མི་རྣམས་ཀྱི་འཛམ་གླིང་ལོ་རྒྱུས་ཀྱི་ངེས་ཤེས་ནི་ད་དུང་སྔར་བཞིན་ཆ་ཚང་ཞིག་མ་ཡིན་ཏེ། ལོ་ངོ་200ཡི་སྔ་རོལ་དུ་ང་ཚོས་ཉེ་དུས་ཀྱི་ལོ་ངོ་3000ནང་ཚུན་དུ་བྱུང་བའི་ལོ་རྒྱུས་ཁོ་ན་ལས་ཤེས་བཞིན་མེད་ཅིང་། ལོ་ངོ་3000སྔ་རོལ་གྱི་ལོ་རྒྱུས་ནི་སོ་སོའི་ཕུན་སུམ་ཚོགས་པའི་སེམས་ཀྱི་འཆར་སྒོ་དང་ངག་རྒྱུན་ཙམ་ལ་བརྟེན་ནས་འགྲེལ་བརྗོད་བྱ་རྒྱུ་ལས་ཐབས་གཞན་མེད། དཔེར་ན། སྤྱི་ལོ་སྔོན་གྱི་4004ལོར་འཇིག་རྟེན་འདི་གློ་བུར་དུ་གསར་སྐྲུན་བྱས་པ་རེད། དཔྱིད་དུས་སུ་གསར་སྐྲུན་བྱས་པའམ་ཡང་ན་སྟོན་དུས་སུ་གསར་སྐྲུན་བྱས་པར་ཆེད་མཁས་པ་རྣམས་ཀྱང་ལྟ་བ་གཅིག་མཐུན་མ་ཡིན་ཞེས་ང་ཚོ་དཔལ་ཡོན་སྤྱི་ཚོགས་ཁྲོད་ཀྱི་མི་གང་མང་ལའང་མི་རབས་སྔོན་མ་དག་གིས་འདི་ལྟར་སློབ་སྟོན་གནང་བ་ཡིན་ལ། ང་ཚོས་ཀྱང་དེ་ལྟར་དུ་ཡིད་ཆེས་བྱས་པ་ཡིན། འོན་ཀྱང་ལྟ་བ་འདི་ནི་གནའ་བོའི་ཞི་པའོ་ལེ་རིགས་ཀྱི་ 《 ཅིག་ཡོ། 》 ཡི་བློ་རྩིང་པོའི་སྟབས་བདེའི་གསལ་བཤད་ལ་ཁུངས་བཅོལ་བ་ཞིག་སྟེ། གང་འདོད་དུ་འོལ་ཚོད་བྱེད་པའི་ལྷའི་རིག་པར་གཞི་བཅོལ་བ་ཞིག་ཡིན་པས། ད་ལྟ་ཆོས་སྤེལ་མཁན་དག་གིས་ཀྱང་ཁས་ལེན་བྱེད་བཞིན་མེད་པ་རེད། ད་ལྟ་ཤེས་ཡོན་ཅན་རྣམས་ཀྱིས་འདི་ལྟའི་ཚན་རིག་དང་མི་མཐུན་པའི་ལྟ་ཚུལ་སྔ་མོ་ནས་ཕར་གཡུགས་ཏེ་རང་བཞིན་གྱིས་གྲུབ་པའི་ལྟ་བས་སའི་གོ་ལའི་སྣང་ཚུལ་སྣ་ཚོགས་ལ་འགྲེལ་རྒྱག་བཞིན་འདུག་ཅིང་། མི་རྣམས་ཀྱིས་རང་ཅག་འཚོ་སྡོད་བྱེད་ཀྱིན་པའི་འཇིག་རྟེན་འདི་ནི་གནའ་སྔ་མོ་ནས་གྲུབ་ཟིན་པ་མ་ཟད། བགྲང་བར་དཀའ་བའི་གནའ་དུས་ཀྱི་བསྐལ་བ་ནས་གྲུབ་ཡོད་པར་འདོད། དེ་ལྟ་ནའང་ཕྱིར་སྣང་གི་སྣང་ཚུལ་ཡོད་ཚད་མཐའ་གཅིག་ཏུ་བདེན་ཐུབ་ཅིག་ག་ལ་ཡིན་ཏེ། མེ་ལོང་གཉིས་སོ་སོར་ཁང་པའི་མཐའ་སྣེ་གཉིས་སུ་བཞག་ཚེ། ང་ཚོས་ཁང་པའི་སྣེ་གཉིས་མཐོང་དཀའ་བའི་འཁྲུལ་ཤེས་ཀྱང་རང་བཞིན་གྱིས་འབྱུང་བ་ཡིན། ཡིན་ནའང་དགའ་འོས་པ་ཞིག་ལ་མིའི་རིགས་འཚོ་སྡོད་བྱེད་བཞིན་པའི་འཇིག་རྟེན་འདི་གྲུབ་ནས་ལོ་ངོ་6000ངམ་7000ཙམ་ལས་མ་སོང་བར་འདོད་པའི་ལྟ་ཚུལ་དེ་ནི་ཚན་རིག་དང་མི་མཐུན་ཞིང་ཡིད་ཆེས་མི་ཐུབ་ཞིག་ཡིན་པས། དེ་འདྲའི་ལྟ་ཚུལ་སྔ་མོ་ནས་རྒྱང་དུ་བསྐྱུར་ཟིན།
ད་ལྟ་འཇིག་རྟེན་གྱི་མི་ཚང་མས་ཤེས་གསལ་ལྟར། སའི་གོ་ལ་ནི་ཚངས་ཐིག་ལ་དབྱིན་ལེ་8000(སྤྱི་ལེ་ཁྲི་1.28)ཡོད་ཅིང་སྣེ་གཉིས་ཅུང་ལེབ་མོ་ཡིན་པའི་ཚ་ལུ་མའི་རྣམ་པ་ཅན་གྱི་ལྒང་གཟུགས་ཤིག་ཡིན་པ་རེད། རྟོགས་པ་མཐོ་བའི་མི་ལ་ལས་ཧ་ལམ་ལོ་ངོ་2500ཡི་ཡར་སྔོན་ནས་སའི་གོ་ལ་འདི་ལྒང་གཟུགས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། འོན་ཀྱང་དེའི་ཡར་སྔོན་དུ་མི་རྣམས་ཀྱིས་རྒྱ་ཁྱབ་ཏུ་སའི་གོ་ལ་འདི་ལེབ་མོ་ཞིག་ཡིན་པར་འདོད་ཅིང་། ཐ་ན་དེ་ལྟའི་ལྟ་བས་སའི་གོ་ལར་ཚད་བཙུགས་ཏེ་བར་སྣང་ཁམས་དང་སྐར་ཚོགས་བར་གྱི་འབྲེལ་བར་འགྲེལ་བཤད་བྱས་ཡོད་དེ། དེང་དུས་ཀྱི་ཚད་ཀྱིས་ཕྱིར་འདང་རེ་བརྒྱབ་ན་དེ་ནི་ཇི་འདྲའི་བྱིས་བློ་ཅན་དང་དགོད་བྲོ་བ་ཞིག་རེད་ཨང་། ད་ལྟ་ང་ཚོས་སའི་གོ་ལའི་སྲོག་ཤིང་(ཐིག་དམར་གྱི་ཚངས་ཐིག་ལས་དབྱིན་ལེ་24ཡིས་ཐུང་།)དཀྱིལ་སྙིང་བྱས་པའི་སའི་གོ་ལ་ནི་དུས་ཚོད་24རེའི་ནང་རང་འཁོར་ཐེངས་གཅིག་རྒྱག་བཞིན་ཡོད་པ་དང་། དེའི་རྐྱེན་གྱིས་ཉིན་མཚན་གཉིས་ཀྱི་རེས་འཁོར་བྱུང་ལ། དེ་དང་མཉམ་དུ་སའི་གོ་ལས་རྒྱུན་སྲོལ་དང་ཅུང་ཟད་མི་མཐུན་ཞིང་འགྱུར་ལྡོག་ཅུང་ཙམ་ཡོད་པའི་ནར་གཟུགས་ཅན་གྱི་འཁོར་ལམ་བརྒྱུད་ནས་ལོ་རེར་ཉི་མར་སྤྱི་འཁོར་ཐེངས་གཅིག་རེ་རྒྱག་བཞིན་ཡོད་པ་ཤེས་ཡོད། དེ་བཞིན་སའི་གོ་ལ་དང་ཉི་མ་གཉིས་ཀྱི་བར་ཐག་དབྱིན་ལེ་ཁྲི་9150ཡིན་པའི་སྐབས་སུ། དེ་གཉིས་བར་གྱི་བར་ཐག་ནི་ཆེས་ཉེ་བའི་དུས་སྐབས་ཡིན་ཞིང་། བར་ཐག་དབྱིན་ལེ་ཁྲི་9450ཡིན་པའི་སྐབས་སུ། དེ་གཉིས་བར་གྱི་བར་ཐག་ཆེས་རིང་བའི་སྐབས་སུ་སླེབས་པའང་ཤེས་རྟོགས་བྱུང་ཡོད།
ཟླ་བའི་གོ་ལའི་བོངས་ཚད་ནི་སའི་གོ་ལ་ལས་ཆུང་ཞིང་། དབྱིན་ལེ་239000གི་བར་ཐག་གིས་སའི་གོ་ལར་བསྐོར་ནས་འཁོར་གྱིན་ཡོད། ཉི་མའི་ཁྱིམ་རྒྱུད་ནང་ཉི་མར་བསྐོར་བ་རྒྱག་བཞིན་པའི་སྐར་མ་ནི་སའི་གོ་ལ་དང་ཟླ་བའི་གོ་ལ་གཉིས་ཁོ་ན་མ་ཡིན་པར། སྐར་མ་ལྷག་པ་དང་པ་སངས་གཉིས་ཀྱིས་ཀྱང་ཉི་མར་བསྐོར་བ་རྒྱག་བཞིན་ཡོད་དེ། སྐར་མ་ལྷག་པས་ཉི་མ་དང་བར་ཐག་དབྱིན་ལེ་3600ཡི་ཚད་ཀྱིས་ཉི་མར་བསྐོར་བ་རྒྱག་བཞིན་ཡོད་ཅིང་། སྐར་མ་པ་སངས་ཀྱིས་ཉི་མ་དང་བར་ཐག་དབྱིན་ལེ་6700ཡི་ཚད་ཀྱིས་ཉི་མར་བསྐོར་བ་རྒྱག་བཞིན་ཡོད་པ་རེད། སའི་གོ་ལ་སྤྱི་འཁོར་བྱེད་པའི་འཁོར་ལམ་གྱི་ཕྱི་སྐོར་དུ་ཐག་དབྱིབས་སུ་གྲུབ་ཅིང་མཉམ་མི་འཇོག་པའི་སྐར་གཟུགས་ཆུང་ཆུང་དང་རྒྱུ་སྐར་ཆུང་ཆུང་གྲངས་མེད་ཅིག་འདུག་པ་མ་ཟད། ད་དུང་སྐར་མ་མཚོ་རྒྱལ་དང་གནམ་རྒྱལ། སྤེན་པ། ཕུར་བུ། མིག་དམར་བཅས་ཀྱང་ཡོད་དེ། རྒྱུ་སྐར་ལྔ་པོ་འདི་དག་དང་ཉི་མའི་བར་གྱི་བར་ཐག་ནི་སོ་སོར་དབྱིན་ལེ་ཁྲི་279300དང་དབྱིན་ལེ་ཁྲི་178200 དབྱིན་ལེ་ཁྲི་88600 དབྱིན་ལེ་ཁྲི་48300 དབྱིན་ལེ་ཁྲི་14100བཅས་ཡིན།
ཆེས་གཏིང་ཟབ་པའི་རྒྱ་མཚོ་དག་བརྐོས་ཤིང་བྲུས་ཚེ། དེ་དག་གི་ཟབ་ཚད་ཀྱང་དབྱིན་ལེ་5ཡི་ཕན་ཆད་དུ་མེད་ཅིང་། གནམ་གྲུ་འཕུར་བསྐྱོད་བྱས་ནས་བཞག་པའི་ཆེས་མཐོའི་ཟིན་ཐོའང་དབྱིན་ལེ་4ཡི་ཡན་དུ་བརྒལ་ཐུབ་མེད།(རྩོམ་པ་པོས་རྩོམ་འདི་འབྲི་དུས་ཀྱི་ཚད་ཐིག་ཡིན།) དེ་སྔོན་མི་ལ་ཤས་དབུགས་ལྒང་ལ་བསྡད་ནས་བར་སྣང་དུ་ཕྱིན་ཏེ་དབྱིན་ལེ་7གྱི་མཐོ་ཚད་ལ་སླེབས་མྱོང་མོད། འགོག་ཤུགས་ཆེན་པོ་ཐེབས་ནས་སྡུག་བསྔལ་གང་མང་མྱངས་སོང་། བྱ་རིགས་ལ་མཚོན་ནའང་མ་ཤི་གསོན་པོར་དབྱིན་ལེ་5ཡན་གྱི་བར་སྣང་དུ་འཕུར་ཐུབ་མཁན་མེད་ཅིང་། གནམ་གྲུའི་ནང་དུ་ཁྱེར་བའི་བྱེའུ་དང་འབུ་སྲིན་དག་དབྱིན་ལེ་5ཡི་མཚམས་སུ་སླེབས་ཚེ་སྔ་མོ་ནས་ཚོར་ཤེས་དང་བྲལ་འདུག་པ་རེད། །