ཆ་འཕྲིན་གྱི་དུས་རབས་འདིར་རྒྱལ་ཕྱི་ནང་ཕྱོགས་གང་ས་ནས་བསྟན་དང་བསྟན་པའི་ཆེད་དུ་མཁས་དབང་བླ་སྤྲུལ་རྣམ་པས་སོ་སོའི་རྒྱལ་བསྟན་རིན་པོ་ཆེའི་གཞུང་ལུགས་དང་འབྲེལ་བའི་བགྲོ་གླེང་དང་གསུང་བཤད་ལྷུག་པོར་གནང་བཞིན་ཡོད་ལ། གནང་བཞིན་པ་དེའང་སྔོན་མའི་དུས་རབས་དང་མ་འདྲ་བར་སྐར་ཆ་རེ་འགའི་ནང་དུ་ཤར་ལྷོ་ནུབ་བྱང་དུ་ཁྱབ་བཞིན་པ་ནི་ཆེས་ངོ་མཚར་ཆེ་བ་ཞིག་རེད།
ཉེ་བའི་ཆར་བོན་གྱི་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་(ནང་པའི་སྐོར་གྱི་དྲིས་ལན་དོན་བསྡུས་ཕྱོགས་སྟོན་འཁོར་ལོ་)ཞེས་པ་ཞིག་ཧི་བོན་དྲ་བའི་ནང་ནས་མཇལ་སོང་། དེ་དང་ཆབས་ཅིག་སོ་སོའི་སེམས་ཁོངས་ནས་ཁོང་གི་རྩོམ་བྲིས་དེ་ཉིད་གུས་པས་ཉེ་འཆར་གཉེར་བཞིན་པའི་(བོན་གྱི་དྲིས་ལན་དྲ་མཛོད)ཀྱི་ཆེད་དུ་གལ་ཆེའི་ཕན་ནུས་ལྡན་པའི་གསུང་རྩོམ་ཞིག་ཡིན་པར་སྙམ་ནས་འགོ་ནས་མཇུག་པར་རོབ་ཀློག་ཙམ་ཞིག་བྱས་པ་ཡིན། འོན་ཀྱང་མཐོང་རྒྱ་དང་ཐོས་རྒྱ་དབེན་པའི་ཁོ་བོའི་སེམས་སུ་ཆེས་མགོ་འཐོམས་པའི་དྲི་བ་འགའ་ཞིག་སླེབས་བྱུང་། དེ་རྗེས་རིམ་པར་(གཤེན་བསྟན་གླེང་ས་)དང་(དགེ་བཤེས་གླིང་)ཞེས་པའི་གཡུང་དྲུང་བོན་དང་འབྲེལ་བའི་ཤེས་ལྡན་གླིང་དང་མཁས་དབང་བླ་སྤྲུལ་གྱི་གླེང་སྟེགས་སོགས་སུ་ཁོང་གི་རྩོམ་ཡིག་དེར་བགྲོ་གླེང་དང་བཀའ་འདྲི་ཞུས་དང་ཞུ་བཞིན་པར་མ་ཚད། ལྷག་པར་དགེ་བཤེས་གླིང་དུ་རྩོམ་པ་པོ་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་དངོས་སུ་གདན་དྲངས་ནས་བཀའ་འདྲི་ཞུས་པའི་མཐར། ཁོང་གིས་སྤྱིར་བཏང་མཁས་པའི་གསུང་བཤད་ཅིག་གིས་སྣེ་དྲངས་ནས་ཁོང་གི་གསུང་རྩོམ་དེའི་སྐོར་གསལ་བཤད་ཅིག་གནང་སོང་ཡང་། ཁོང་གི་གསལ་བཤད་དེ་སྐབས་བབ་ཀྱི་རྩོམ་ཡིག་ལས་སླར་ཡང་ཅུང་ལོགས་སུ་བརྒལ་བ་ལྟ་བུ་ཞིག་ཏུ་མཐོང་བས་ལྷག་པར་གུས་པའི་རྨོངས་སེམས་སྟུག་ཏུ་སོང་།
དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ཀྱིས་དགེ་བཤེས་གླིང་དུ་ཁོང་གི་གསུང་རྩོམ་དེ་འབྲི་དགོས་པའི་ཀུན་སློང་ནི། 7སྨན་རིའི་ཡོངས་འཛིན་བགྲེས་པ་སློབ་དཔོན་སངས་རྒྱས་བསྟན་འཛིན་མཆོག་གཟུགས་སྐུའི་བཀོད་པ་བོན་དབྱིངས་སུ་བསྡུས་ཁར་ཞལ་ཆེམས་ཚུལ་དུ། མ་འོངས་པར་བོན་པོ་རྣམས་མཐོང་ཆུང་བརྙས་བཅོས་ཁུར་མ་དགོས་པ་ཞིག་བྱ་དགོས་པའི་བཀའ་སློབ་དེར་སྙིང་ལ་བསྐྱངས་ནས་བྲིས་པར་གསུངས། དེ་བཞིན་ཁོང་ཉིད་ཉམས་ཆུང་ཚད་ལྡན་དང་དྲང་མོར་ཕེབས་པའི་རྒྱུ་མཚན་གྱིས་ད་ལྟའི་ཆར་རམ་ལོ་རྒྱུས་ཐོག་བོན་པོའི་དགེ་བཤེས་ཞིག་བྱང་ཞུ་གཤིན་པོའི་སྔས་འགོར་ཕེབས་ཆོག་པའི་རི་བོ་དགེ་ལྡན་པའི་བླ་མའི་མཚན་གནས་ཡོད་པ་ཞིག་ཡིན་སྐོར་གྱི་བཀའ་སློབ་ཀྱང་རྒྱས་པོ་གསུངས་སོང་།
ད་གང་ལྟར་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་དགེ་བཤེས་གླིང་དུ་སྐར་ཆ་འགའ་ཞིག་ལས་མ་བཞུགས་རྩང་གུས་པའི་དོགས་འདྲི་འདི་དག་དགེ་བཤེས་གླིང་སོགས་སུ་སེལ་བའི་གོ་སྐབས་མ་མཆིས་པས་གུས་པས་དྲ་ཐོག་འདི་ནས་ཁྱེད་ལ་དོགས་འདྲི་འགའ་ཞིག་མི་ཞུ་ཐབས་མེད་བྱུང་བས་སྐུ་ཉིད་ནས་བཀའ་ལན་ཐུང་ངུ་རེ་གནང་རྒྱུའི་རེ་བ་ཆེ།
ཁྱེད་ཀྱི་གསུང་རྩོམ་ལས། གནའ་བོའི་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་ནང་པ་ཞེས་པའི་ཚིག་ཡོད་པར་སྣང་ཡང་དེ་ཡོངས་ཁྱབ་ཏུ་བེད་སྤྱོད་བཏང་ཡོད་མེད་དཔྱད་བྱར་སྙམ་ཞིང༌། ཞེས་པར། བོན་རང་ལུགས་སུ་ཐེག་པ་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ལས། ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ། ཞེས་པ་དེ་ཉིད་ཁྱེད་ཀྱིས་སྟོན་པའི་བཀའ་ཡིན་པ་དང་། དེ་ཉིད་དུས་རབས་བརྒྱད་པའི་གོང་ནས་བོད་དུ་ཡོད་པར་འདོད་ཀྱིན་ཨེ་ཡོད། ཡོད་ན། བཀའ་ལུང་དེ་དག་བོན་རང་ལུགས་སུ་ཡོངས་ཁྱབ་ཡིན་བཞིན་དུ་ཡོངས་ཁྱབ་བེད་སྤྱོད་བཏང་ཡོད་མེད་ཅེས་ཐེ་ཚོམ་ངང་ཇི་ལྟར་འགྲེལ། ཡོངས་ཁྱབ་ཅེས་པ་ནི་ངེས་པར་དུ་བན་དྷེས་ཁས་ལེན་དགོས་པ་ཡིན་ནམ།
ཡང་སྐུ་ཉིད་ནས། བོན་པོ་ནང་པ་ཡིན་མིན་དེ་ཆོས་ཕྱོགས་གཅིག་པུའི་ཐོག་ནས་ཤོད་མི་བདེ་ལ། དེ་བཞིན་བོན་ཕྱོགས་གཅིག་པུའི་ཐོག་ནས་དཔྱིས་ཕྱིན་པའི་གསལ་བཤད་བྱ་མི་ཐུབ་པ་ཡིན། ཞེས་པར། ངས་བསམ་ན་བོན་ཕྱོགས་གཅིག་པུའི་ཐོག་ནས་གསལ་བཤད་བྱ་ཐུབ་སྟེ། དཔེར་ན་ཁྱེད་ཀྱིས་གོང་བཤད་ནང་པ་ཡིན་མིན་འཇོག་བྱེད་ཀྱི་རྒྱ་གར་བའི་ལུགས་ཀྱི་ལུང་རིག ནང་སེམས་ཀྱི་ཉམས་ལེན་གཙོ་བོར་ཆོས་འདོད་པ་ལ་ནང་པར་འཇོག་པ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པ་འདོད་མཁན་ལ་ནང་པ་དང་དེ་མི་འདོད་པ་ལ་ཕྱི་པ་ཟེར་ནས་འཇོག་པ་དང༌། ཡང་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་ཐོག་ནས་འཇོག་པ་དང༌། སོགས་ནི་བོན་གཞུང་ནང་འདུག་ལ། དེ་བཞིན་ཡང་། བསྟན་པ་ཕྱི་དར་གྱི་སྐབས་སུ་ཇོ་བོ་རྗེ་དང་ཤན་ཏི་པས་སྐྱབས་འགྲོའི་སྒོ་ནས་ཕྱི་ནང་ཁྱད་པར་འབྱེད་པ་དེ་གཙོ་བོར་གསུངས་པས་བོད་དུ་དེ་ལྟར་ཁས་ལེན་ཁྱབ་ཆེ་བར་བྱུང༌། གསུངས་པ་རྣམས་ཀྱང་རང་རེ་བོན་ལུགས་ཁོ་ནའི་བཀའ་དང་བཀའ་བརྟེན་དེ་དག་ཏུ་མཐོང་མྱོང་མངོན་སུམ་དུ་གྲུབ་པས་ན་ད་དུང་བོན་ཕྱོགས་གཅིག་པུའི་ཐོག་ནས་དཔྱིས་ཕྱིན་པའི་གསལ་བཤད་བྱ་མི་ཐུབ་པའི་རྒྱུ་མཚན་ཅི།
ཡང་སྐུ་ཉིད་ནས། ʼʼ དེ་དག་ངག་ནས་གྱེར་མཁན་ལ་བོན་པོ་ཟེར་བ་ཡིན་པས་དོན་གྱི་དབང་དུ་བྱས་ན་བོན་ལ་སྨ་ཕབ་པ་ཙམ་གྱིས་གཤེན་རབ་ཀྱི་རྗེས་འབྲངས་པ་རྣམས་ཚིག་པ་ཟ་དགོས་དོན་མེད་མོད། ཅེས་པར། ཁྱེད་ཀྱིས་གསུངས་པ་ལྟར་མཁས་དབང་ཁྱེད་དང་ཁྱེད་ལྟ་བུ་བོན་དང་གཡུང་དྲུང་བོན་གྱི་རྣམ་བཞག་སོ་སོར་མཁྱེན་མཁན་རྣམས་ལ་ཚིག་པ་ཟ་དགོས་དོན་མེད་ཀྱང་། བོན་པོའི་སྤྱི་ཚོགས་ཁྲོད་བརྒྱ་ཆ་དགུ་བཅུ་གོ་ལྔ་ཙམ་གྱི་རྣ་བར་བོན་ལ་དམའ་ཕབས་ན་གཤེན་རབ་ཀྱི་རྗེས་འབྲངས་ལ་དམའ་འབེབ་བཞིན་པའི་ཚོར་སྣང་དེ་ཡོང་གིན་ཡོད་པ་ནི། རྭ་རྩེར་རྡོ་བཞུས་ན་མགོ་རུས་ལ་ཟུག་རྒྱག་གིན་ཡོད་པ་དེ་ཁྱེད་ཀྱིས་ལོས་མཁྱེན།
ཡང་སྐུ་ཉིད་ནས། གཤེན་རབ་རྗེས་འབྲངས་ཀྱི་བོན་གྱི་སྡེ་ཚན་དུ་ཡོད་ཅིང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རྒྱུ་ཡི་ཐེག་པ་ཕྱ་སྣང་འཕྲུལ་སྲིད་བཞི་ནི་འཇིག་རྟེན་བདེ་ཐབས་གཙོ་བོར་སྟོན་པ་ལས་ཐར་པ་སྟོན་པའི་གཞུང་མ་ཡིན་པ་མ་ཟད། ཅེས་པར། འདིར་ཡོངས་གྲགས་རྒྱུ་ཐེག་བཞི་ཡི་སྐོར་གྱི་གཞུང་དེ་དག་ལ་བརྟེན་ནས་ཐར་པ་འཐོབ་མི་སྲིད་ན། འོ་ན། རང་ལུགས་སུ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་ཕྱྭ་གཤེན་ཐེག་པ་འཆད་སྐབས། འཇུག་སྒོའི་སྤྱོད་པ་གཏོ་སྤྱད་ཀྱིས་མོས་པ་སྟེ། སྦྱོར་ལམ་དང་པོ་དྲོད་ཐོབ་ཅིང་དེར་དགེ་བ་དང་དུ་བླངས་པས་ས་ལམ་རིམ་གྱིས་ཐོབ་པར་འདོད། ཅེས་དང་།
གཉིས་པ་སྣང་གཤེན་སྐབས་སུ། མཉམ་རྗེས་ཀྱི་གླུད་བཏང་ནས་བླ་འགུགས་ཤིང་ཕྱྭ་གཡང་སྐྱབས་པས་མོས་སྤྱོད་དེ་གཉིས་པ་རྩེ་མོ་ཐོབ་པ་དང་། སེམས་ལ་སྐྱེ་ཤི་མེད་ཀྱང་ལྷ་འདྲེའི་རྟོག་པས་སྣང་བ་དེ་གར་གསས་ཀྱི་ཐུགས་རྗེས་སྐྱེ་ཤི་ལ་ཁ་ལོ་བསྒྱུར་ནས། གྱེར་སྒོ་བཞི། སྐད་གཅོང་དགུ་ལས་སོགས་ཀྱི་དགེ་ཚོགས་ཀྱིས་ས་ལམ་བགྲོད། ཅེས་དང་།
གསུམ་པ་འཕྲུལ་གཤེན་སྐབས་སུ། དེ་ཡང་རྫུ་འཕྲུལ་བཅུ་གསུམ་ལ་བརྟེན་ནས། སྣ་ལ་ཚེ་དང་། དེ་ནས་ནོར་དང་། དེ་ནས་མཐུ་དང་། དེ་ནས་སེམས་ཀྱི་འབྲས་བུ་སྟེ་བྱང་ཆུབ་བསྒྲུབ་པ་ནི་གསུམ་པ་བཟོད་པ་ཐོབ་པ་སྟེ། སྟག་ལྷ་མེ་འབར་གྱི་བཞེད་ཡིན་པར་གབ་པ་ལས་གསུངས། ཞེས་དང་།
བཞི་པ་སྲིད་གཤེན་འཆད་སྐབས་སུ། འདུར་གསས་རྨ་བོའི་ཐུགས་རྗེས་ན་རག་ནས་དྲངས་ནས་བར་ས་བདེ་བའི་འབྲས་བུ་མོས་སྤྱོད་དེ་བཞི་པ་བོན་མཆོག་ཐོབ་པ་དང་། དེ་ཡང་ཚུལ་ནི། གཤེན་པོའི་ཐབས་དང་འདུར་གསས་ཀྱི་ཐུགས་རྗེ་ཡིས་འགྲོ་བ་དྲུག་གི་ས་བོན་ཏེ། དུ། པྲི། སུ། རྣི། ༼ཨ། ཐ།༽ཨཱོྃ། ཨ་མ་བསྟེན་ནས་རིམ་པ་བཞིན་དུ་འགྲོ་བ་རིགས་དྲུག་གི་བག་ཆགས་སྦྱོང་བ་དང་། ཞེས་སོགས་ཀྱི་གཞུང་ཚིག་རྣམས་ལ་བརྟག་ན་རྒྱུ་ཡི་ཐེག་པ་དེ་དག་གི་བསྟན་བྱ་གཙོ་བོ་ནི་སེམས་ཅན་རྣམས་ཐར་པར་སྟོན་པའི་གཞུང་ཁོ་ན་རེད་ཅེས་སྨྲ་ཆོག་ས་མི་འདུག་གམ། མ་གཞི་བོན་ལུགས་ཀྱི་ཕྱྭ་སྣང་འཕྲུལ་སྲིད་སོགས་ཀྱི་གཞུང་དེ་ཉིད་ཐར་པ་སྟོན་བྱེད་ཀྱི་གཞུང་ཡིན་མིན་དང་། དེ་དག་སྐྱེས་བུ་ཆུང་ངུའི་ཉམས་ལེན་ལས་དམན་པར་གྱུར་སོང་བའི་སྒྲུབ་བྱེད་རྣམས་གཞན་སྡེའི་བླ་མ་དཔེར་ན། ཇོ་ནང་ཏཱ་ར་ནཱ་ཐ་དང་། འབྲི་གུང་དགོངས་གཅིག ཐུའུ་བཀྭན་སོགས་ཀྱི་གསུང་རྩོམ་ཁག་བཞག་ན་འགྲིག་གམ།
ཡང་སྐུ་ཉིད་ནས། བོད་དུ་ད་ལྟ་སྤྱོད་བཞིན་པའི་རྩ་བའི་བོན་ལུགས་ནི་སྟོན་པ་གཤེན་རབ་ཀྱི་ལུགས་ཡིན་པར་གྲགས་ཤིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་ཀྱང་ཡིན། ཞེས་པར། ཁྱེད་ཀྱིས་སྟོན་པ་གཤེན་རབ་ཀྱི་ལུགས་ཀྱང་ཡིན་པར་གྲགས་ཞེས། ངས་གོ་ཚོད་བྱས་ན་མཁས་པ་རྣམས་ཀྱིས་ཚིག་དེར་ངོས་ལེན་རྩ་བ་གཉིས་ནས་མེད་ཀྱང་གཞན་བསྟུན་དབང་གིས་ཚིག་དེ་འཆད་དགོས་ཚེ། ཟེར། ལོ། གྲགས། ཞེས་བེད་སྤྱོད་ཚུལ་ཞིག་ཡོད་པ་གོས་ཐོས་བྱུང་བས། དེས་ན་སྐུ་ཉིད་ཀྱིས་ད་ལྟའི་བོད་གངས་ཅན་ཞིང་དུ་སྤྱོད་བཞིན་པའི་བོན་ལུགས་འདི་སྟོན་གཤེན་རབ་ཀྱི་ལུགས་ཡིན་པར་གཞན་བསྟུན་ཙམ་ལས་དོན་ངོ་མར་མི་འདོད་པ་ཡིན་ནམ། ད་དུང་སྐུ་ཉིད་ནས་ད་ལྟ་སྤྱོད་བཞིན་པའི་བོན་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་ཡིན་པའི་སྒྲུབ་བྱེད་དུ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀར་ཕྱག་རྒྱ་བཞི་ཡི་ཆིངས་ཡོད་པའི་སྒྲོམ་གཞི་གལ་ཆེན་དེའི་ནང་དུ་ཚུད་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་རྭ་བའི་ནང་དུ་མཆིས། ཞེས་པ་དེ་རེད། འོ་ན་ད་ལྟར་སྤྱོད་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་དེ་སྟོན་པ་གཤེན་རབ་ཀྱི་ལུགས་ཡིན་ཏེ། དེ་ནི་རྒྱལ་བ་གཤེན་རབ་མི་བོའི་བཀར་ཕྱག་རྒྱ་བཞི་ཡི་ཆིངས་ཡོད་པའི་སྒྲོམ་གཞི་གལ་ཆེན་དེའི་ནང་དུ་ཚུད་ཡོད་པས་གཤེན་རབ་མི་བོའི་རིང་ལུགས་ཀྱི་རྭ་བའི་ནང་དུ་མཆིས་པས་སོ། ཞེས་ཞུས་ན་གང་འདྲ་འདུག
ཡང་སྐུ་ཉིད་ནས། ཡང་བོན་པོ་ཁག་ཅིག་གིས་རང་ལུགས་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལས་མཆོག་ཏུ་བཟང་བ་ཞིག་ཡིན་པར་སྙམ་པ་ནི་སྨྲ་ཚུལ་མ་ཤེས་པ་རེད། ཅེས་པར། ངས་རྩེད་མཚར་ཚུལ་དུ་དེ་ནི་མཆོག་ཏུ་བཟང་བ་ལོས་ཡིན་ཏེ། བོན་རང་ལུགས་ལ་འཇའ་ལུས་འཕོ་ཆེན་ཉེར་བཞི་སོགས་ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་མངོན་སངས་རྒྱས་ཐུབ་པའི་གདམས་པ་ཁྱད་པར་ཅན་དེ་ཚོ་མདོ་མཚན་ཉིད་ཐེག་པའི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གསོག་དགོས་པ་ལས་ཆེས་མགྱོགས་པ་མི་འདུག་གམ། ཞེས་ཀྱང་ཞུ།
ཡང་སྐུ་ཉིད་ནས། བསྟན་པ་ཕྱི་དར་གྱི་སྐབས་ནས་བོན་གྱི་རླབས་ཆེན་མཁས་པ་ཕལ་མོ་ཆེ་ཆོས་ཕྱོགས་ནས་སློབ་སྦྱོང་གནང་བ་མ་ཟད་ནཱ་ལན་ཌའི་གཞུང་ལུགས་དང་འབྲེལ་བའི་དབུ་ཕར་དང་ཚད་མ་རིག་པ་སོགས་ལ་སློབ་སྦྱོང་གནང་ནས་མཁས་པར་གྱུར་པ་ཤ་སྟག་ཡིན། ཞེས་པ་ནས། སྔ་རབས་རིག་འཛིན་དྲན་པ་ནམ་མཁའ་ནས། །དེང་དུས་བར་གྱི་བོན་གྱི་མཁས་པ་ཕལ། །ཐུབ་པའི་གཞུང་དང་ལྷག་པར་ནཱ་ལན་ཌའི། །གཞུང་ལ་བརྟེན་ནས་མཁས་པར་གྱུར་པ་དངོས། ། ཞེས་པར། བསྟན་པ་ཕྱི་དར་སྐབས་སུ་བོན་གྱི་ལོ་རྒྱུས་ཐོག་བསྟན་པར་མཛད་པ་རླབས་ཆེན་བཞག་པའི་སྐྱེས་ཆེན་བྲུ་ཞུ་སྤ་རྨེའུ་གཤེན་དང་། དེ་བཞིན་གཡས་རུའི་སྟོན་པ་བཅོ་བརྒྱད། སྨན་རིའི་མཁན་རབས་རིམ་བྱོན་སོགས་མཁས་པ་ས་བཀབ་པ་ཞིག་བྱོན་པའི་ནང་ནས་རེས་འགའ་ཙམ་ལས་ཕལ་མོ་ཆེས་ནཱ་ལན་ཌའི་དབུ་ཚད་སྦྱངས་ནས་མཁས་པ་ཆགས་པའི་ལོ་རྒྱུས་མ་མཇལ་ལ། དེ་ལས་ལྡོག་སྟེ་བྲུ་རྗེ་ཡབ་སྲས་དང་རྨེའུ་སྟོན་སོགས་ཀྱིས་གཡུང་དྲུང་བོན་གྱི་གཞུང་ལུགས་ལ་སྦྱོང་པ་མཛད་དེ་གབ་མཛོད་ས་གསུམ་ལ་འགྲེལ་དང་ཆ་ལག་མི་ཉུང་བ་ཞིག་བཏབ་ནས་ཕྱི་དར་བསྟན་པའི་སྲོལ་ཆེན་གཙུག་པ་མིན་ནམ། དེ་བཞིན་རིག་འཛིན་དྲན་པ་ནམ་མཁའ་མཆོག་ཉིད་ནཱ་ལན་ཌའི་ཆོས་སྦྱངས་ནས་རིག་འཛིན་གྱི་གོ་འཕངས་བརྙེས་པའི་རྣམ་ཐར་ཡང་དེ་བས་མ་མཇལ་ན། སྐུ་ཉིད་ཀྱིས་འདི་ཚོའི་སྐོར་སླར་ཡང་རྣམ་ཐར་ལོ་རྒྱུས་གང་ན་གསལ་ཡོད་པ་དེ་དག་དངོས་སུ་གསུང་ན་ཆོག་གམ།
ཡང་སྐུ་ཉིད་ནས། དུས་མཚུངས་ཕྱོགས་གཞན་གྱི་གྲུབ་མཐའ་རྣམས་ཀྱིས་ནང་དོན་རིག་པ་ལ་བྱང་ཆུབ་པའི་མཁས་པ་གཅིག་ཐོན་གཉིས་ཐོན་གྱིས་སྟོད་སྨད་གང་སར་ཁྱབ། བོན་པོ་རྣམས་ནང་དོན་རིག་པའི་ཤེས་ཚད་དེ་ཙམ་མེད་པར་བརྟེན་རྒྱུ་བོན་ལ་ཉམས་ལེན་བྱེད་ཅིང་དུས་རབས་མང་པོར་གནས་ཡོད་པ་རེད། ཞེས་པར། ཁྱེད་ཀྱིས་གོང་ནས་བོན་པོ་རྣམས་ལ་སྔགས་སེམས་ཀྱི་ཉམས་ལེན་ཡོད་པར་མངོན་ཡང་། གསུངས་པར་བརྟག་ན་འོག་གི་ ʼʼ བོན་པོ་རྣམས་ནང་དོན་རིག་པའི་ཤེས་ཚད་དེ་ཙམ་མེད་ཅེས་གསུང་མི་དགོས་པ་འདྲ་ཞིག་སྣང་། བོན་པོ་རྣམས་ལ་སྐབས་དེ་ཤད་ནས་ནང་སེམས་ཀྱི་ཉམས་ལེན་ལ་རྟོགས་པ་མཐོ་པོ་དཔེར་ན་སྔགས་སེམས་འཇའ་ལུས་འཕོ་ཆེན་གྱི་བླ་མ་དེ་དག་ནང་བཞིན་ཡོད་ན། ནང་དོན་རིག་པའི་ཤེས་ཚད་མེད་ཅིས་ཕྱིར་སྨྲ་དགོས། ནང་དོན་རིག་པ་ཟེར་བ་དེའི་ཁྱབ་ཚད་མདོ་ལུགས་མཚན་ཉིད་ཁོ་ནའི་རིག་པ་དེ་ཙམ་ཡིན་དགོས་སམ། ཅིས་ཕྱིར།
ཡང་སྐུ་ཉིད་ནས། བོན་པོའི་ཤེར་ཕྱིན་གྱི་རྩ་བ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དེ་དུས་རབས་ 11 པར་བྱོན་པའི་བོན་གྱི་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་རྗེ་བཙུན་བྱམས་པ་དང༌། སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱི་གཞུང་ལ་བརྟེན་ནས་ཁམས་ཆེན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཀྲལ་ཡོད་པ་ལྟ་བུ་རེད། ཅེས་པར། སྤ་སྟོན་འོད་གསལ་རྒྱལ་མཚན་གྱིས་མཛད་པའི་རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་སོགས་ན་ཁམས་ཆེན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་ཉིད་རྗེ་བཙུན་བྱམས་པ་དང་། སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱི་གཞུང་ལ་བརྟེན་ནས་བརྩམས་པའི་ལོ་རྒྱུས་མ་མཇལ་བས་སྐུ་ཉིད་ཀྱིས་གོང་བཤད་དེ་མཁས་པའི་ཚོད་རྩིས་ཡིན་ནམ་ཡང་ན་བླ་མའི་གསུང་རྒྱུན། དེ་མིན་རྒྱུ་མཚན་གཞན་ཞིག་ཡོད། གལ་སྲིད་མཁས་པ་དཔལ་ཆེན་གྱིས་གཞན་ཕྱོགས་ནས་ཤེར་ཕྱིན་གྱི་མདོ་སོགས་ལོ་དྲུག་བདུན་ཞིག་ལ་སྦྱངས་པ་དང་། ད་དུང་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་དེ་ཉིད་གཞན་སྡེའི་ཤེར་ཕྱིན་དང་འགྲེལ་བ་དོན་གསལ་སོགས་ཀྱི་ཚིག་དོན་རྣམས་ཅུང་ཕན་ཚུན་འདྲ་བའི་རྒྱུ་མཚན་གྱིས་ཁོང་གིས་བོན་གཞུང་དེ་དག་བརྩམས་པ་ཡིན། དེ་མིན་དབུ་འཆད་ཀྱི་མཆོད་བརྗོད་སོགས་འགའ་ཞིག་ཚིག་ཟུར་རེ་འདྲ་བ་སོགས་ཀྱིས་ཡིན་ན། ཁྱེད་ཀྱིས་རྩོམ་ཡིག་དེའི་ནང་དུ་ཡིག་ཆ་ཚང་མའི་སྒྲས་ཟིན་མཉམ་དུ་དམ་འཆའ་ན་མི་རིང་བར་བློ་རྣལ་དུ་མི་གནས་པར་འགྱུར་ངེས་ཡིན་གསུངས་འདུག་པ་ལྟར་མི་འགྱུར་རམ། འདིའི་སྐོར་ལུང་རིག་ཟུང་འབྲེལ་གྱི་བཀའ་ལན་ཡོད་པར་མཁྱེན།
ཡང་སྐུ་ཉིད་ནས། བློ་ངོར་འཆར་བདེ་མིན་གང་ལྟར་ཡང་ཐམས་ཅད་ངོ་བོ་གཅིག་པར་བཞེད་པའི་སྲོལ་མེད་པ་མ་ཡིན་ཏེ། རྡོ་རྗེ་གླིང་པའི་གཏེར་ཡིག་ཏུ། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིནཿ རྨ་ལོ་གཡུ་ལོ་མཽངྒལ་ཤྭ་རིའི་བུཿ གཏོ་བུ་འབུམ་སངས་ཉེ་གནས་ཀུན་དགའ་བོཿ ཞེས་པར། ཁྱེད་ཀྱིས་རང་ངོས་ནས་བློ་ངོར་འཆར་བདེ་མིན་གང་ལྟར་ཡང་ཐམས་ཅད་ངོ་བོ་གཅིག་པར་བཞེད་པའི་སྲོལ་ཡོད་པ་དེ་འདོད་ཀྱིན་ཡོད་དམ། དེ་ལྟར་ན་འཕགས་པ་རབ་འབྱོར་དེ་ཡིད་ཀྱི་ཁྱེའུ་ཆུང་གི་སྤྲུལ་པ་ཡིན་པ་དང་། དེ་བཞིན་མངྒལ་དང་ཤྭ་རིའི་བུ་རྨ་ལོ་དང་གཡུ་ལོའི་སྤྲུལ་པ། ཀུན་དགའ་བོ་དེ་གཏོ་བུ་འབུམ་སངས་ཀྱི་སྤྲུལ་པ་ཡིན་ནམ། ཡང་ལ་དེ་ལས་ལྡོག
ཡང་སྐུ་ཉིད་ནས། ཕྱོགས་གཉིས་ཀའི་ཆོས་རྒྱུས་ཆུང་ཞིང་བསྟོད་སྨད་ལ་དགའ་བ་དག་རྡུལ་ཕྲན་ལ་རི་རབ་ཏུ་འཁྲུལ་ཏེ་ཅལ་ཅོལ་མང་དུ་སྨྲ་བཞིན་འདུག་ཀྱང༌། དོན་དུ་སྟོན་པ་གཉིས་ཁྱིམ་བརྒྱུད་གཅིག་གི་མི་ཡིན་པར་བོན་གྱི་གཞུང་ཁག་ཅིག་ནས་གསལ་བ་དེ་དག་ལ་བོན་པོ་རྣམས་ཀྱིས་འགྲེལ་བཤད་ཡང་དག་པ་ཞིག་བྱ་ཐུབ་མེད་པས་བོན་ལུགས་འཛིན་པ་རྣམས་ཀྱང་རེམ་དགོས་པར་འདུག་སྙམ། ཞེས་པར། དོན་དུ་སྟོན་པ་གཉིས་ཁྱིམ་བརྒྱུད་གཅིག་གི་མི་ཡིན་པར་བོན་གྱི་གཞུང་ཁག་གང་ན་གསལ། ལར་འདིར་ཁྱེད་ཀྱིས་ཁྱིམ་བརྒྱུད་གཅིག་གི་མི་ཟེར་ན་ཁོང་གཉིས་ཕ་མ་གཅིག་གི་བུ་སྤུན་ཡིན་ནམ་ཡང་ན་དེ་ལས་གཞན། སྟོན་པ་དེ་གཉིས་ཀྱི་ལོ་རྒྱུས་དང་རྣམ་ཐར་ལ་གཞིག་ན་མི་ལོ་བརྒྱ་ཕྲག་མང་པོས་བར་ཆོད་པ་མིན་ནམ།
ཡང་སྐུ་ཉིད་ནས། གནའ་བོའི་ཡུལ་གྲུ་མང་པོར་དམར་མཆོད་དར་ཡོད་པ་མ་ཟད་ད་ལྟའང་མངོན་སུམ་འཛེམས་མེད་དུ་འཛམ་གླིང་གི་དམར་མཆོད་ཆེན་མོར་བརྗོད་ཆོག་པ་དེ་འདྲ་ཧིན་རྡུ་སོགས་ཆོས་པ་ལ་ལས་བྱེད་ཀྱིན་འདུག བོད་ཀྱི་དམར་མཆོད་ཀྱི་ཁུངས་བོན་པོ་ཡིན་དུ་ཆུག་ཀྱང༌། ཞེས་པར། སྤྱིར་བོད་ཀྱི་དམར་མཆོད་ཟེར་བ་ཞིག་ལོ་རྒྱུས་གང་ལའང་ད་བར་མ་མཇལ་ཡང་། ཁྱེད་ཀྱིས་ཇི་མི་སྙམ་པའི་ཐོག་ནས་བོད་ཀྱི་དམར་མཆོད་ཀྱི་ཁུངས་བོན་པོ་ཡིན་པར་ཇི་ལྟར་ཁས་ལེན་ཐུབ། གཞན་སྡེའི་གཡམ་བཤད་ཙམ་མིན་པར་ལུང་རིག་གི་རྒྱབ་བརྟན་ཇི་ཡོད་གསུང་ཆོག་གམ།
ཡང་སྐུ་ཉིད་ནས། སྤྱིར་ན་དུས་རབས་བརྒྱད་པའི་སྐབས་སུ་ཆོས་ལུགས་ལ་བརྟེན་ནས་བོན་ལུགས་ཉམ་ཆག་ཕྱིན་པ་དང༌། བསྟན་པ་ཕྱི་དར་ནས་ཆོས་ཀྱི་གཞུང་ལུགས་འཕེལ་རྒྱས་ཀྱིས་བོན་ལ་ཕན་བཏགས་པ་དེ་དོན་དངོས་ཡིན་སྙམ། ཞེས་པར། དོན་ངོ་མར་གཡས་སྐོར་གཡོན་སྐོར་ཇི་ལྟར་བརྒྱབ་ཀྱང་ཁྱེད་ཀྱི་རྩོམ་འདིའི་བསྟན་བྱ་གཙོ་བོ་ནི་བོན་བསྟན་ཕྱི་དར་ནས་འགོ་བཟུང་སྟེ་འཆད་རྩོད་རྩོམ་གསུམ་གྱི་སྲོལ་ཡོད་ཚད་གཞན་སྡེ་ནས་བརྙེད་པ་དང་། དེ་དག་གི་འགྲེལ་དང་ཆ་ལག་རྣམས་གཞན་སྡེའི་མཁས་པས་བརྩམས་གནང་བའི་དབུ་ཚད་ཕར་ཕྱིན་སོགས་ལ་གཏུག་དགོས་པ་དེ་ཡིན་པ་འདྲ་ཞིག་ཚོར་སོང་། དེ་ལྟར་ན་བོན་བསྟན་སྔ་དར་དང་བར་དར་སྐབས་སུ་བོན་གྱི་མདོ་འབུམ་རྒྱུད་མཛོད་སོགས་ལ་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བྱུང་མེད་པར་འདོད་དགོས་པ་ཡིན་ནམ།
འོ་ན། བོན་འཁོར་བསྟན་པའི་མདོ་ལས། དེས་ན་ཚིག་ལ་དོན་མཚོན་ནས། །འཆད་རྩོད་རྩོམ་པ་མཐར་ཕྱིན་ཅིང་། །དེ་དག་བསླབས་པའི་དོན་རབ་རྫོགས། །དེ་ཉིད་སྙིང་པོ་ཐོབ་པར་འགྱུར། །ཞེས་པའི་ལུང་དེ་ཙམ་གྱིས་མཚོན་གསུང་རབ་ཁག་ནས་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་སྒྲུབ་ཀྱི་གནད་མང་པོ་གསུངས་འདུག་པ་དེ་ཚོ་གང་ཡིན་ནམ།
དེ་དང་དེ་འདྲའི་འདོད་པ་རྣམས་དང་དུ་ལེན་ནས་བོན་པོ་རྣམས་ཉམས་ཆུང་དང་དྲང་བདེན་ཐོག་གཞན་སྡེའི་རྗེས་སུ་འབྲེངས་ཐུབ་ན་ད་གཟོད་7རྩ་བླ་ཡོངས་འཛིན་བགྲེས་པ་དཔོན་སློབ་སངས་རྒྱས་བསྟན་འཛིན་མཆོག་གི་འདའ་ཁའི་ཞལ་ཆེམས་ཀྱི་དགོངས་དོན་དེ་ལྟར་ཡིན་ནམ།
མདོར་ན་དེ་དག་ལ་གསལ་བཤད་ཅིག་མེད་ན་ཁྱེད་ཀྱིས་ཡོངས་འཛིན་བགྲེས་པོའི་ཞལ་ཆེམས་གལ་ཆེ་ཆེ་བྱེད་ནས་ངོམ་རྒྱུ་དེའི་དོན་འབྲས་ཅི་ཞིག་ཡིན་པ་དང་། ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་དང་རང་གཞུང་གང་ལའང་མ་གསལ་བའི་གླེང་གཞི་དེ་དག་འཛམ་གླིང་མི་མང་གི་མདུན་དུ་གཤམ་པ་འདིས་གཡུང་དྲུང་བོན་གྱི་བསྟན་པར་ཕན་གནོད་གང་ཞིག་ཡོང་ཆ་མི་འཚལ་བས་སྐུ་ཉིད་ནས་ཅིས་ཀྱང་གུས་པའི་དྲི་བ་དེ་དག་ལ་བཀའ་ལན་གནང་རོགས་ཞུ། །