གསར་འགོད་པས་འཚོལ་བསྡུ་བྱས་པའི་ཡིག་ཆ་ལས་རྟོགས་ཐུབ་པ་ཞིག་ནི། 2014ལོའི་ཟླ་1པའི་ཚེས་29ཉིན་ལ་གནམ་གྲུ་ཐང་གི་གཞུམ་ལམ་ལས་འགོ་ཚུགས་ལ། 2015ལོའི་ཟླ་10པའི་ཚེས་9ཉིན་ལ་གནམ་གྲུ་ཐང་གི་རྣམ་གྲངས་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ། 2015ལོའི་ཟླ12པའི་ཚེས་15ཉིན་ལ། གནམ་གྲུ་ཐང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་སུ་རྣམ་གྲངས་བསྐྲུན་ཆོག་པའི་ཆོག་མཆན་བཀོད་ཡོད། 2016ལོའི་ཟླ་བ་དང་པོའི་ཟླ་མཇུག་ལ་གནམ་གྲུ་ཐང་གི་རྩིག་རྨང་ཐག་བཅད་དང་ས་རྡོའི་ཚོད་ལྟ་དུམ་བུ་ཀྱི་རྣམ་གྲངས་ལེགས་གྲུབ་བྱུང་ཡོད། 2016ལོའི་ཟླ་4པའི་ཚེས་18ཉིན་ནས་བཟུང་གནམ་གྲུ་ཐང་གི་ཚོད་ལྟའི་མཚམས་ཀྱི་ལས་གཞི་ཆ་ཚང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་ཞིང་། ལོ་དེའི་ཟླ་བ་བཅུ་པར་གནམ་གྲུ་ཐང་གི་ཚོད་ལྟའི་མཚམས་ཀྱི་ལས་གཞི་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ། ཞིབ་དཔྱད་ལས་དོན་བཅས་ལེགས་གྲུབ་བྱུང་ཡོད།
ང་ཚོས་ཡུལ་དངོས་སུ་ལས་དོན་སྒྲུབ་བཞིན་པའི་དཀར་མཛེས་གེ་སར་གནམ་གྲུ་ཐང་འགན་འཁྲི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའོ་ཧོའེ་ཆིང་ལ་བཅར་འདྲི་བྱེད་པའི་གོ་སྐབས་ཡག་པོ་ཤིག་རག་བྱུང་། ཁོང་གིས་ད་ལོའི་ཟླ་2པའི་ཚེས་3ཉིན་ལ། རྒྱལ་ཁབ་བཅོས་སྒྱུར་ཅུས་ཀྱིས་དངོས་སུ་དཀར་མཛེས་གེ་སར་གནམ་གྲུ་ཐང་གི་དངོས་གཞིའི་འཛུགས་སྐྲུན་གྱི་ཆོག་མཆན་གནང་ཡོད་ལ། སྤྱི་ཟླ་5པའི་ཚེས་11ཉིན་ལ། གནམ་གྲུ་ཐང་གིས་རྩིག་རྨང་ཐག་བཅད་དང་ས་རྡོ་ལས་གཞིའི་སུས་འཇོན་དེ་འགུག་པའི་ལས་དོན་ལེགས་གྲུབ་བྱུང་ལ་དེ་ནང་A、B、Cདུམ་བུ་གསུམ་དབྱེ་ཡོད། དུམ་བུ་Aནི་སི་ཁྲོན་གནམ་ཐང་ལམ་བསྐྲུན་ཚད་ཡོད་ཀུང་སིས་འཛུགས་སྐྲུན་ལ་འགན་ལེན་བྱས་ཤིང་དུམ་བུBནི་ཧྲན་ཞི་འཕྲུལ་ཆས་ཅན་འཛུགས་སྐྲུན་ཀུན་སི་འཛུགས་སྐྲུན་འགན་ལེན་བྱས། དུམ་བུ་Cནི་ཡུན་ནན་འཛུགས་སྐྲུན་མ་འཇོག་ཨང་བཞི་བའི་འཛུགས་སྐྲུན་ཚད་ཚོད་ཀུང་སི་འཛུགས་སྐྲུན་འགན་ལེན་བྱས་པ་རེད། སྤྱི་ཟླ་6པའི་ཚེས་20ཉིན། གནམ་གྲུ་ཐང་དངོས་གཞིའི་ལས་ཀ་དངོས་སུ་འགོ་བརྩམས་པ་རེད་ཅེས་ངོ་སྤྲོད་བྱས།
དཀར་མཛེས་གེ་སར་གནམ་གྲུ་ཐང་བཟོ་བཀོད་འདི་ལ་མ་དངུལ་ཁྱོན་བསྡོམས་དུང་ཕྱུར་24.25འཇོག་ཡོད་ལ་ཤར་གཏོང་བྱུང་རྗེས་གནམ་གྲུ་ཐང་འདིའི་ལོ་རེའི་གནས་སྐོར་བ་སྐྱེལ་བསུ་བྱ་རྒྱུའི་ཚད་མི་ཐེངས་ཁྲི་22དང་། ལོ་རེའི་དངོས་ཟོག་དང་སྦྲག་ཐོག་བསྐུར་མ་སྐྱེལ་ལེན་གྱི་ཚད་ཏུན་660 འཕུར་སྐྱོད་ཁུལ་གྱི་རིམ་པ་ནི་4 C ཡིན། གནམ་གྲུ་ཐང་གིས་ད་དུང་རིང་ཚད་ལ་སྨི་4000དང་། ཞེང་ཚད་ལ་སྨི་45ཡོད་པའི་རྒྱུག་ལམ་དང་། སྨི་གྲུ་བཞི་མ་3600ཡོད་པའི་དམངས་སྤྱོད་མཁའ་འགྲུལ་ས་ཚིགས་ཐོག་ཁང་། ས་ཚིགས་སུ་Cརིམ་པ་ཅན་གྱི་གནམ་གྲུ་འཇོག་གནས་4བཅས་གསར་དུ་བསྐྲུན་རྒྱུ་ཡིན་པ་མ་ཟད། ད་དུང་མ་ལག་ཆ་ཚང་སྟེ་མཁའ་ལམ་དོ་དམ་དང་། སྣུམ་མཁོ་འདོན། མེ་གསོད་རོགས་སྐྱོབ་དང་དེ་བཞིན་ཐུན་མོང་གི་ཆ་ཚང་སྒྲིག་བཀོད་སོགས་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་པ་རེད་ཅེས་ལུའོ་ཧོའེ་ཆིང་གིས་འདི་ལྟར་ངོ་སྤྲོད་བྱས་འདུག
མིག་སྔར། དཀར་མཛེས་གེ་སར་གནམ་གྲུ་ཐང་གི་ས་རྡོ་ལས་གཞི་སྤྱིའི་རྒྱ་ཁྱོན་ཁྲི་5600་ལ་ཁྲི་200ལྷག་ལེགས་གྲུབ་བྱུང་ཡོད། སྔོན་རྩིས་བྱས་པར་ལྟར་ན་སང་ལོ་ཟླ་བ་6པའི་ནང་ས་རྡོ་ལས་གཞི་ཡོང་རྫོགས་ལེགས་འགྲུབ་ཡོང་ཐུབ་ལ་ཟླ་བ་7པའི་ནང་གཅིག་བསྡུས་སྒོས་གནམ་གྲུ་ལམ་བསྐྲུན་པ་ཡིན། མིག་སྔར་གྱི་མྱུར་ཚད་ལྟར་ན་2018ལོའི་ལོ་མཇུག་ལ་དཀར་མཛེས་གེ་སར་གནམ་གྲུ་ཐང་ཚོད་འཕུར་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད་ཅེས་གསུངས།