གཞོན་ནུ་མ་ཞིག་གི་ཁྱོ་ག

འཁྱམ་རུ་གནམ་ལྷ་རྒྱལ། [པེ་ཅིན] རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སྦྲང་ཆར། སྤེལ་དུས། 08-22


མུན་རུབ་ལ་ཉེ། རླུང་འཁྱག་པོ་ཞིག་ཀྱང་དལ་གྱིས་ལྡང་མགོ་བརྩམས་བྱུང་།
        གཞོན་ནུ་མ་དེས་རྒྱབ་ལ་ཁྲེས་པོ་ཞིག་ཁུར་ནས་མུ་མཐུད་དུ་གཞུང་ལམ་དེད་དེ་ཕ་ཡུལ་ཕྱོགས་སུ་སྐྱོད་བཞིན་གདའ།
        གཞུང་ལམ་དུ་རླངས་འཁོར་མང་བོ་གཞོན་ནུ་མའི་གཡས་གཡོན་བརྒྱུད་ནས་རྒྱང་རིང་གི་ཕྱོགས་གཉིས་ལ་རྒྱུ་བ་དང་། གཞོན་ནུ་མས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་མུ་མཐུད་དུ་གཞུང་ལམ་དེད་དེ་མདུན་ནས་མདུན་ལ་འགྲོ་བཞིན་འདུག གཞུང་ལམ་དུ་གཞོན་ནུ་མ་དེ་མ་གཏོགས། དེ་ལྟར་རྐང་ཐང་གིས་འགྲོ་མཁན་ནི་ད་དུང་ཧ་ཅང་མང་སྟེ། ལ་ལ་ནི་བཟའ་ཟླ་ཡིན་ལ། ལ་ལ་ནི་གྲོགས་པོ་དང་ལ་ལ་ནི་རང་ཉིད་གཅིག་པུ་ཡིན། ཁོ་ཚོ་ཚང་མས་རྡོག་ཁྲེས་རེ་རྒྱབ་ལ་ཁུར་ནས་གཞོན་ནུ་མ་དེ་དང་འདྲ་བར་ཅི་ཞིག་གི་དོན་དུ་མདུན་ནས་མདུན་དུ་འགྲོ་བཞིན་གདའ།
        མ་གཞི། ཁོ་ཚོ་ནི་གནས་སྐོར་པ་ཏག་ཏག་ཡིན་ཏེ། ད་ལོ། མཚོ་སྔོན་པོའི་མཐའ་སྐོར་དུ་གཞོན་ནུ་མ་དེ་དང་འདྲ་བའི་གནས་སྐོར་པ་ནི་ནམ་མཁའི་སྐར་ཚོགས་ལས་ཀྱང་མང་།
        གཞོན་ནུ་མ་དེའི་ཕ་ཡུལ་ནི་མཚོ་སྔོན་པོའི་ཤར་ཕྱོགས་སུ་ཆགས་པའི་རིག་སྨོན་ཞེས་པའི་གྲོང་རྡལ་ཆུང་ཆུང་དེ་ཡིན། གཞོན་ནུ་མ་དེ་ཉིན་ཁ་ཤས་ཀྱི་ཡར་སྔོན་ལ་གྲོང་རྡལ་ཆུང་ཆུང་དེ་ནས་མགོ་བཟུང་སྟེ་མཚོ་སྔོན་པོར་གནས་སྐོར་དུ་ལམ་ལ་ཆས་པ་ཡིན་ཞིང། དེ་རིང་ནི་མོ་གནས་སྐོར་དུ་ཕྱིན་པའི་ཉིན་བདུན་པ་ཡིན། ད་ལྟ་མོ་རིག་སྨོན་དང་བར་ཐག་ཧ་ལམ་སྤྱི་ལེ་བཞི་བཅུ་ཙམ་ལས་མེད་པའི་བྱེ་མ་རྔ་རྡུང་དུ་སླེབས་འདུག
        གཞོན་ནུ་མས་རེ་ཞིག་འགྲོ་མཚམས་བཞག་སྟེ་མདུན་ཕྱོགས་སུ་རྒྱང་ལྟ་ཞིག་བྱས་པ་ན། མཚོ་ཆུང་ནོར་བུའི་ཕ་རོལ་ཏུ་རིག་སྨོན་གྲོང་རྡལ་ནི་གཉོམ་དུང་ངེར། ཁུ་སིམ་མེར་མོའི་ཕྱོགས་སུ་ངང་སྒུག་གི་མིག་ཟུང་ཟུམ་མེད་དུ་ཅེར་ནས་འདུག སྐབས་དེར་མོས་དབང་མེད་དུ་རང་གི་ཁྱོ་ག་དྲན་བྱུང་། ད་ལྟ་ཁོས་ཅི་ཞིག་བྱེད་བཞིན་ཡོད་དམ། ཁོས་ང་ལ་བསྒུགས་ནས་བསྡད་ཡོད་པ་ཁོ་ཐག་ཡིན། དགའ་བ་ལ་ཨང་། ད་ནི་ཕ་ཡུལ་དུ་འབྱོར་ལ་ཉེ། ད་རེབ་ངེད་མ་བུ་གཉིས་ཀྱིས་མཚོ་སྐོར་བདེ་བླག་ངང་མཇུག་རྫོགས་ཐུབ་སོང་བ་རེད། ང་ཁྱིམ་དུ་འབྱོར་རྗེས་ཁོ་ཤིན་ཏུ་དགའ་སྲིད། སྐབས་དེར། མོས་དེ་ལྟར་དྲན་བཞིན་རང་གི་ལྟོ་བར་ལག་པས་ཕུར་ཙམ་བྱས་རྗེས། མུ་མཐུད་དུ་མདུན་ཕྱོགས་སུ་གོམ་ཁ་བསྒྱུར།
        གཞོན་ནུ་མ་དེ་ནི་སྦྲུམ་མ་ཞིག་ཡིན་ལ། མོར་མངལ་ཆགས་ནས་ཟླ་བ་བདུན་ལྷག་འགོར་ཡོད་སྟབས། ལྟོ་བའང་རང་བཞིན་གྱིས་ཕྱི་རུ་མངོན་པར་དོད་འདུག ད་ཐེངས་མོ་དེ་ལྟར་རང་ཉིད་གཅིག་པུ་གནས་སྐོར་དུ་འགྲོ་བ་ལ་མོའི་ཁྱོ་ག་རྩ་བ་ནས་མོས་མཐུན་བྱུང་མེད། ཡིན་ནའང་ཟླ་གཅིག་གི་ཡར་སྔོན་དུ། མཆོག་སྤྲུལ་ཚང་གིས་མོར་ལུང་བསྟན་གནང་སྟེ། ད་ལོར་གནས་འགངས་ཆེན་གང་རུང་དུ་མཇལ་སྐོར་ལ་ཐེངས་ཤིག་འགྲོ་ཐུབ་པ་ཡིན་ན། གེགས་དང་བར་ཆད་ལས་ཡོངས་སུ་གྲོལ་ཏེ་མངལ་གྱི་ཕྲུ་གུ་དེའང་བདེ་བླག་ངང་བཙའ་ཐུབ་པར་གསུངས་ཡོད་ཕྱིན། མཇུག་མཐར་གཞོན་ནུ་མས་ཀྱང་མཆོག་སྤྲུལ་ཚང་གི་ལུང་བསྟན་ལྟར་མཚོ་སྔོན་པོར་གནས་སྐོར་དུ་འགྲོ་བར་སེམས་ཐག་བཅད།
        ལམ་བར་དུ། གནས་སྐོར་པ་དང་ལྗོངས་རྒྱུ་པ་མང་བོོ་ཡོད་ཕྱིར། གཞོན་ནུ་མ་ལ་སུན་སྣང་དང་ཆད་སྣང་ཅི་ཡང་མ་སྐྱེས། ལམ་བར་དུ་གནས་སྐོར་པ་ལ་གསོལ་ཇ་ལྡུད་མཁན་མང་བོ་ཡོད་སྟབས། མོར་ལྟོགས་སྐོམ་ཆེན་པོ་མ་བྱུང་། མོའི་མངལ་གྱི་ཕྲུ་གུ་དེའང་ཕ་མའི་དྲིན་ལན་རྟོགས་པའི་བྱིས་པ་ཡ་རབས་ཤིག་ཡིན་པ་འདྲ་སྟེ། ལམ་སྐབས་རིང་བོར་ཨ་མའི་མངལ་གྱི་ཁང་བཟང་དུ་ཏིང་འཛིན་བསྒོམས་ཏེ། ཨ་མས་རང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་སྩོལ་བ་དང་བེམ་ཤེས་ཟུང་འཇུག་གི་གདམས་ངག་གནང་བར་ཁ་རོག་གེར་ངང་སྒུག་བྱེད་པས། གཞོན་ནུ་མ་ལ་དཀའ་སྡུག་ཆེན་པོ་བྱིན་མ་སོང་།
ད་ལྟ་མོ་བྱེ་མ་རྔ་རྡུང་དུ་སླེབས་སོང་།
        མུན་ཡོངས་སུ་རུབ་འདུག་པས། ལམ་འགྲམ་དུ་གནས་སྐོར་པ་དང་ལྗོངས་རྒྱུ་པ་ནི་མང་བོ་མཐོང་རྒྱུ་མི་འདུག་པར། རིམ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཏེ། མཇུག་མཐར་གཞོན་ནུ་མ་གཅིག་པུ་ལྷག་སོང་།
        བྱེ་མ་རྔ་རྡུང་ནི་མཚོ་སྔོན་པོའི་མཐའ་སྐོོར་དུ་ཡོད་པའི་ཁྱད་མཚར་བའི་གནས་ཆེན་ཞིག་ཡིན། ངག་རྒྱུན་དུ་གནའ་སྔ་མོའི་དུས་སུ་མཚོ་སྔོན་པོ་འཕྱུར་ཏེ་སྡེ་བ་ཁྲི་ཤོག་ཅིག་མཚོ་ལ་ནུབ་ཅིང་དགོན་སྡེ་ཡང་འགའ་རེ་ནུབ་པར་གྱུར་ཟེར། དེ་ནས་ལོ་མང་བོ་འགོར་རྗེས་མཚོ་འགྲམ་དུ་བྱེ་མའི་རི་སྒང་ཆེ་ཆུང་སྣ་ཚོགས་བྱུང་ཞིང་། དེ་ལས་ད་ལྟའི་བྱེ་མ་རྔ་རྡུང་འདི་ལ་མཚོན་ན། རྟག་པར་དུས་ཆེན་རེའི་སྐབས་སུ་བྱེ་མའི་རི་ཡི་ཁོང་གསེང་ནས་རྔ་ཆེན་རྡུང་བའི་སྒྲ་ཐོས་ཐུབ་པར་མ་ཟད། བྱེ་སྒང་དུ་ཉུག་ན་རིན་ཆེན་མཆོད་རྫས་ཀྱང་སྣ་ཚོགས་རྙེད་ཐུབ་ཟེར། ད་དུང་བྱེ་མ་རྔ་རྡུང་དུ་སྨུག་རྒྱུའི་གྲོང་ཁྱེར་ཡང་མཐོང་ཐུབ་སྟེ། སོས་དུས་ཀྱི་ཞོགས་པར་སྨུག་པ་རྒྱུ་བའི་དུས། ཁ་ཤར་ཕྱོགས་སུ་གཏད་དེ་བལྟས་ཚེ། བྱེ་མ་རྔ་རྡུང་གི་སྟེང་དུ་ངོ་མཚར་བའི་ལྷ་ཁང་རྒྱ་ཕིབས་ཅན་བརྗིད་ཀྱིས་ཁྱོགས་པ་ཧ་ཅང་གསལ་བོར་མཐོང་ཐུབ་སྐད། ཡིན་ནའང་། དེ་དག་ནི་གནས་སྐོར་པ་ཉུང་ཤོས་ཀྱིས་མ་གཏོགས་མཐོང་མི་ཐུབ། འོན་ཀྱང་།
        མཚོ་སྔོན་པོའི་ཉེ་འགྲམ་གྱི་སྡེ་བ་ཕྱི་ནང་ཀུན་ལ་ཤེས་གསལ་ཡོད་པ་ནི་བྱེ་མ་རྔ་རྡུང་དུ་སྤྱང་ཚོགས་འདུག་པ་དེ་རེད། གནའ་ནས་ད་ལྟའི་བར་དུ། བྱེ་མ་རྔ་རྡུང་དུ་གནས་སྐོར་པ་མང་བོ་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་པ་དང་། མཐའ་མར་ཀེང་རུས་མ་གཏོགས་ཅི་ཡང་ལྷག་མེད་པ་ཚང་མར་མིག་མཐོང་ལག་ཟིན་ཡིན། སྤྱིར་བྱེ་མ་རྔ་རྡུང་དུ་དགུན་ཁ་མ་གཏོགས་སྤྱང་ཚོགས་མེད་ལ། སྤྱང་ཀིའི་ཁ་གྲངས་ཀྱང་རིམ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་། ཉེ་བའི་ལོ་འགའི་རིང་ལ། ས་ཆ་ཀུན་ཏུ་ཁོར་ཡུག་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་པ་གཏན་འབེབས་བྱས་ཏེ་ལག་ལེན་མཐའ་འཁྱོལ་གནང་བར། བྱེ་མ་རྔ་རྡུང་དུ་སྤྱང་ཚོགས་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད། ད་ལྟ་སྤྱང་ཚོགས་ཀྱིས་བྱེ་མ་རྔ་རྡུང་དུ་གནས་ཚང་བཅས་ཡོད་ཕྱིར། དུས་བཞི་དབྱེར་མེད་དུ་ག་སར་རྒྱུ་ཞིང་། ལྷག་པར་མཚན་མོའི་དུས་ལ་སླེབས་ཚེ། སྤྱང་ཚོགས་ཀྱི་འོ་དོད་ནི་དངོས་གནས་རྣ་བར་གཟན་ལ་འཇིགས་སུ་རུང་བ་ཞིག་ཏུ་སྣང་།
        དོ་དགོང་། ནམ་མཁའ་རུ་ཟླ་བའང་མཐོང་རྒྱུ་མི་འདུག
        རླུང་བུ་དེས་སུ་ཞིག་ལ་བཟོད་སྒོམ་བྱེད་མ་འདོད་པ་ལྟར། རིམ་གྱིས་ཇེ་འཁྱག་ཏུ་འགྲོ་བཞིན་མཆི།
        ཁོ་ར་ཁོར་ཡུག་ཀུན་ཧ་ཅང་ལྷིང་འཇགས་ཡིན་པས། གཞོན་ནུ་མ་མདུན་ལ་འགྲོ་དུས་ལྷམ་མཐིལ་ལམ་འགྲམ་གྱི་རྡོ་ཟེགས་སྟེང་ལ་འདྲུད་པའི“ཐྲིག ཐྲིག”གི་སྒྲ་དེ་རྣ་བའི་བུ་གར་ཇེ་གསལ་ནས་ཇེ་གསལ་དུ་གྲག་ཡོང་།
        གཞོན་ནུ་མ་དེས་གློག་སྒྲོན་གསལ་ལ་མི་གསལ་བ་ཞིག་བཀར་ཡོད་ནའང་། འོད་སྣང་ཉག་ཕྲ་བ་དེས་མཚན་མོའི་ཕྱི་ཤུན་ཅིས་ཀྱང་བརྟོལ་མ་ནུས་པར། མདུན་ཕྱོགས་ནི་སྔར་བཞིན་ནག་རིབ་བེར་སྣང་བའི་སྨག་རུམ་སྟུག་པོ་དེ་ཡིན་ལ། སྨག་རུམ་སྟུག་པོའི་ཁྲོད་དུ་འཇིགས་སུ་རུང་བའི་གཅན་གཟན་གཏུམ་པོ་ཞིག་གིས་མཆེ་བ་གཙིགས། སྡེར་མོ་བགྲད་དེ་འགྲེང་ཡོད་པ་དང་འདྲ་ཞིང་། ཡང་མོའི་རྒྱབ་ཕྱོགས་སུ་གཅན་གཟན་གཞན་ཞིག་ཕྱི་བཞིན་འབྲངས་ནས་མོར་འཇབ་རྒོལ་བྱེད་གྲབས་ཡོད་པ་དང་འདྲ་བས། གཞོན་ནུ་མར་སྔོན་འཇིགས་གཞུག་འདྲོགས་ལངས་ཕྱིར། སེམས་པ་ནི་དུས་ཚོད་སྐར་ཆ་གཅིག་ལའང་བདེ་ཐབས་མེད་པར་འཇིགས་ཡེར་ཡེར་བྱེད། སྐབས་ཤིག་ལ། རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ཏེ། རྒྱང་རིང་གི་གནས་གང་ཞིག་ནས་འཇིགས་སུ་རུང་བའི་སྐད་སྒྲ་ཞིག་བར་མེད་དུ་གྲག་འོངས། མ་གཞི་དེ་ནི་སྤྱང་ཚོགས་ཀྱིས་འོ་དོད་སྒྲོག་པའི་སྒྲ་ཡིན་འདུག
        དོ་དགོང་། སྤྱང་ཚོགས་ལ་འཕྲད་སྲིད་དམ། འཕྲད་སྲིད་དམ།
        ཀྱེ་མ། སྐབས་འདིར་ཁྱོ་ག་འདི་རུ་ཡོད་ན་ཅི་མ་རུང་།
        ཏག་ཏག་སྐབས་དེར། གཞོན་ནུ་མའི་མཐོང་སྣང་ལ་སླར་ཡང་རང་གི་ཁྱོ་གའི་བཞིན་རས་གསལ་ལེར་སྣང་བྱུང་བར་མ་ཟད། འཕྲུལ་སྣང་ཁྲོད་དུ་ཁྱོ་གའི་བརྗིད་ཉམས་ཀྱི་གཟུགས་པོ་དེ་དང་། བརྟན་བརླིང་གི་གཤིས་ཀ་དེ། ད་དུང་སྨིན་ཐག་ཆོད་པའི་ཉམས་འགྱུར་དེ་དག་རེ་རེ་བཞིན་ཡིད་ལ་གཟུགས་བརྙན་ལྟར་ཤར་བ་ན། མོའི་སེམས་ཀྱི་འཇིགས་སྣང་དེ་སྐད་ཅིག་ཉིད་ལ་སྤྲོ་སྣང་དུ་གྱུར་ཏེ། སེམས་ལ་ཡོད་ཚད་བདེ་འཇགས་ཡིན་པའི་ཉམས་སྣང་ཞིག་སྐྱེས།
        སྐབས་ཤིག་ལ། མོར་རང་གི་སྔར་བྱས་ཀྱི་བྱ་བར་རྗེས་འགྱོད་ཚད་མེད་ཅིག་སྐྱེས་བྱུང་།
        ཉིན་དེར། གཞོན་ནུ་མ་དང་ཁྱོ་གའི་བར་དུ་བཟའ་འཁོན་ཆུང་ཆུང་ཞིག་ལངས་སོང་། དེའང་ཡིན་པ་ནི་གཞོན་ནུ་མས་མཆོག་སྤྲུལ་ཚང་གི་ལུང་བསྟན་ལྟར་མཚོ་སྔོན་པོར་གནས་སྐོར་དུ་འགྲོ་བར་སེམས་ཐག་བཅད་པར། གཞོན་ནུ་མའི་ཁྱོ་ག་གཏན་ནས་མོས་མཐུན་བྱུང་མ་སོང་། ཁོས་ཆུང་མར་མཚོ་སྐོར་དུ་ཕྱིན་ན་མ་མཐའ་ཡང་ཉིན་ལམ་བདུན་གྱི་དུས་ཚོད་དགོས། ལམ་བར་དུ་དཀའ་ཁག་མང་བོ་བརྒྱུད་དགོས་པར་མ་ཟད། ད་ལོར་གནས་སྐོར་པའི་ཁྲོད་དུ་རླངས་འཁོར་དོན་རྐྱེན་བྱུང་སྟེ་ཚེ་སྲོག་ཤོར་པའང་མང་ཙམ་བདོག་པས། རབ་ཡིན་ན་ཐག་ཉེའི་དགོན་པ་ཞིག་ལ་སོང་སྟེ་སྐྱབས་འཇུག་ལེགས་པོ་ཞུས་ཚེ། གཅིག་ནས་ལུས་ཕུང་ལ་གནོད་པ་ཆུང་།         གཉིས་སུ་ཁྱིམ་དོན་ལའང་བར་ཆད་མི་འདུག་ཅེས་ནན་ཏན་གྱིས་བརྗོད་པར། མོས་མཆོག་སྤྲུལ་ཚང་གིས་གནས་འགངས་ཆེན་གང་རུང་དུ་མཇལ་སྐོར་ལ་ཕྱིན་ན། ད་གཟོད་གེགས་དང་བར་ཆད་ཡོད་ཚད་ལས་བཟློག་ཐུབ་ངེས་ཞེས་གསུངས་པ་མ་ཡིན་ནམ། ཡང་གཅིག་བཤད་ན། ཁྱིམ་མཚེས་ཚང་གི་ཨ་ཅེ་ཚེ་སྐྱིད་མ་བུ་གཉིས་ཀས་ཀྱང་མཚོ་སྐོར་བདེ་བླག་ངང་མཇུག་བསྒྲིལ་ཐུབ་ན་ངས་ཅི་ལ་མི་ཐུབ། གལ་ཏེ་ཁྱོད་ལ་ཕྲུ་གུ་བསོད་ནམས་ཅན་ཞིག་བཙའ་དགོས་ན་ང་འགྲོ་རུ་ཆུགས་ཞེས་བཤད་པར། ཁྱོ་གའང་རེ་ཞིག་ཁ་རོག་གེར་བསྡད་དེ། དེས་ན་འུ་གཉིས་མཉམ་དུ་འགྲོ། ཁྱོད་གཅིག་པུ་ཅིས་ཀྱང་འགྲོ་མི་རུང་ཞེས་ཇི་ལྟར་བཀག་ཀྱང། ཨུ་ཚུགས་ཆེ་བའི་གཞོན་ནུ་མས་ཁོང་ཁྲོ་དང་བཅས་འུ་གཉིས་ཀ་སོང་ན་ཁྱིམ་སྲུང་སུ་ཡིས་བྱ། སྒོ་ཟོག་ལ་སུ་ཡིས་བལྟ། ཁྱིམ་དུ་རྐུན་མ་སླེབས་ན་ཇི་ལྟར་བྱ་ཞེས་ཁྱོ་ག་ལ་སྡིགས་མོ་ལན་འགའ་བཏང་བར། ཁྱོ་གའང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། མཐར་མོ་གཅིག་པུ་འགྲོ་རུ་འཇུག་རྒྱུ་ལས་ཐབས་གཞན་མ་བྱུང་།
ཨ་ཨ། ང་ནི་ཅི་འདྲའི་གླེན་མ་ཞིག་རེད་ཨང་། གལ་སྲིད་ཉིན་དེར་ཁོའི་ཁར་ཉན་ཡོད་ཚེ། ད་ལྟ་ཉེན་ཁ་ཅི་ཡང་བརྒྱུད་མི་དགོས་པར་རང་ཁྱིམ་དྲོན་མོར་ཁོ་དང་ལྷན་དུ་བསྡད་ཡོད་ངེས། ཁོས་བཤད་པ་ཅི་འདྲའི་བདེན་ཨང་། ཨ་ཨ། ང་ནི་དངོས་གནས་ཅི་ཡང་མི་ཤེས་པའི་གླེན་མ་ཤ་སྟག་ཅིག་རེད། མངལ་གྱི་ཕྲུ་གུ་འདི་ནི་ངེད་གཉིས་ཀྱིས་ཏག་ཏག་ལོ་ངོ་གསུམ་ལ་འབད་པ་བྱས་པའི་འབྲས་བུ་མ་ཡིན་ནམ། གལ་སྲིད་དོ་དགོང་ཉེན་ཁ་གང་རུང་ལ་འཕྲད་དེ་ཕྲུ་གུར་གནོད་སྐྱོན་ཐེབས་ཚེ། ངས་ནམ་ཡང་རང་ཉིད་གུ་ཡངས་སུ་གཏོང་མི་སྲིད། དཀོན་མཆོག་གསུམ་པོས་མཁྱེན། དོ་དགོང་བདེ་བླག་ངང་ཡུལ་ལ་ལྡོག་ཐུབ་པར་སྨོན། དོ་དགོང་གེགས་དང་བར་ཆད་གང་ལའང་མི་འཕྲད་པར་སྨོན།
        གཞོན་ནུ་མར་འགྱོད་གདུང་དྲག་པོ་སྐྱེས་ཏེ་རང་ཉིད་ཀྱི་སྔར་བྱས་ལ་ལེ་བདའ་བྱེད་ཅིང་། ཡིད་ལ་རང་གི་ཁྱོ་ག་ཡང་ཡང་འཁོར་ཡོང་བས། རེ་ཞིག་འགྲོ་མཚམས་བཞག་སྟེ་གནས་གཅིག་ཏུ་འགྲེང་ནས་བསྡད། མོས་འགྲོ་མཚམས་བཞག་མ་ཐག “ཐྲིག ཐྲིག”གི་སྒྲ་དེ་ཡང་རང་བཞིན་གྱིས་མེད་པར་གྱུར་སོང་། གཞོན་ནུ་མ་ལམ་འགྲམ་དུ་འགྲེང་སྟེ་ཕྱོགས་བཞིར་བལྟས་ཙམ་བྱས་མོད། ཁོ་ར་ཁོར་ཡུག་ཀུན་འཇིགས་སུ་རུང་བའི་སྨག་རུམ་གྱིས་བཏུམས་འདུག་ཅིང་། མཚན་གྱི་རླུང་བུ་དེས་ཀྱང་ཤུ་སྒྲ་ཞིག་བར་མེད་དུ་སྒྲོག་བཞིན་གཞོན་ནུ་མའི་རྣ་ཡི་བུ་གར་ཡུན་རིང་ཞིག་ལ་འཁྱུག་རྩེན་བྱེད་བཞིན་འདུག སྐབས་ཤིག་ལ། ལམ་འགྲམ་ནས་གློ་བུར་འདབ་ཆགས་གང་ཞིག་གིས་ཕུ་ཐག་ཐག་དང་བཅས་གཤོག་ཟུང་བརྡབས་ཏེ་གནས་ངེས་མེད་དུ་འཕུར་བ་ན། གཞོན་ནུ་མར་འཇིགས་སྣང་གློ་བུར་བ་ཞིག་སྐྱེས་ཏེ། ལུས་པོ་སྦྲིད་གྱི་ལེར་སོང་བ་དང་། སྙིང་ནི་ཡ་ཆུང་ཁོག་ནས་མཆོང་ཐེངས་གཅིག་གིས་མགྲིན་སྒོར་སླེབས་ཏེ་ཅུང་ཙམ་མིན་ན་ཁ་ནས་ཕྱི་རུ་ལྷུང་ལ་ཁད་དུ་གྱུར། དེ་དང་ཆབས་ཅིག མདུན་ཕྱོགས་ནས་སྤྱང་ཚོགས་ཀྱིས་འོ་དོད་སྒྲོག་པའི་སྒྲ་རྣ་བར་གཟན་པ་དེ་ཡང་སྔ་རྗེས་སུ་གྲག་ཡོང་བར་བརྟེན། གཞོན་ནུ་མར་སྔར་བས་སྔངས་སྐྲག་གཟིལ་བུན་པ་ཞིག་སྐྱེས་པས། རྐང་ལག་བར་མེད་དུ་འདར་ཞིང་མཆི་མའི་དོག་པ་འགའ་ཡང་དབང་མེད་དུ་མཁུར་མགོ་བརྒྱུད་ནས་ས་ལ་གྲིལ་སོང་། མོའི་ཉམས་སྣང་ལ། སྤྱང་ཚོགས་ནི་མོ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་བཞིན་ཡོད་པ་འདྲ། འཇིགས་སྣང་དེའི་ཁྲོད་དུ། མདུན་ཕྱོགས་ཀྱི་རི་སྒང་མཐོན་པོ་དེའང་སྨག་རུམ་སྟུག་པོའི་ཁྲོད་དུ་བརྗིད་ཏིག་གེར་འགྱིང་འདུག་སྟེ། དེའི་ཕ་རོལ་ཏུ་དུད་ཁྱིམ་ཞིག་ཡོད་མེད་ལའང་ངེས་གཏན་ཅི་ཡང་མེད་པས། གཞོན་ནུ་མས་མྱུར་མོར་ཨམ་ཕྲག་ལས་ཁ་པར་བླངས་ཏེ་ཁྱོ་གའི་ཨང་གྲངས་ཚོམ་མེད་དུ་མནན།
“ཁྱོད་གང་ན་ཡོད།”
“ངས་ཡུལ་ན་ཁྱོད་ལ་བསྒུགས་ནས་བསྡད་ཡོད། ཁྱོད་ད་ལྟ་གང་ན་ཡོད།” གཞོན་ནུ་མའི་ཁྱོ་ག་ལ་དགའ་སྣང་ཆེན་པོས་བརྟས་བྱུང་།
“ང་ད་ལྟ་ཧ་ཅང་སྐྲག་གི ……” གཞོན་ནུ་མ་གློ་བུར་ངུས་བྱུང་།
“ཁྱོད་ལ་ཅི་ཞིག་བྱུང་སོང་ངམ། ཁྱོད་ད་ལྟ་གང་ན་ཡོད། …… ཁྱོད་མ་ངུ། ཁྱོད་ད་ལྟ་གང་ན་ཡོད། …… ཁྱོད་ཀྱིས་སྐད་ཆ་ཤོད་ཡ……” གཞོན་ནུ་མའི་ཁྱོ་གར་བྲེལ་ཚུབ་ཆེན་པོ་ལངས་བྱུང་།
“ང། ང་བྱེ་མ་རྔ་རྡུང་ན་ཡོད། འདི་རུ། འདི་རུ་སྤྱང་ཚོགས་འདུག ང་ཧ་ཅང་སྐྲག་གི……”ཁ་པར་ལས་གཞོན་ནུ་མའི་ངུ་སྐད་མཐོ་ནས་མཐོ་རུ་འཕགས།
“ཁྱོད་མ་སྐྲག ང་མགྱོགས་པོར་བརྒྱུགས་ནས་ཡོང་། ཁྱོད་མ་སྐྲག ད་ལྟ་ཁྱོད་གང་ལའང་མ་འགྲོ། གནས་དེ་རུ་ང་ལ་བསྒུགས་ནས་སྡོད། ང་མགྱོགས་པོར་བརྒྱུགས་ནས་ཡོང་། ……”
        གཞོན་ནུ་མའི་ཁྱོ་གས་འཕྲལ་མར་གསར་དུ་ཉོས་པའི་འཕྲུལ་རྟར་ཁ་ལོ་བསྒྱུར་ཏེ་བྱེ་མ་རྔ་རྡུང་གི་ཕྱོགས་སུ་བྱ་འཕུར་བ་ལྟར་བརྒྱུགས་སོང་། རིག་སྨོན་གྲོང་རྡལ་ནས་བྱེ་མ་རྔ་རྡུང་གི་མཚམས་སུ། གཞུང་ལམ་ནི་ཤིན་ཏུ་བདེ་བས། མགྱོགས་པོར་རྒྱུག་ཚེ་དུས་ཚོད་སྐར་མ་སུམ་ཅུ་ལྷག་ལས་མི་དགོས།
ལམ་བར་དུ། གཞོན་ནུ་མའི་ཁྱོ་གས་ངག་ནས་གཟུངས་སྔགས་གང་རུང་ཞིག་མཚམས་མེད་དུ་ཟློ་ཞིང་། ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་བ་ཡང་ཡང་བཏབ། ཉིན་བདུན་གྱི་ཡར་སྔོན་གྱི་ཞོགས་པ་དེར་ཡང་། གཞོན་ནུ་མས་དེ་ལྟར་ཨུ་ཚུགས་མཐར་སྐྱེལ་གྱིས་མཚོ་སྔོན་པོར་གནས་སྐོར་དུ་ཕྱིན་རྗེས། ཁོ་དེའི་མུར་ཉེ་འཁོར་གྱི་དགོན་པ་ཁ་ཤས་ལ་སོང་སྟེ་སྐྱབས་འཇུག་དང་རིམ་གྲོ་རབ་དང་རིམ་པ་བསྒྲུབས་པར་མ་ཟད། ཉིན་རེར་མཆོད་མདུན་དུ་མཆོད་མེ་རྐོང་བུ་གསུམ་རེ་ཆད་དུ་མ་བཅུག ཁོ་ལ་མཚོན་ན་གཞོན་ནུ་མ་དང་གཞོན་ནུ་མའི་མངལ་གྱི་ཕྲུ་གུ་གཉིས་ནི་ཁོའི་མི་ཚེ་འདིའི་ཚེ་ནོམ་ཉག་གཅིག་ཡིན་ལ། ཁོ་མི་ཡུལ་འདིར་གསོན་པའི་མཐར་ཐུག་གི་སྙིང་བོ་དང་དམིགས་ཡུལ་ཡང་ཡིན་པས་ན། གལ་སྲིད་ཁོ་གཉིས་ལ་གེགས་དང་བར་ཆད་གང་རུང་བྱུང་ཚེ། ཁོ་རྩ་བ་ནས་སྨྱོ་བར་འགྱུར་སྲིད་ལ་ཚོམ་མེད་དུ་རང་སྲོག་གཅོད་པའི་ངེས་པའང་ཡོད།
        གཞོན་ནུ་མའི་ཁྱོ་ག་དངོས་གནས་བྱ་འཕུར་བ་ལྟར་བརྒྱུགས་ཏེ། ད་ལྟ་གཞི་ནས་བྱེ་མ་རྔ་རྡུང་གི་མཚམས་སུ་སླེབས་བྱུང་།
        ཁོས་ཁ་པར་བླངས་ཏེ་ཆུང་མའི་ཨང་གྲངས་ལན་དུ་མར་མནན་མོད། འོན་ཀྱང་གཞོན་ནུ་མས་ཁ་པར་གྱི་ཁ་བརྒྱབ་འདུག་པས། ཁོའི་སེམས་པ་སྐད་ཅིག་ཉིད་ལ་བློང་བློང་བོར་གྱུར་པ་དང་། སེམས་སུ་འཇིགས་རུང་གི་དོགས་གཞི་སྣ་ཚོགས་ཤིག་ཀྱང་སྔ་རྗེས་སུ་འཕོས་བྱུང་། དེའི་དུས་ཁོའི་ལུས་སེམས་ཀུན་ལ་འགོག་ཐབས་མེད་པའི་ཞེད་སྣང་ཞིག་དང་འཚུབ་སྣང་ཞིག་གིས་ཡོངས་སུ་ཁེངས།
གནམ་རྒན་མ། མོ་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་སོང་བ་མ་ཡིན་ནམ།
        ཁོས་དེ་ལྟར་དྲན་མོད། སེམས་སུ་རང་གི་ཆུང་མ་ཡང་སྙིང་གནས་གང་ཞིག་ཏུ་ཡིབས་ནས་བསྡད་ཡོད་པར་བསམ་བློ་བཏང་། བྱེ་མ་རྔ་རྡུང་དུ་རི་སྒང་ནི་ཕྲེང་བསྟར་དུ་ཡོད་སྟབས། ཁོས་འཕྲུལ་རྟ་ལམ་འགྲམ་དུ་བསྐྱུར་ཏེ། གཡོན་ཕྱོགས་ཀྱི་བྱེ་མའི་རི་སྒང་ཞིག་གི་སྟེང་ལ་འགོས་ནས་ལག་གི་གློག་སྒྲོན་གསལ་བོ་དེ་ཕྱོགས་སོ་སོར་བཀར་ཐོག སྐད་གསང་མཐོན་པོས་ཆུང་མའི་མིང་ནས་ཡང་ཡང་བོས་མོད། འོན་ཀྱང་སྨག་རུམ་སྟུག་པོའི་ཁྲོད་དུ་ཁོ་ལ་ཨ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་། ཁོས་མུ་མཐུད་དུ་གློག་སྒྲོན་བཀར་ཏེ་འོབས་གྲོག་རེ་རེ་དང་གཞུང་ལམ་གྱི་ཟམ་པའི་འོག སྒང་གཤོང་དུ་ཡོད་པའི་རྩི་ཕུང་དེ་དག་གི་རྒྱབ་དང་།
ད་དུང་གྲམ་གསེང་དང་ལ་ལུང་ཀུན་ལ་སོང་སྟེ་ཞིབ་ཀྱིས་བཙལ་མོད། གཞོན་ནུ་མ་དང་གཞོན་ནུ་མའི་མངལ་གྱི་ཕྲུ་གུ་གཉིས་ནི་གང་ནའང་མི་འདུག
        ཨ་ཨ། གནམ་རྒན་མ། མོ་དངོས་གནས་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་སོང་བ་མ་ཡིན་ནམ།
        ཡིན་མི་སྲིད། གཏན་ནས་ཡིན་མི་སྲིད། དཀོན་མཆོག་གསུམ་པོས་མོར་མགོན་སྐྱབས་གནང་ངེས།
        སྐབས་ཤིག་ལ། ཁོས་གློ་བུར་སྤྱང་ཀི་འགའ་ཡི་ངུ་སྐད་ཐོས་བྱུང་། ཞིབ་ཀྱིས་ཉན་པ་ན། དེ་ནི་ངུ་སྐད་མ་ཡིན་པར་སྤྱང་ཀིའི་དགོད་སྒྲ་ཡིན་པ་འདྲ། གང་ལྟར་སྐད་སྒྲ་དེ་ནི་ཧ་ཅང་གསལ་བས། སྤྱང་ཀི་དེ་ཚོ་ཐག་མི་རིང་བའི་གནས་ཤིག་ན་ཡོད་པ་ངེས་གཏན་ཡིན་པའི་ཚོར་སྣང་བྱུང་། ཁོས་ཡང་བསྐྱར་ཞིབ་ཀྱིས་ཉན་ཚེ། སྤྱང་ཀི་དེ་ཚོས་ཁོ་ལ་སྙད་རྐོ་བ་བཞིན་ཁྱོད་ཀྱི་ཆུང་མ་དང་ཕྲུ་གུ་གཉིས་འདི་རུ་ཡོད། ཁྱོད་ཀྱི་ཆུང་མ་དང་ཕྲུ་གུ་གཉིས་ང་ཚོས་ཟོས་ཚར། ཁྱོད་ཀྱི་ཆུང་མ་དང་ལྷག་པར་ཕྲུ་གུའི་ཤ་ནི་ཅི་འདྲའི་ཞིམ་པ་ལ་ཨང་ཞེས་སྐད་ཅོར་ཡང་ཡང་རྒྱག་པ་དང་འདྲ་བས། ཁོ་ཞེ་སྤོ་གཏིང་ནས་ལངས་ཏེ་སྙིང་ནད་བཟོད་བསྲན་མི་ནུས་པ་ཞིག་འགོག་མེད་དུ་སྐྱེས་པའི་མོད་ལ། དེའི་མུར་རི་སྒང་ཞིག་གི་རྩེ་ལ་འགོས་ཏེ་སྤྱང་ཚོགས་ཀྱི་ཕྱོགས་སུ་ཁ་གཏད་ནས་སྐད་གསང་མཐོན་པོས་ཀི་རིང་ལན་གསུམ་བཏབ་པ་ན། སྤྱང་ཀི་དེ་དག་ཀྱང་ཁོའི་འཇིགས་སུ་རུང་བའི་ཀི་སྒྲ་ལ་སྐྲག་ཐག་ཆོད་དེ་གང་ཞིག་ལ་བྲོས་པའམ་ཡང་ན་གང་ཞིག་ཏུ་ཡིབས་ནས་བསྡད་ཡོད་པ་ལྟར། ཡུད་ཙམ་ལ་གྲག་འགུལ་ཅི་ཡང་ཐོས་རྒྱུ་མ་བྱུང་།
ཨ་ཨ། གནམ་རྒན་མ། མོ་དངོས་གནས་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་སོང་བ་མ་ཡིན་ནམ།
མིན། དོ་དགོང་ངས་ཅིས་ཀྱང་ཆུང་མ་དང་ཕྲུ་གུ་གཉིས་རྙེད་ཐབས་བྱེད་དགོས།
        གཞོན་ནུ་མའི་ཁྱོ་གས་རང་སེམས་ལ་དེ་ལྟར་དམ་བཅས་རྗེས། མུ་མཐུད་དུ་རང་གི་ཆུང་མ་དང་ཕྲུ་གུ་གཉིས་བཙལ་བར་ཕྱིན། ཡིན་ནའང་། ཁོ་བྱེ་མའི་རི་སྒང་དུ་མ་ཞིག་བརྒལ་ཏེ་ཕྱིན་ཀྱང་། རི་བོའི་ཕ་རོལ་ཏུ་ད་དུང་རི་བོ་ཡོད་ལ། སྤྱང་ཚོགས་ཀྱི་སྐད་ཅོར་ནི་སྐབས་རེར་ཉེ་ཞིང་མཚམས་རེར་རིང་དུ་མཆིས། ཡང་སྐབས་རེར་ཕྱོགས་སོ་སོ་ན་གྲག་བཞིན་པའི་ཚོར་སྣང་སྟེར་ཞིང་། ལན་རེར་སྒྲ་ཅི་ཡང་ཐོས་རྒྱུ་མེད་པར་ཁུ་སིམ་མེར་སྣང་། ཁོས་དེ་ལྟར་ཡུན་རིང་ཞིག་ལ་བཙལ། ཡིན་ནའང་། ཁོས་རང་གི་ཆུང་མ་དང་ཕྲུ་གུ་གཉིས་ད་དུང་རྙེད་མ་སོང་།
        ཀྱེ་མ། ཁོ་གཉིས་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་སོང་། མོའི་མངལ་ན་ད་དུང་ཟླ་བ་བདུན་མ་གཏོགས་འགོར་མེད་པའི་བདག་གི་མ་འོངས་པའི་གཅེས་ཕྲུག་ཡོད་པ་མིན་ནམ། ཨ་ཨ། དེ་ནི་ཅི་འདྲའི་འཇིགས་སུ་རུང་བའི་རྣམ་པ་ཞིག་རེད་ཨང་། དེ་ནི་ཅི་འདྲའི་བཟོད་གླགས་བྲལ་པའི་དོན་དག་ཅིག་རེད་ཨང་།
        གནམ་རྒན་མས་ངའི་ལས་དབང་ལ་འདི་འདྲའི་མནར་གཅོད་གཏོང་དགོས་དོན་ཅི།
        མཚན་མོ་དེར། གཞོན་ནུ་མའི་ཁྱོ་གས་རང་གི་ཆུང་མ་དང་ཕྲུ་གུ་གཉིས་ཅིས་ཀྱང་རྙེད་མ་སོང་བས། བར་སྐབས་ཤིག་ལ། ཁོའི་ཡིད་སེམས་རབ་ཏུ་ཕམ། འགྱོད་གདུང་དྲག་ཏུ་འཕྱུར། ན་ཟུག་བཟོད་མེད་སྐྱེས། གང་ལྟར་ཀྱང་། མཚན་མོ་དེར། ཁོས་ཅིས་ཀྱང་རང་གི་སྙིང་ཉེ་བའི་ཆུང་མ་དང་གཅེས་སུ་འོས་པའི་ཕྲུ་གུ་གཉིས་རྙེད་ཐུབ་མ་བྱུང་།
        ཕྱི་ཉིན། སྐྱ་རེངས་ཀྱིས་འབོད་བརྡ་གཏོང་བཞིན་མུན་པ་སྟུག་པོ་དེའི་ཡོལ་བ་རིམ་གྱིས་ཕྱེ་སྟེ། མི་ཡུལ་འདིར་ཡང་བསྐྱར་འོད་སྣང་དང་སྤྲོ་སྐྱིད་སྦྱིན་པའི་ཉི་གཞོན་གསར་བ་ཞིག་བསུས་ནས་འོངས། དེའི་དུས་མཚན་སྨག་གི་ཁུ་སིམ་ཁད་ཀྱིས་དཀྲོགས་སོང་བས། མི་ཡུལ་འདིར་རེ་ཞིག་འ་འུར་ཟང་ཟིང་གིས་ཁེངས་སོང་།
        ཉི་མ་ཤར་ཏེ་ཐག་ཚད་ཅིག་ལ་སླེབས་འདུག བྱེ་མ་རྔ་རྡུང་གི་ལམ་འགྲམ་དུ་གནས་སྐོར་པ་དང་ལྗོངས་རྒྱུ་པའི་རླངས་འཁོར་ནི་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་ཕྱིན།
        སྐབས་ཤིག་ལ། རྒྱབ་ལ་རྡོག་ཁྲེས་ཁུར་བའི་གནས་སྐོར་པ་སྐོར་ཞིག་དང་ལྗོངས་རྒྱུ་པ་སྐོར་ཞིག་ཕྱོགས་གཅིག་ཏུ་རུབ་འདུག་ལ། ད་དུང་གནས་སྐོར་པ་དང་ལྗོངས་རྒྱུ་པ་གཞན་དག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་གནས་དེར་བསྐྱོད་པ་དང་བསྟུན། ཡུད་ཙམ་གྱི་རིང་ལ་གནས་དེར་མི་མང་བོ་འདུས་ཤིང་། ཡུན་རིང་ལ་མི་ཚོགས་ཁྲོད་དུ་འ་འུར་ཟང་ཟིང་གིས་ཁེངས་ནས་གདའ།
        མི་ཚོགས་རུབ་ས་ནི་བྱེ་མ་རྔ་རྡུང་གི་ལམ་འགྲམ་གྱི་དེའུ་འབུར་ཞིག་གི་རྒྱབ་ཕྱོགས་ཡིན་ཏེ། གནས་དེར་མི་ཞིག་གི་ཀེང་རུས་འདུག་ལ། མཐའ་སྐོོར་དུ་ཧྲལ་ཧྲུལ་དུ་བཏང་བའི་ལྭ་བ་ནི་ཕྱོགས་ངེས་གཏན་མེད་པར་གཡུགས་འདུག་པས། ཕོ་མོ་སུ་ཞིག་གི་ཡིན་པའང་རྟོགས་མི་ཐུབ། ལྭ་བའི་ངོས་སུ་ད་དུང་ཟུངས་ཁྲག་གསར་བའི་ཐིགས་པ་མང་བོ་ཀར་ཀོར་དུ་བསྒོས་འདུག མ་གཞི། མི་དེའང་བྱེ་མ་རྔ་རྡུང་དུ་སྤྱང་ཚོགས་ཀྱི་ཁ་ཟས་སུ་གྱུར་སོང་བའི་ནང་གི་གཅིག་རེད་འདུག མི་ཚོགས་ཁྲོད་དུ་ལ་ལས་དེ་ནི་སྐྱེས་པ་ཞིག་གི་ཀེང་རུས་རེད་ཟེར། ཡང་ལ་ལས་དེ་ནི་སྐྱེས་མ་ཞིག་གི་ཀེང་རུས་རེད་ཟེར། ལ་ལས་དེ་ནི་གནས་སྐོར་པ་ཞིག་རེད་ཟེར། ཡང་ལ་ལས་དེ་ནི་རྐུན་མ་ཞིག་རེད་ཟེར། ཏག་ཏག་སྐབས་དེར། མངལ་ལ་ཕྲུ་གུ་ཁུར་བའི་གཞོན་ནུ་མ་དེ་ཡུལ་གང་ཞིག་ནས་བྲེལ་སྔངས་དང་བཅས་ཡོང་སྟེ་མི་ཚོགས་ཀྱི་མཐའ་རུ་སླེབས་པ་དང་། དེ་ནས་མིག་ཟུང་ཅེ་རེར་ཀེང་རུས་དེ་ལ་ཡང་ཡང་བལྟས་མོད། འོན་ཀྱང་མོས་ཀེང་རུས་དེ་ནི་ཡང་སྙིང་སུ་ཞིག་གི་ཡིན་པ་གསལ་བོར་མ་རྟོགས་པས། རེ་ཞིག་མི་ཚོགས་ཀྱི་མཐའ་རུ་འགྲེང་སྟེ་སེམས་པ་བློང་བློང་བོར་ལུས། སྐབས་ཤིག་ལ། མི་ཚོགས་ཁྲོད་དུ་མི་ཞིག་གིས་གློ་བུར་སྐད་གདངས་མཐོན་པོའི་སྒོ་ནས“ལྟོས་དང་། མི་དེའི་ཐོབ་ཐང་ལག་ཁྱེར་འདི་ན་འདུག”ཅེས་ཐང་གི་བྱེ་མའི་གསེང་ནས་བྱང་བུ་ཞིག་ཡར་ལ་བསྒྲུགས། མི་ཚོགས་ཀྱིས་མགྲིན་གཅིག་ཏུ“ཨ། སུ་རེད། སུ་རེད”ཅེས་ཧ་ཅང་མཚར་སྣང་དང་བཅས་དྲིས་པ་ན། མི་དེས་ཐོབ་ཐང་ལག་ཁྱེར་ངོས་ལ་ཞིབ་ཀྱིས་བལྟས་ཙམ་བྱས་རྗེས།“དོན—གྲུབ—རྒྱ—མཚོ”ཞེས་ངག་ནས་བརྗོད་མ་ཐག མི་ཚོགས་ཀྱི་མཐའ་ནས་མི་ཞིག་གིས་གློ་བུར“ཨ་རོག་ཚོ། ཨ་རོག་ཚོ། བུད་མེད་སྦྲུམ་མ་འདི་བརྒྱལ་བར་གྱུར་ཐལ……”ཞེས་སྐད་ཅོར་བརྒྱབ་པ་ཐོས་བྱུང་།
(རྩོམ་སྒྲིག་འགན་འཁུར་པ་ཁོན་ཐར་རྒྱལ་ཡིན)


རྩོམ་ཡིག་སྔོན་མ།
སྤྱིའི་དེབ་144པ།
རྩོམ་ཡིག་རྗེས་མ།
སྤྱིའི་དེབ་145པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1