འཇིག་རྟེན་དགའ་བའི་གླུ་དབྱངས།

ཨ་འབུམ་བློ་བཟང་དམ་ཆོས། (རེབ་གོང་།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


སྨོན་འདུན། ཧོ་ཞིང་མིང་གིས་པར་བླངས། 

བལྟས་ན་སྐྱིད་སྐྱིད་འདྲ་བའི་བརྩེ་དུང་དེ།།

ཡང་ཡང་བཙལ་ཡང་མཐའ་མའི་དུས་ཤིག་མེད།།
དགའ་བ་གཅིག་གིས་དགའ་བ་གཞན་ཞིག་འདྲེན།།
ལྷད་མེད་བརྩེ་བ་ཟེར་ཡང་འགྱུར་ལྡོག་ཆེ།།


ཕར་བལྟས་དགའ་དགོད་གཉིས་ཀྱི་འཛུམ་མདངས་ཀྱིས།།

དཔུང་བ་མཉམ་གཤིབ་གཅིག་ལག་གཅིག་གིས་འཇུས།།
ལང་ཚོའི་ཟིལ་ཤུགས་མངོན་པའི་ཚུལ་སྣང་ཡང་།།
དོན་ལ་ཅི་སྐྱིད་རང་རང་སེམས་ན་ཡོད།།


ཨ་མས་བཀག་ཀྱང་མི་ཁོག་བུ་མོའི་འདོད།།

ཡོད་ཚད་བློས་བཏང་དགའ་བ་བུ་ཡི་འདོད།།
བརྩེ་བ་འོ་ཆུ་བཞིན་དུ་མཐུན་ན་ཡང་།།
མཐའ་མར་ཐམས་ཅད་སྐད་ཅིག་ཚོར་བ་ཙམ།།


ང་ཡི་འཇིག་རྟེན་ཁྱོད་ཀྱི་མངའ་ཐང་ལ།།

བདེ་སྐྱིད་མེ་ཏོག་བཞད་ཅིང་དྲི་ཞིམ་འཐུལ།།
ཚེ་གཅིག་འདུན་མ་འདི་ལྟར་བཞག་ན་ཡང་།།
དགྲ་མི་ནང་བཞིན་འབྲལ་བ་མང་པོ་མཐོང་།།


དགའ་བ་སེམས་ལ་མ་ཤོང་ཁ་ནས་འདོན།།

དུངས་པ་སྙིང་ནས་རྒྱས་ཏེ་དམ་དུ་འཁྱུད།།
གཅེས་པ་སྙིང་གི་རྩེ་ལ་སོང་ན་ཡང་།།
བྲལ་བའི་དུས་ན་ཡོད་ཚད་འཇའ་ལྟར་ཡལ།།


བརྩེ་དུང་ཁ་ནས་བརྗོད་ན་སྙན་ཚོར་དང་།།

བརྩེ་དུང་དོན་ལ་བརྩོན་ན་སྐྱིད་ཉམས་འཆར།།

བརྩེ་དུང་དོན་དུ་ཤི་ཡང་དོན་ལྡན་འདོད།།
བརྩེ་དུང་སང་གྲོལ་གནང་གྲོལ་མ་ཤེས་སོ།།


གཟུགས་མཛེས་ཁ་དོག་བཀྲ་བའི་བུ་མོ་ཡིས།།

ཕོ་གྱོད་མོ་གྱོད་སྣ་ནས་དྲངས་པ་ཡོད།།

འབྱོར་ལྡན་འདོད་རྩེ་ཆེ་བའི་ཕོ་གསར་གྱིས།།
ཕྱི་གྱོད་ནང་གྱོད་སྡེ་གཉིས་གཏུག་པ་ཡོད།།


མཛེས་དང་མི་མཛེས་སོ་སོའི་མཐོང་སྣང་དང་།།

རྒ་བར་མི་འགྱུར་མཛེས་མ་ཡོད་རེ་སྐན།།

མཛེས་མར་དུངས་པས་དཔའ་བོའི་རལ་གྲི་ཡང་།།
ས་ལ་ལྷུང་ཞིང་མཁས་པའི་རང་ཉམས་འཆོར།།


ལས་དབང་ཟེར་ནས་ལས་ཐག་སྦྲེལ་ན་ཡང་།།

དོན་ལ་རྒྱུ་འབྲས་བདེན་པ་མ་བརྩིས་ན།།

ཁ་པར་འཕྲིན་ཕྲན་སྐུད་ལམ་ཕྲ་མོ་འདིས།།
ཁྱིམ་ཚང་སྟོང་གི་ཁྱིམ་ཁ་བརླག་ཉེན་ཡོད།།


རང་བཞིན་བཟང་དང་བསམ་པ་དཀར་པོ་ཡིས།།

ལས་མཐུན་བུ་མོ་གྲོགས་སུ་འགུགས་པ་དང་།།

འཇིག་རྟེན་རྒྱུ་འབྲས་བདེན་པ་མ་བརླག་པར།།
མཛའ་བརྩེའི་ཁྱིམ་གཞི་བསྐྱངས་ན་འཇིག་རྟེན་རྒྱན།།


འདོད་བདེའི་གཤིས་ལ་ཕོ་མོ་མཚུངས་ན་ཡང་།།

ཕན་ཚུན་བསམ་ཤེས་འགྲོགས་ལ་མཁས་པ་ནི།།

བརྩེ་དུང་ཡུན་རིང་བརྟན་པའི་གནད་ཡིན་ཞིང་།།
ཁྱིམ་ཚང་འཁོར་བ་བདེ་བའི་གཞི་མ་ཡིན།།


བྱུང་ན་འཇིག་རྟེན་སྐྱིད་ཀྱི་དྭངས་མ་དང་།།

ཉེས་ན་སྡུག་གི་སྣ་འདྲེན་བརྩེ་དུང་འདི།།

ཐབས་ལ་མཁས་པས་ཐབས་ཀྱིས་སྐྱོང་བ་དང་།།
སྡིག་པར་མི་འགྱུར་དགེ་བ་ཉིས་འཛོམས་དགོས།།


འདོད་པས་སྤྱད་པས་མི་ངོམས་འདོད་སེམས་སྤོངས།།

དགའ་བ་ཚད་མེད་མཛེས་མར་དགའ་བ་སྤོངས།།

རྒྱུད་འཇམ་སེམས་མཐུན་བུ་མོ་གྲོགས་སུ་བསྟེན།།
བརྩེ་བའི་རྟིང་མ་འགྱུར་མེད་སྙིང་ལ་ཆོངས།།


འཇིག་རྟེན་མཐུན་འཇུག་འཇིག་རྟེན་དོན་ཆེན་ཡིན།།

ཡང་ཡང་དགའ་བའི་མཐའ་མར་ཁྱིམ་སོ་ཟུངས།།

སྐྲ་དཀར་གཉེར་མའི་དུས་ཀྱང་བརྩེ་སེམས་ཟུངས།།
འཇིག་རྟེན་འཁོར་བའི་གནས་ཀྱི་རྒྱན་དེ་ཡིན།།


སྔོན་ཚེ་ལྷ་སྣང་སྟོབས་དང་བློ་གྲོས་མའི།།

ལྷད་མེད་བརྩེ་བ་མགྲིན་སྔོན་རྟོགས་བརྗོད་གསལ།།

མི་ཆོས་ལེགས་སྤྱད་མི་ཡི་མཆོག་རབ་དང་།།
ལྷ་ཆོས་ལ་ཉེ་མགོན་པོ་ཀླུ་སྒྲུབ་གསུངས།།


རང་གིས་མྱོང་སྣང་དཔྱད་ཅིང་མཐོང་ཐོས་བསགས།།

རང་གི་དོན་དང་གཞན་གྱི་དོན་ལ་ཡང་།།
རང་རང་འདུན་མ་ལེགས་པོ་འདོད་པས་ན།།
རང་བཞིན་རྗེན་པོར་བྲིས་ལ་ཉེས་པ་ཅི།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1