་རྩོད་ཀྱི་གཞི་ཞིག་ལས་གཞན་ཅི་ཡང་མིན། ཁྱེད་རྣམས་ལ་མི་རིགས་དང་རིག་གཞུང་ལ་བཅངས་པའི་གཞུང་དྲང་གི་སེམས་ཚོར་ཞིག་ཡོད་ན། རང་གི་ལྟ་ཚུལ་དང་བསམ་ཚུལ་ཞིག་བཟུང་ནས་འདི་མེད་ན་ཡར་རྒྱས་མེད་རབས་དང་། དྲང་པོ་མིན་རབས་སོགས་ཁ་སྟོང་ནང་གི་ཚིག་སྟོང་ཞིག་གིས་གཞན་ལུགས་དགག་པ་ཁོ་ན་བཤད་དེ་མི་འདུག་པར་རང་རང་གི་ནུས་ཚོད་འཇོན་ཚད་ལྟར་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཞིང་། རྟོགས་པ་ལྷ་དང་མཉམ་ཡང་སྤྱོད་པ་མི་དང་མཐུན་པའི་ཁ་བཤད་དོན་གནས་ཀྱི་ལག་ལེན་རེ་གནང་ཐུབ་པའི་རེ་བསྐུལ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།
དགེ་བསྐོས།
གསུམ་པ། ཏིང་ངེ་འཛིན་དང་རྣལ་འབྱོར་གྱི་ཤེས་རབ་ཁྱད་པར་ཅན་གྱི་གཞི་རྩ་འདུལ་ཁྲིམས་ལ་རག་ལས་པ།དེས་ན། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཉིས་ཀྱི་གཞི་རྟེན་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདི་ཉིད་ཡིན་པར་མདོ་རྒྱུད་མང་པོར་གསུངས་པ་ལྟར་དོན་ལ་གནས་པར་ལུང་རིགས་མང་པོས་བསྒྲུབ་པར་བྱས་ཡོད་པས་ཆོས་ཉམས་ལེན་གཤའ་མ་ཞིག་བྱེད་ན་གཞི་རྩ་མི་དགེ་བཅུ་སྤོང་གི་ཆོས་ཁྲིམས་ནས་མགོ་འཛུགས་དགོས་སོ། །
སྤྲོ་བའི་འཛུམ་མདངས།
རྩོམ་པ་པོའ་ིངོ་སྤྲོད་ཉུང་བསྡུས།
ལྷ་རམས་པ་འཇམ་དཔལ་བློ་ཤེས་མཆོག་ནི། རྫ་ཆུ་ཁའི་འདན་མའི་ཡུལ་གྱི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་ཁད་ཉེ་བའི་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་སྤྱི་ལོ་1968ལོར་སྐུ་འཁྲུངས། ལོ་ཉི་ཤུའི་རིང་མཁས་གྲུབ་བྱེ་བའི་བསྟི་གནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ངེས་དོན་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་གཞུང་ལུགས་སྨྲ་བའི་དབང་ཕྱུག་ལྷ་རམས་པའི་ཨང་དང་པོའིི་མཚན་གནས་བཞེས། ད་ལྟ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོའི་ཕྱག་ལས་གནང་བཞིན་ཡོད།
ཆོས་འཆད་ཉན་བྱེད་བཞིན་པ།