འབྲི་ཆུའི་ལྷོ་རྒྱུད་དུ་བསྐྱོད་པ།

གནམ་བྱམས་ཚེ་རིང་། [མཚོ་ལྷོ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


སྤྱི་ཟླ12པའི་ཚེས9ཉིན། ང་ཚོ་གཞི་རིམ་གྱི་དགེ་རྒན་བདུན་ཅུ་ལྷག་མཚོ་སྔོན་ཞིང་ཆེན་གྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་མེ་འཁོར་འབབ་ཚུགས་སུ་འདུས་ཏེ། ཧྲང་ཧེའི་ཕྱོགས་སུ་བསྐྱོད་པའི་མེ་འཁོར་ལ་བསྒུགས་ནས་བསྡད། མེ་འཁོར་གཏོང་རག་བར་དུ་ཉིན་ཕྱེད་ལྷག་གི་ཆུ་ཚོད་འདུག་པས་གྲོགས་པོ་འགའ་དང་ལྷན་དུ་རྒྱ་སྲང་ལ་ཉུག ཉིན་དེའི་ཟི་ལིང་གི་ནམ་ཟླ་ཧ་ཅང་འཁྱག་ལ་རྔམས་མཐུག་པའི་སྨུག་སྤྲིན་ཁྲོད་ཀྱི་ཁྲི་གདུགས་ཉི་མ་ནི། སེང་རས་ཀྱིས་བཏུམས་པའི་སྣུམ་སྒྲོན་ཞིག་དང་འདྲ་བར་ཚ་དྲོད་ཞན་ཞིང་། སྐྱ་མདོག་གི་སྣང་བ་གསོན་ཤུགས་མེད་པ་ཞིག་ས་གཞིར་འཕྲོས་པས། མི་དག་གི་ལུས་སེམས་ཉོབ་པར་བྱེད་པའི་ཚོར་བ་ཞིག་སྟེར་ཡང་། གདོང་ལ་རྒྱ་ཁབ་ཀྱིས་གཙགས་པ་ལྟ་བུའི་ཙག་རྡེའུ་རྣོན་པོས་འགྲམ་པ་གཉིས་ཚ་བེར་བེར་དུ་བཏང་སྟེ་ཤེས་པ་གསལ་བོར་བྱེད་པས། མཐོ་སྒང་གི་གྲོང་ཁྱེར་ཞིག་གི་རང་གཤིས་མངོན་པ་ཙམ་ལས། དྲོད་འཇམ་གྱི་ཉི་འོད་དབེན་ཞིང་རྡུལ་སྨུག་འཐིབས་པའི་ཁ་དབུགས་དང་།
སྣོམ་བྱེད་ལ་སྡང་བའི་དྲི་བཞོན་སོགས་ཀྱིས་གནའ་བོའི་ཙོང་ཁ་བདེ་ཁམས་ཞེས་ཟིལ་རྔམ་ཆེ་བའི་ཐ་སྙད་ཀྱི་བཟོ་ལྟ་སྔ་མོ་ནས་བཅོམ་འདུག

ཙོང་ཁ་བདེ་ཁམས་ཀྱི་ཡུལ་གྱི་ལྟེ་བ་ནི་ཟི་ལིང་ཡིན་ལ། ཟི་ལིང་ཟེར་བ་ནི་རྒྱ་སྐད་ཀྱི་ཞིས་ཉིན(西宁)ཟེར་བ་ཟུར་ཆག་པར་བཤད་ཀྱང་། དོན་ལ་སྟོད་ཀྱི་སྐུ་འབུམ་ཚོ་དྲུག་གི་ཟི་ན་ལུང་བ་དང་སྨད་ཕྱོགས་གྲོ་ཚང་ལུང་བདུན་གྱི་ལུང་བ་གཉིས་བསྡོམས་པའི་ཡུལ་མིང་ལ་ཟི་ལུང་དུ་ཐོགས་པ་ཟི་ལིང་དུ་གྱུར་སྐད། གང་ལྟར་སྟོང་སྐོར་གྱི་མདོ་བ་མན་ནས་སྐུ་འབུམ་ཆིས་ཀྱཱ་ཚོ་བའི་ཡན་གྱི་ཡུལ་འདི་དག་ཟི་ན་ཚོ་བའི་ཁོངས་སུ་གཏོགས་པས། ཟི་ལིང་ཞེས་པའི་མིང་འདི་ཟི་ན་ཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་སྨོས་མ་དགོས། ཟི་ན་ལ་རྒྱ་སྐད་དུ་ཞིས་ན(西纳)ཟེར་བ་རིམ་གྱིས་ཞིས་ཉིན་དུ་བཅོས་པ་ཡིན་ཚུལ་དོན་གྱིས་རྟོགས་ནུས།

ཟི་ལིང་མཁར་གྱི་ནུབ་སྒོའི་ཉེ་འགྲམ་དུ་རྒྱལ་བསྟན་ཡན་ལག་བརྒྱད་ལྡན་གྱི་རྒྱུན་བཟང་རིང་དུ་བསྲིངས་ཤིང་ལེགས་པར་གསོ་མཁན་མཁས་པ་མི་གསུམ་གྱི་སྐུ་གདུང་བཞུགས་པའི་ལྷ་ཁང་དང་། ལྷོ་སྒོའི་ཉེ་འགྲམ་དུ་ཙོང་ཁ་དགོན་པ་སོགས་མཆིས་ལ། ཟི་ལིང་ནས་ཤར་དུ་དཔག་ཚད་བཅུ་ཕྲག་གཅིག་དང་ཕྱེད་ཀའི་སར། ཕྱི་དར་བསྟན་པའི་མེས་པོ་བླ་ཆེན་དགོངས་པ་རབ་གསལ་གྱི་སྐུ་གདུང་བཞུགས་པའི་དམར་གཙང་ལྷ་ཆེན་སོགས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་རྟེན་དུ་ལྷམ་མེར་ལྷན་ནེར་བཞུགས་པས། ཡུལ་འདི་རིག་གནས་འཚོ་བཅུད་ཀྱིས་ལེགས་པར་གསོས་པའི་ཡུལ་གྲུ་གསོན་ཤུགས་ཅན་ཞིག་ཏུ་མངོན་པར་བསྐྲུན་ཡོད་མོད། ཁང་བར་མི་མཐོང་ཞིང་ཚང་ཚིང་ལྗོན་པའི་ཚལ་ལ་རྣམ་པར་རྟོག་པའི་དེང་གི་ཁང་རྩེག་གི་གསེབ་ཏུ། མཁས་པ་མི་གསུམ་གྱི་ལྷ་ཁང་རྙེད་དཀའ་ཞིང་ཙོང་ཁ་རྒྱལ་པོའི་སྐུ་མཁར་གྱི་རྗེས་ཤུལ་དང་སྐྱེན་པོ་མི་དགུའི་རིགས་ཀྱི་མྱུ་གུའི་གཟུགས་རིས་རྣམས་ཀྱང་བག་ལ་ཞ་འདུག

དེ་ལྟར་ཉིན་ཕྱེད་ལ་ཟི་ལིང་མཁར་དུ་ཉུག་རྗེས། བསམ་གཞིག་རུམ་གང་དང་དགའ་སྐྱོའི་ཚོར་བ་སྣ་ཚོགས་ཤིག་ཁུར་ཏེ་མེ་འཁོར་ལ་བུད། འགྲུལ་པ་ལ་ལ་ནི་ཨ་མས་སླེ་བོའི་ནང་གི་བྱིས་པ་དལ་གྱིས་རྫི་བ་ཇི་བཞིན། མེ་འཁོར་གྱི་འགྲོས་དབྱངས་དང་བསྟུན་ཏེ་ཅུང་ཙམ་ཡོ་ཡོ་བྱེད་ཅིང་ལ་ལ་ཞིག་གཉིད་དུ་ཡུར་འདུག ཉན་ཆས་རྣ་བར་གསེབ་སྟེ་དབང་བོ་ཀུན་ནས་མྱོས་འདུག་པ་ཉུང་ཉུང་མིན་ལ། འོད་ཐིག་ཐལ་ལྕག་ཙམ་གྱི་ཁ་པར་ངོས་ལ་མིག་དབང་ཅེར་ནས་ཡིད་དབང་ཅིག་ཅར་ཁ་པར་ནང་དྲངས་འདུག་པའང་ཆེ་ཆུང་ཀུན་འདྲའོ། །འདི་དག་ནི་དུས་རབས་ཀྱི་གཞོན་སྐྱེས་དག་གི་སྔོན་ཐོན་འཚོ་བའི་རོལ་སྟངས་ཤིག་གམ། རྒ་བའི་རྡོག་ཁྲེས་ལྕི་བའི་རྒད་པོ་དག་གི་རྨོངས་པ་ཡིན་ནམ། ཡང་ན་ཆོ་འཕྲུལ་བདུད་ཀྱི་གཡབ་མོ་ཅི་ཡིན་ཆ་མ་འཚལ་མོད། གང་ལྟར་ཁ་པར་ནི་ཡིག་ངོ་ཟིན་ནོ་ཅོག་གི་དབང་བོ་སྒོ་ལྔའི་འཆིང་ཐག་ཏུ་གྱུར་ནས་ཐམས་ཅད་དེའི་ཁོལ་བོར་གྱུར་འདུག དམངས་ཁྲོད་ཀྱི་བཤད་ཚུལ་ཞིག་ལ། བསྐལ་པ་སྙིགས་པའི་ཐ་མ་ལ། ལྟས་ངན་བརྒྱད་ཅུ་རྩ་གཅིག་དར་དུས་འཛམ་གླིང་གེ་སར་རྒྱལ་པོ་སླར་ཡང་མི་ཡུལ་དུ་བྱོན་ནས། བདུད་རིགས་དེ་དག་འདུལ་དགོས་པའི་དུས་ཤིག་འོང་ཞེས་པའི་གཏམ་དེའི་ཕུགས་དོན་ལ་སྙེག་བཞིན། ང་མལ་ཤག་གི་མདོའི་ཨོང་སྟེགས་སུ་བསྡད་དེ་ཕྱི་རོལ་ལ་བལྟས། མེ་འཁོར་གྱི་སྒེའུ་ཁུང་འགྲམ་ན་ཕྱི་ཕྱིར་འབྲོས་ཤིང་རྒྱུག་པ་ལྟ་བུའི་ལམ་སྒྲོན་དང་།
སྐར་ཚོགས་ས་ལ་འཕོས་འདྲའི་སྒྲོན་གསལ་དག་ལས་དམར་གཙང་དང་ལུང་མདོ། ལན་གྲུ་གྲོང་ཁྱེར་སོགས་སུ་རིམ་གྱིས་ལྷགས་པ་གསལ་བོར་རྟོགས་པ་ལས། ལམ་སྐབས་གཞན་གྱི་བར་སྣང་མུན་པའི་ཡོལ་རས་ཀྱིས་ཡོངས་སུ་བཏུམས་འདུག་སྟབས་ས་ཚོད་ཟིན་དཀའ། ནམ་ལངས་པ་ན་ང་ཚོ་གྲོང་ཁྱེར་ཞིས་ཨན་དུ་སླེབས་འདུག  མེ་འཁོར་ཏག་ཏག་ཁྲང་ཨན་གྱི་བཀྲ་ཤིས་ཁྲི་སྒོའི་ཉེ་འགྲམ་ནས་འགྲོ་དགོས་ཤིང་།
ཞིས་ཨན་མེ་འཁོར་འབབ་ཚུགས་ཤར་མ་ཡང་དེ་རུ་མཆིས། ཆུ་ཚོད་སྐར་མ་འགའ་ལ་བསྡད་རྗེས་མུ་མཐུད་དུ་བསྐྱོད་མགོ་བརྩམས་སོང་། འཁོར་སྒམ་གང་བོ་ལས་ལ་ལ་སྔར་ལྟར་གཉིད་ཀྱི་ཞིང་ཁམས་སུ་ཉུག་ཅིང་། ལ་ལས་ཁ་པར་ནས་གླུ་དབྱངས་ལ་ཉན་པ་དང་བརྙན་རིས་ལ་གཟིགས་པ། ད་དུང་ཞོར་ཟས་ཟ་བར་འགྲན་པ་ལྟ་བུའི་ཟ་ཚུལ་སོགས་ཁ་མིག་རྣ་གསུམ་བག་ཕེབས་ངང་གནས་པ་ཡོད་རེ་སྐན། བགྲེས་པོ་འགའ་ཤས་ཀྱིས་གསར་ཤོག་ལ་ལྟ་བ་ཙམ་ལས་འཁོར་སྒམ་ཧྲིལ་པོའི་ནང་དཔེ་ཆ་ལག་ཏུ་ཐོགས་མཁན་ཉུང་ཉུང་རེད། ལམ་སྐབས་ཧྲིལ་པོ་ཕལ་ཆེར་མིང་མི་ཤེས་པའི་གྲོང་ཁྱེར་ཆེ་ཆུང་མང་བོས་སྦྲེལ་འདུག དགོང་མོའི་ཆུ་ཚོད་དགུ་པ་ཙམ་ལ་ང་ཚོ་གཞི་ནས་ཅང་སུའུ་ཞིང་ཆེན་གྱི་གྲོང་ཁྱེར་ཞུའུ་ཀྲིག་ཏུ་འབྱོར། ཆུ་ཚོད་ཉེར་ལྔའི་འགྲུལ་བཞུད་ཀྱིས་ཐང་ཆད་ཡོད་པས་སློབ་གྲྭར་སླེབས་མ་ཐག་བདེ་བར་མནལ།

ཕྱི་ཉིན་ཆུ་ཚོད་བཅུ་པར་སློབ་མགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་། ཚོགས་འདུར་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་དང་སློབ་གླིང་གི་མགོ་ཁྲིད་དག་ཞུགས་ཏེ། བདུན་ཕྲག་གཉིས་ཀྱི་སློབ་སྦྱོང་གི་འཆར་གཞི་དང་རེ་འདུན་སོགས་བསྒྲགས་ཤིང་། གཏམ་བཤད་གལ་ཆེན་གནང་ལ་ང་ཚོར་རེ་བའང་ནན་མོ་བཏོན། ང་ཚོ་ནི་ས་དེ་གའི་རྐང་འཛིན་དགེ་རྒན་ཡིན་རབས་དང་ཕྱིར་ལོག་ནས་སློབ་ཁྲིད་ཀྱི་བྱ་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་ལུགས་སོགས་བརྗོད་པས། ཕྲན་ལ་དབང་མེད་དུ་གནོན་ཤུགས་དང་གསོན་ཤུགས་ཤིག་ལྷན་ཅིག་བསྩལ་ཡོང་། སློབ་སྦྱོང་གི་རྣམ་པ་ནི་འཆད་ཁྲིད་གཙོ་བོ་དང་སློབ་གྲྭ་གཞན་གྱི་སློབ་ཁྲིད་ལ་ཉན་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐབས་ལམ་དུ་མཐོང་ཞིང་། དེ་ལ་བརྟེན་ནས་གཙང་བོ་གཅིག་གི་མགོ་རྔའི་སློབ་གསོའི་བར་ཐག་རྙེད་ཅིང་སྣོད་བཅུད་ཀྱི་འབྲེལ་བའང་རྟོགས། ཁོར་ཡུག་གི་མཛེས་སྡུག་དང་སྣ་ཚོགས་རབ་རྫོགས་ཁང་བའི་བཀོད་པ་སོགས་ནི་ནང་ལོགས་ཀྱི་གྲོང་ཁྱེར་ཀུན་དང་འདྲ་ཞིང་། ལྗོན་ཤིང་དང་མེ་ཏོག་གི་རིགས་སྣ་ཚོགས་ཀྱི་མཛེས་བཟོ་དང་སྡེབ་སྒྲིག་ལེགས་ཤིང་མིས་བཟོས་མཚེའུ་དང་བྲག་རི། འབབ་ཆུ། བཀོད་མའི་ཆུ་སོགས་ཀྱི་བཀོད་པ་ངོ་མཚར་ཞིང་སྟོབས་ཀྱིས་ཕྱུག་ནའང་། མིས་བཟོས་ནི་མིས་བཟོས་ཏེ། མིའི་བློ་གྲོས་ཀྱི་ཐོན་རྫས་ཡིན་ལ། རང་བྱུང་ནི་རང་བྱུང་སྟེ། འཇིག་རྟེན་མེས་པོའི་བློ་གྲོས་ལས་ཀྱང་འགོངས་པས་ན། གཙང་བོའི་མགོ་ཁུངས་ཀྱི་རང་བྱུང་མཛེས་ལྗོངས་དང་བསྡུར་ན་སྨྲ་རིན་མ་མཆིས་པ་ཞིག་རེད། སྐྱེད་ཚལ་ན་ཁོད་དོག་པའི་ལྕགས་ཀྱི་དྲ་ཁང་དུ་ཚུད་པའི་འདབ་ཆགས་དང་རི་དྭགས། གཅན་གཟན་སྣ་ཚོགས་བདོག་པས། སྐྱེད་ཚལ་ལ་གཟིགས་མོ་རེ་བསྩལ་ཏེ་ཁོར་ཡུག་དང་སྲོག་ཆགས་གཉིས་འཆམ་མཐུན་དུ་གནས་པའི་དོད་ཙམ་མཚོན་གྱིན་ཡོད་ནའང་།
སྲོག་ལྡན་དེ་དག་མི་རྣམས་ཀྱི་རྩེད་ཆས་སུ་མཐོང་བ་ལས། དེ་དག་ལ་རང་དབང་དང་སྤྲོ་དགའ་མེད་པ་གསལ་ལེར་མངོན་ཡོང་ཞིང་། སློབ་གསོའི་ཁོར་ཡུག་ཏུ་དོ་མཉམ་མིན་པའི་གནས་སྟངས་འདི་འདྲ་བ་འོས་སམ་ཅི་སྙམ་པའི་ཚོར་བ་ཞིག་ཀྱང་སྦྱིན་ཡོང་། འོན་ཀྱང་བཙན་གྱིས་བཙུགས་པའི་ལྗོན་ཤིང་དང་ཆེད་དུ་བཏབ་པའི་སྟེང་འཐུང་སྣ་ཚོགས། ལྕགས་དྲར་བཙུད་པའི་སྲོག་ཆགས་རྣམས་ལ་ཆེད་མི་བདག་སྐྱོང་བྱེད་མཁན་འགའ་ཞིག་ཡོད་པ་དེ། སློབ་གྲྭ་དག་ན་མི་གསོ་སྐྱོང་བྱེད་པའི་ལས་ཀའི་གོ་ས་དང་འདྲ་བོ་འདུག་པ་དེ་དག་མཐོང་སྐབས། བདག་བློའི་ཡོལ་རས་ངོས་སུ་ཆེད་གཉེར་གྱི་ལས་མི་མི་མཁོ་ཞིང་། སྣོད་བཅུད་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་སྲུང་ཞིང་བརྩི་བའི་ཕ་ཡུལ་གྱི་རང་བྱུང་བཀོད་པའི་གཟུགས་རིས་དེ་ཝ་ལེར་འཆར་ཡོང་།

སྤྱི་ལོ2006ལོ་ནས2009ལོའི་བར་གྱི་སྐབས་འགའ་རུ། ཕྲན་ལ་མདོ་ཁམས་ཡུལ་གྱི་མཛེས་སྡུག་གི་ཞིང་བཀོད་དག་མིག་གི་བདུད་རྩིར་སྨིན་རྒྱུའི་སྐལ་བ་ཐོབ་ཅིང་། ཞར་ལ་མི་རིགས་སློབ་གསོའི་གནས་ཚུལ་ལ་རྒྱུས་ལོན་རགས་ཙམ་བྱེད་པའི་གོ་སྐབས་ཀྱང་ཕོག  དངོས་གནསསྔོ་ཞིང་བསང་བའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ཡངས་ཤིང་ཆེ་བའི་ས་གཞི། མཛེས་ཤིང་སྡུག་པའི་མེ་ཏོག  ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི……ཞེས་སོགས་ཀྱི་པར་རིས་དངོས་མྱོང་བྱེད་དུ་ཆས་པ་དང་ཀུན་ནས་མཚུངས། དེ་དག་ཏུ་རང་བཞིན་གྱིས་ཁམས་དྭངས་ཤིང་སེམས་སྐྱིད་ལ། ཅི་ཟོས་ཐམས་ཅད་མངར་ཞིང་།
ཅི་ཉན་མཐའ་དག་སྙན་པ། གང་སྣང་ཡོད་ཚད་མཚར་སྡུག་ལྡན་པ་ནི་ལྷ་མོ་ཐིག་ལེ་མཆོག་མས་ཡིད་འོང་གི་གཟབ་འཆོར་སྤྲས་ཏེ་ཏམྦུ་ར་དཀྲོལ་བཞིན། ང་ཚོ་ལ་བདག་གི་སྤུན་ཟླ་ཕེབས་པ་ལེགས། དཀའ་བའི་འོ་མ་བརྒྱལ་ལམ། ཐུགས་ཀྱི་དགོངས་པ་དྭངས་སམ་ཞེས་ཆེད་དུ་འཚམས་འདྲིའི་སྔོན་བསུར་ཕེབས་པའི་རྣམ་པར་རྟོག་གོ ། ཇི་སྐད་དུ།
ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །
མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད
ཅེས་པ་སོགས་ནི་སྒྲ་སྤྱིའི་རོལ་བར་བརྟེན་ནས་གསུངས་ཤིང་། བདག་ནི་དངོས་སུ་དོན་སྤྱིའི་རོ་མྱོང་ལ་ཞུགས་དུས། ཨེ་མ་ཧོ་དང་ཀྱེ་མ་མཚར་ཞེས་ངོ་མཚར་དུ་འཛིན་པ་ལས། དགེ་ཆོས་མཆོོག་གིསཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་པ། །དེ་ལྟར་མཁས་པའི་ཚིག་ནི་ལྐུགས་པར་འགྱུར། ། རང་བཞིན་ཉིད་ཀྱིས་ཕྲ་བའི་ཆོས་རྣམས་ཀུན། ། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས་པར་བཤདཅེས་གསུངས་པ་ནང་བཞིན། བརྙན་ཕབ་ཏུ་བཅུག་སྟེ་གཟུགས་རིས་སུ་འགྲེམ་པ་ལས་ཇི་ལྟ་ཇི་ལྟར་བརྗོད་རྒྱུ་ནི་རང་ཉིད་ངལ་བའི་རྒྱུ་འབའ་ཞིག་ཏུ་ཟད་ཅིང་།
བརྟན་པ་སྣོད་ཀྱི་ལྷད་མེད་དྭངས་གཙང་གི་བྱམས་བརྩེ་ནམ་ཡང་མི་ཡུལ་དུ་འཁྱུད་དེ། བདག་ཅག་གིས་ནམ་ཡང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་བྱའོ་ཞེས་འཛེར་བ་ལྟ་བུའི་ལྷག་བསམ་ཞིག་ངང་གིས་གྲུབ་འདུག་པ་གསལ་བོར་ཚོར་ཞིང་། སྣོད་བཅུད་གཉིས་ཧ་ཅང་ཉེ་ཞིང་ཕན་ཚུན་ལ་དུངས་པའི་རྣམ་འགྱུར་ཞིག་ཀྱང་ག་ལེར་མཐོང་ནས་འོངས། འདི་དག་ནི་ཕྲན་ལ་སྣང་བའི་གཙང་བོའི་སྟོད་སྨད་གཉིས་ཀྱི་ཕྱིའི་ཁོར་ཡུག་གི་བར་ཁྱད་ཙམ་ཡིན་ལ། དཔལ་འབྱོར་གྱི་བར་ཐག་ནི་བརྗོད་ཐབས་བྲལ་ཞིང་། དེ་དག་ཀུན་གྱི་རྩ་བར་གྱུར་པའི་སློབ་གསོའི་བར་ཐག་ཀྱང་། འབྲི་ཀླུང་དལ་ལྡན་རིང་མོ་མགོ་ནས་མཇུག་བར་ཡུལ་གྱིས་ཇི་ལྟར་བསྐལ་པ་དེ་ལྟར་མཆིས་སོ་ཞེས་ན། སྙན་ངག་གི་འུད་ཐལ་ཆེ་བའི་གཏམ་དུ་ཟད་མོད་ཀྱང་། ང་ཚོས་མི་རིགས་སློབ་གསོ་ལོགས་སུ་བསྐྱུར་ཏེ་ཡོད་ཚད་ནང་ལོགས་ཀྱི་སློབ་གྲྭ་དཀྱུས་མ་དག་དང་བསྡུར་ཅིང་དེ་འདྲ་ཁོ་ནར་བསྒྲུབས་ཚེ། འུ་ཅག་གཙང་བོ་གཅིག་གི་ཐུ་འོག་ན་གནས་ཀྱང་། དོན་དངོས་སུ་བར་ཐག་དེ་འདྲ་ཆགས་འདུག་པ་དེར། མི་རིགས་སློབ་གསོ་རྗེས་ལུས་རེད་ཅེས་པའི་འགྲེལ་བཤད་རྒྱག་ཐབས་དེ་ལས་ནམ་ཡང་འདའ་ཐབས་མེད་པར་ཡང་སེམས་ཡོང་།

ཉམས་དགའ་བ་ཞིག་ནི། རིག་པ་དང་རང་གཤིས་བཙན་གྱིས་གཅུན་པ་ཉུང་ཞིང་། ལྷན་སྐྱེས་ཀྱི་གཤིས་ཀ་ལ་བཙན་འཛུལ་ཐེབས་མི་འདུག་པའི་རང་རིགས་སློབ་བུ་དག་གི་པྲ་ཆལ་གྱི་གཤིས་ཀ་དང་ཤིན་ཏུ་རྒོད་པའི་རྣམ་རིག ལྷད་མེད་ཀྱི་འཛུམ་མདངས་བཅས་མཐོང་ཚེ། ཡུན་རིང་ལ་མ་འཕྲད་པའི་ཉེ་མིར་དངོས་མཇལ་ལྟ་བུའི་སྤྲོ་དགས་བརྟས་ཤིང་། དེ་དག་གི་ལྷད་མེད་དྭངས་གཙང་གི་བསམ་པ་དང་གཡོ་སྒྱུའི་སྦྱོར་བ་དབེན་པའི་བྱ་སྤྱོད། ཀུ་རེ་ཁ་རྒྱལ་རྩོད་པའི་སྐད་གདངས། ལུས་ངག་ཡིད་གསུམ་སྲོང་བའི་གཤིས་ཀ་འདི་དག་གང་གིས་བསྐྱེད་ཅིང་། ཇི་ལྟར་འཕེལ་བའི་ཐད་ལ་བསམ་གཞིག་ཡང་ཡང་གཏོང་དགོས་བྱུང་།
ཡིན་ནའང་སློབ་འབྲིང་ལ་སླེབས་ཚེ་གཤིས་སྤྱོད་དེ་དག་རིམ་བཞིན་ཉམས་ནས། ནང་ལོགས་ཀྱི་སློབ་མ་དག་དང་འདྲ་བར་སྒེར་སེམས་ཆེ་ཞིང་རང་གི་འདོད་དོན་ཕྲ་མོ་ཞིག་འགྲུབ་ཆེད་དུའང་། ཁྲེལ་དང་ངོ་ཚ་རིང་དུ་སྤངས་ཏེ་འཛེམ་དོགས་མི་བྱེད་ལ། 
ཕ་མ་དང་དགེ་རྒན་ནི་དྲིན་ཆེན་དུ་མི་མཐོང་བར་ཕ་མར་ནམ་ཡང་བུ་ཕྲུག་ལ་ཞབས་འདེགས་བསྒྲུབ་པའི་འོས་འགན་ཡོད་པ་དང་། དགེ་རྒན་ནི་སྲིད་གཞུང་གིས་གླས་པའི་སློབ་མ་སྐྱོང་མཁན་ཁོ་ན་ཡིན་པའི་ལྟ་ཚུལ་ཆགས་ནས། དེ་དག་ལ་གུས་པ་ལྷོད་ཅིང་བཀའ་གསུང་མི་བརྩི་བ་དང་། གཡོ་སྒྱུ་ཁྲམ་གསུམ་གྱི་སྦྱོར་བར་གཞོལ་བ་ཇེ་མང་དུ་ལྷགས་བཞིན་པ་འདི་དག ང་ཚོའི་སློབ་གསོའི་དགེ་མཚན་ནམ་སྐྱོན་མཚང་ཅི་ལགས་མི་རིགས་ལ་ཤ་ཚ་ཞིང་བློ་དཀར་བ་དག་གིས་ལེགས་པར་སོམས་དང་། གལ་ཏེ་དགེ་མཚན་དུ་མཐོང་མཁན་མཆིས་ན་ནི། ང་ཚོ་ཡང་ནང་ལོགས་ཀྱི་སློབ་གསོའི་རྗེས་བསྙེགས་ནས་ཡོད་པས། བོད་པས་རྗེས་ལུས་ཀྱི་ཞྭ་མོ་ཕུད་ཟིན་པའམ་འཕུད་ལ་ཉེ་བས་ན་ཅི་ལ་མི་སྤྲོའམ་སྙམ། དུས་མཚུངས་སུ་ཧ་མི་གོ་བའི་བརྡ་ཐབས་ཤིག་གིས་རང་བྱུང་ཚན་རིག་གི་ཤེས་བྱ་སྣ་ཚོགས་ངོ་སྤྲོད་པའི་དོན་མ་གོ་བར། རིག་རིག་མིག་གི་ཉམས་འགྱུར་དང་དིག་དིག་ངག་གི་སྐད་ཆ་སྟེ། ཕན་ཚུན་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་གོ་ཆོད་དུ་གྱུར་མེད་པ་དེ་དང་དེས་མཚོན་པའི་ཤེས་བྱ་སྣ་མང་གཉིས་ཀ་ཅིག་ཅར་བཙན་གྱིས་བློར་འཛིན་པའི་སློབ་ཐབས་སྐྱོ་བོ་ཞིག་བྱུང་ཡོད། འཐོབ་བྱ་གཅིག་གི་དོན་དུ་རྩོལ་བ་དུ་མ་བསྐྱེད་དགོས་པ་འདི་ང་ཚོའི་མི་རིགས་སློབ་གསོ་ཡིན་ལ། ཤེས་བྱ་གཅིག་ལ་སྐད་ཡིག་དུ་མ་བེད་སྤྱོད་གཏོང་དགོས་པ་དང་། བརྗོད་བྱ་ཟད་ཅིང་སྒྲ་གཟུགས་ནམ་ཡང་འཛད་དུ་མེད་པའི་ཚོད་ལྟ་ཞེས་པའི་དུས་རིམ་ལས་བརྒལ་དུ་མེད་པ་དེ་ང་ཚོའི་སྐད་གཉིས་སློབ་གསོ་ཡིན། ད་དུང་མི་གཞི་ལ་བརྩི་བཀུར་ཞན་ཞིང་བྱིས་པའི་ལུས་སྟོབས་དང་རིག་སྟོབས་འཕེལ་བའི་ཆོས་ཉིད་ལ་མི་བསྟུན་པའི་ཁུར་བོ་ལྕི་མོ་འགེལ་ཅི་ཐུབ་བྱེད་པ་སོགས། ཡིད་ཀྱི་མཚོ་ངོས་སུ་སྐྱོ་བའི་རླབས་གཉེར་རྒྱུན་མར་བརྩེགས་ཡོང་། ལྷག་པར་བོད་ཀྱི་སློབ་གསོའི་མ་ལག་གི་སྐས་རྡང་དེ་འཐུས་ཚང་དུ་ཆགས་མེད་པ་སྟེ། སློབ་ཞུགས་སྔོན་དང་སློབ་ཆུང་།
སློབ་འབྲིང་། སློབ་ཆེན་བཅས་སྐས་རྐང་བཞིའི་རྟིང་མ་དང་རྩེ་མོ་གཉིས་གཉོམ་པོར་ཆགས་འདུག་པར་མ་ཟད། སྐས་རྐང་རེ་རེའི་ཡངས་དོག་དང་མཐོ་དམའ་མི་སྙོམས་པའི་དབང་གིས། དེར་འཛེག་མཁན་གྱི་གོམ་འགྲོས་ཀྱང་རྒྱུན་ཆགས་མིན་པའི་བོང་བུའི་འཐེང་འགྲོས་བཞིན། འགྲན་རྩོད་ཆེ་བའི་དུས་རབས་ཀྱི་ཐང་དཀྱིལ་དུ་འཕེལ་རྒྱས་ཀྱི་གོམ་ཁ་མྱུར་བའི་མགྱོགས་འགྲོའི་བང་གི་རྗེས་སུ་ག་ལ་ཞིག

འུ་ཚོ་ཤུགས་ཆེན་པོས་བསླབ་ཚན་བཅོས་བསྒྱུར་གྱི་རྗེས་སུ་གཡམ་ལ་རྒྱུག་པར་དགའ་སྟེ། གང་ཞིག་གི་རྒྱུན་སྐྱོང་དགོས་པ་དང་ཅི་ཞིག་བསྒྱུར་དགོས་པའི་བླང་དོར་མེད་པར། རྒྱལ་པོའི་གསུང་བ་ལན་གཅིག་ཅེས་པ་ནང་བཞིན་མགོ་ཁྲིད་ཆེ་གེ་མོ་ཞིག་གི་བཙན་ལྗིད་ཀྱི་སྨྲ་བ་གཅིག་གིས། ཟང་ཟིང་ངེ་དང་འུར་དིར་སེར་སྤྲེལ་ལད་ཁོ་ན་བསྐྱངས་ཏེ་རང་ཚུགས་དོར་ཞིང་གཞན་ཉམས་མ་ཐོན་པ་དེ་བཅོས་བསྒྱུར་དུ་རློམ་ཡོད། རྒྱལ་ནང་དུ་ཡང་ཕྱིའི་རྣམ་པ་ཙམ་ལས་རྒྱུགས་ལེན་དང་སློབ་དེབ་ཀྱི་ནང་དོན་ཐད་འགྱུར་ལྡོག་ཆེན་པོ་བྱུང་མེད་ཅིང་། སློབ་ཆུང་དང་དམའ་འབྲིང་དུ་བསླབ་ཚན་བཅོས་བསྒྱུར་གྱི་དགོངས་དོན་བཞིན་འགྲོ་ནའང་།
མཐོ་འབྲིང་ཕལ་ཆེར་ད་དུང་སྔོན་གྱི་རྒྱུགས་སྤྲོད་ལམ་ལུགས་ལྟར་རེད་ལ། མཐོ་རྒྱུགས་ཀྱི་ཁ་ཕྱོགས་ལ་འགྱུར་བ་མེད་ན། མཐོ་འབྲིང་སྐབས་ཇི་ལྟར་བཅོས་བསྒྱུར་བྱས་ཀྱང་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་རུ་མི་འགྲོ་གྲང་། འདི་ནི་མི་རིགས་སློབ་གསོ་ཡིན་ལ། མི་རིགས་སློབ་གསོར་ཆ་མེད་རྒྱུས་མེད་དག་གིས་ཁ་ཕོ་ཆེན་པོས་སློབ་གསོ་གླེང་ཞིང་། རྟུལ་ཕོད་ཆེན་པོས་བཅོས་བསྒྱུར་བྱེད་པ་དེ་སློབ་གསོ་པར་ཁས་འཆེས་ཏེ། ཐམས་ཅད་ཀྱིས་བཀུར་བཟོ་ཆེ་ཞིང་དེའི་བསམ་བློ་ཚང་མ་བཤུས་ནས་སློབ་གྲྭ་ཀུན་ལ་འདྲ་བར་སྦྱར་ཏེ། ཚང་མའི་ཁྱད་ཆོས་གཅིག་པ་གཅིག་རྐྱང་དུ་བཏང་ཡོད་པ་རང་རང་སོ་སོའི་ཁྱད་ཆོས་སུ་ངོམ་སོ་བྱེད་པའང་ང་ཚོའི་སློབ་གྲྭ་ཀུན་འདྲ་ལ། སློབ་གསོའི་ཆོས་ཉིད་ལ་མི་བརྟེན་པའི་གུང་གསེང་གི་ལམ་ལུགས་དང་།
སློབ་གྲྭ་སྒྲུབ་པ་དེ་འབངས་མིའི་འཚོ་བ་དང་ཁོར་ཡུག་གི་ཆ་རྐྱེན་ལ་མི་བསྟུན་པར་གྲོང་ཁྱེར་སློབ་གསོ་གཙིགས་སུ་འཛིན་པ་བཅས་ནི། ཕྱོགས་གཅིག་ནས་འཕེལ་རྒྱས་ཀྱི་རྟགས་ཙམ་དུ་མཐོང་མོད། ཕྱོགས་གཞན་ཞིག་ནས་རང་རེའི་རིག་གནས་ཀྱི་སྲོག་ལ་སྡང་བའི་གཤེད་མར་མི་མཐོང་མཁན་ཡོད་ན་དེ་ལས་བླུན་པ་སུ་ཞིག་བདོག  ལྷག་པར་ཕ་མ་ནི་ཆེས་བཟང་བའི་དགེ་རྒན་དང་བྱམས་བརྩེ་ནི་རོ་བཅུད་ཕུན་སུམ་ཚོགས་པའི་འཚོ་རྟེན། ཕ་ཡུལ་ནི་ཧ་ཅང་དགའ་སའི་སློབ་གྲྭ་ཡག་ཤོས་ཡིན་པའི་གཏན་སྲོལ་སྣང་མེད་དུ་བསྐྱུར་ཏེ། སློབ་ཆུང་ནས་སློབ་ཆེན་བར་ཐམས་ཅད་བཅའ་སྡོད་ལུགས་སུ་བསྒྱུར་པ་འདིས། སློབ་གསོའི་ཁོར་ཡུག་གཙོ་བོ་ཞིག་ཡལ་བར་དོར་བས་སློབ་མའི་འཚར་ལོངས་ལ་ཆེས་ཆེར་མི་སྡིགས་སམ། ང་ཚོར་སྐྱེ་དགུའི་བདག་མོ་ལྟ་བུའི་མ་མ་ཧ་ཅང་གིས་དཀོན་པས། ཕ་མ་ཟུང་གིས་བུ་ཕྲུག་གཅིག་ལ་གནང་བའི་བྱམས་བརྩེ་དང་། མ་མ་གཅིག་གི་བྱམས་བརྩེ་བུ་ཕྲུག་བཅུ་ཕྲག་འགའ་ལ་བགོ་བའི་མང་ཉུང་གི་ཚད་ནི། ཡི་གེ་མི་ཤེས་པ་དག་གིས་ཀྱང་དཔྱད་ན་གསལ་བོར་རྟོགས་ཡོང་ལ། ང་ཚོ་དུས་རྒྱུན་བཅའ་སྡོད་སློབ་ཆུང་དག་གི་ཉེ་འགྲམ་བརྒྱུད་ནས་འགྲོ་དུས། ལྷས་སྐོར་གྱི་བྱིས་པ་དག་གི་གདོང་གི་རྣམ་རིག་ཞན་ཞིང་། རེ་ལྟོས་ཀྱི་མིག་ཞགས་རྒྱུན་པར་ར་སྐོར་གྱི་ཕྱི་ལ་གཏོད་པ་འདི་ཡིས། ཁོ་ཚོར་འཐོབ་འོས་པའི་དངོས་པོ་ཞིག་ང་ཚོས་བཙན་གྱིས་འཕྲོག་པར་འཁང་ར་དང་དོགས་འདྲི་བྱེད་པ་དང་ཡང་ཀུན་ནས་མཚུངས།

ཨུ་རུ་སུའི་སློབ་གསོ་པ་སུའུ་ཧོ་མུའུ་ལིན་སི་ཅི(苏霍姆林斯基)ཡིས།ཆེས་བཟང་བའི་བཅའ་སྡོད་སློབ་གྲྭས་ཀྱང་ཨ་མའི་ཚབ་བྱེད་མི་ནུསཞེས་གསུངས་པ་ལྟར། བཅའ་སྡོད་དེ་ནི་ལོ་ན་དང་མཐུན་རྐྱེན་གང་མང་མང་ཞིག་ལ་ངེས་པར་བསྟུན་དགོས་མོད། ང་ཚོའི་ཡུལ་ལུང་འདིར་བཅའ་སྡོད་ལམ་ལུགས་དེ་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཏུ་བཟུང་ནས་རྒྱ་ཁྱབ་ཏུ་སྤེལ་བཞིན་འདུག་མོད། འཕེལ་རྒྱས་ཆེ་བའི་ཡུལ་གྲུ་དག་ལ་གཟིགས་དང་། སློབ་གྲྭ་ཆུང་འབྲིང་གི་སྐབས་སུ་བཅའ་སྡོད་སློབ་གྲྭ་ནི་རང་རེ་ལས་ཤིན་ཏུ་ཉུང་བར་ཀུན་གྱིས་ཐུགས་བསམ་ཟབ་བཞེས་གནང་ན་ལེགས་པར་མ་ཟད། ང་ཚོའི་སློབ་གསོ་བྱ་བའི་ཁྲོད་གནས་པའི་བྱེད་ཐབས་དངོས་པོའི་གནས་ཚོད་དང་། རང་བྱུང་ཆོས་ཉིད་ལས་འགོངས་པ་དག་ལ་ཅིས་ཀྱང་གཟབ་དགོས་པ་ཀུན་གྱི་སྙན་ལམ་དུ་ཡང་ཡང་སྒྲོག་འདོད་སྐྱེས།

གཙང་བོའི་མགོ་རྔར་གནས་པའི་བློ་གསལ་དག་གི་རྣམ་དཔྱོད་ལ་མཆོག་དམན་མེད་ལ། བརྩོན་འགྲུས་ཀྱི་ཤུགས་ལའང་ཆེ་ཆུང་མེད། བསླབ་བྱའི་ནང་དོན་ལ་དཀའ་སླ་དེ་བས་ཀྱང་མེད། འོན་ཏེ། ཁོར་ཡུག་དང་སྐྱེ་ཁམས་ལ་ཁྱད་པར་ཆེ་ཡང་དེ་ཚོར་རང་རང་སོ་སོའི་བླ་ལྷག་གི་དགེ་མཚན་མཆིས། བར་ཐག་དངོས་ནི་སློབ་གསོའི་འདུ་ཤེས་དང་ཐབས་ལམ་ཡིན་ལ། ཐབས་ལ་མི་མཁས་པའི་བྱེད་ཐབས་ཀྱིས་མི་རབས་རེ་རེ་བཞིན་དམར་གསོད་བཏང་བའི་ཉེས་མིའི་གྲས་སུ་རང་ཉིད་ཀྱང་ཚུད་འདུག་པའི་ངེས་པ་རྙེད་ཅིང་།
སྲོལ་རྒྱུན་ནི་མི་རིགས་སྔོན་སྐྱོད་ཀྱི་རྐང་སྒྲོག་ཏུ་འདོད་པའི་བསམ་བློ་ཅན་དེ་དག་གི་ཀླད་ལྡིབ་མྱུར་བ་མྱུར་བར་སངས་འོས་ལ། མི་རིགས་ཀྱི་ཚེ་ཐག་སྲོལ་རྒྱུན་གྱིས་བསྲིངས་ནུས་ན། ཚེ་སྲོག་ལ་མི་གཅེས་མཁན་དེ་ཁྱོད་དམ་ངའམ་སུ་ཡིན་རྣམ་ཀུན་བརྟག་པར་བྱ་འོས་ཤིང་། སློབ་དགོས་པ་ནི་རིག་གནས་ཡིན་ན་གསོ་དགོས་པ་ནི་མི་གཤིས་ཅི་ལ་མིན། བཅོ་རྒྱུ་ནི་འདུ་ཤེས་དང་བསྒྱུར་རྒྱུ་ནི་ཐབས་ལམ་ག་ནས་མིན་པའི་བློ་སྐྱེད་མཆེད་ཅིང་། དུས་ཐུང་གི་སློབ་སྦྱོང་ཁྲོད་དུ་བསམ་གཞིག་དང་དྲི་བ་ལན་མང་བརྩེགས་པ་རང་གི་སློབ་སྦྱོང་གི་འབྲས་བུར་རློམ་སྟེ། སྤྱི་སྡོམ་གྱི་སྐབས་སུ་དགའ་སྐྱོའི་ཀློང་ན་འཕྱོ་བའི་གནད་དོན་དེ་དག་བཀའ་འདྲི་དང་དོགས་གནས་སུ་ཞུས་ཀྱང་། གཞུང་ལུགས་ཀྱི་ལུང་འདྲེན་ཙམ་ལས་རང་རེའི་ལུང་བར་ལག་ལེན་དུ་བསྟར་ཆོག་པའི་གདམས་ངག་ཅིག་ངའི་བློ་ལ་ཕོག་མ་བྱུང་། ལར་འཆད་ཁྲིད་དགེ་རྒན་རྣམས་ཅང་སུའུ་ཞིང་ཆེན་གྲོང་ཁྱེར་ཞུའུ་ཀྲིག་ཁོངས་གཏོགས་ཀྱི་སློབ་གསོའི་ཆེད་མཁས་པ་དག་ཡིན་ཡང་།
སྐད་ཡིག་མི་གཅིག་པ་དང་རིག་གནས་རྒྱབ་ལྗོངས་མི་མཚུངས་པ། བསམ་གཞིག་གཏོང་སྟངས་མི་འདྲ་བ་བཅས་ཀྱི་དབང་གིས། ང་ཚོར་འཚམ་མི་འཚམ་ཅི་རིགས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བསྩལ་མོད། 
ང་ཚོས་ཡུལ་དུས་ལ་བསྟུན་ཏེ་གདམ་གསེས་དང་བླང་དོར་ཡོད་པའི་སྒོ་ནས་ནང་འདྲེན་བྱེད་པ་ལས། ཆེས་མཐོའི་མཛུབ་སྟོན་དང་མན་ངག་ཅིག་ཏུ་བཟུང་ནས་བསྒྲུབ་མི་རུང་སྙམ་པའི་དྲན་འཆར་ཞིག་ཀྱང་འགོག་མེད་དུ་སྐྱེས་སོ། 



རྩོམ་ཡིག་སྔོན་མ།
ཨ་མདོའི་སྐེ་རྒྱན།
རྩོམ་ཡིག་རྗེས་མ།
སྙིང་གཏམ་ཐན་ཐུན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1