ང་ཚོས་མྱུར་དུ།
ལོ་རྙིང་གི་གྲིབ་གཟུགས་ནུབ་རི་ལ་ཡིབ་ཅིང་།
ལོ་སར་གྱི་སྣང་འོད་དབང་ཕྱོགས་ནས་ལྡིང་ལ་ཉེ་བས།
མཆོད་ཆང་བསིལ་མའི་བསུ་སྐྱེམས་བཏེགས་ཏེ།
ཁ་གཡང་གི་འབོད་སྒྲ་གདངས་སུ་གྱེར།
བདེ་སྐྱིད་ཀྱི་དྲོད་རླབས་གཞིས་ཀར་བསུ།
ཛང་ཚོས་ལྷན་དུ།
འཚེ་མེད་ཞི་བདེའི་ལོ་སར་སླེབས་ལ་ཉེ་ཁར།
ས་འཛིན་དང་གངས་དཀར་གྱི་སྤོ་ལ་འཛེགས་ཏེ།
སྐྱབས་འཇུག་དང་ཀི་བསྭོ་ཆེན་མོས་ཁོར་ཡུག་དཀྲོགས།
ལྷ་བསང་དང་རླུང་རྟ་སྟོང་གིས་བར་སྣང་འགེངས།
འཛད་མེད་ཀྱི་འདོད་དགུའི་དངོས་གྲུབ་ཆར་བཞིན་འཇོ།
ང་ཚོས་མགྱོགས་པོར།
འཛུམ་མདངས་ཀྱིས་སྒང་གཞུང་ལ་གཡོགས་པའི་ལོ་སར་མགྲོན་དུ་བསུ།
གླུ་གར་གྱིས་ཁྲོམ་གཞུང་ལ་མཛེས་པའི་ལོ་སར་གཉེན་དུ་འབོད།
དགོད་སྒྲ་ཡིས་ས་གསུམ་ལ་ཁྱབ་པའི་ལོ་སར་གྲོགས་སུ་སྒྲོན།
འཆམ་མཐུན་གྱི་འོད་སྟོང་འཕྲོས་པའི་ལོ་སར་ཚོམས་སུ་བསྐྲུན།
ང་ཚོས་སྤྲོ་པོས།
ལྷན་འཛོམས་དགའ་སྐྱིད་ཀྱི་སྙན་འགྱུར་བསུ།
བདེ་ལེགས་འབུམ་གཏེར་གྱི་ཕྱྭ་གཡང་འགུག
བཀྲ་ཤིས་རྟགས་བརྒྱད་ཀྱི་ལྷ་དར་འཕྱར།
རྒྱལ་སྲིད་སྣ་བདུན་གྱི་མཆོད་ཕྲེང་ཕུལ།
ཚེ་རིང་རྣམ་དྲུག་གི་རྟེན་འབྲེལ་བསྒྲིགས། །