ལས་ཀྱིས་འཕྲད་པའི་ལྕང་སྡོང་།

བ་རེས། [མཚོ་ནུབ] རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


        ང་ཡུན་རིང་འཚོ་སྡོད་བྱས་མྱོང་བའི་གྲོང་ཁྱེར་དེའི་ལྷོ་ལམ་གྱི་འགྲམ་ངོགས་ཤིག་ཏུ་ལམ་ངོས་ཀྱི་ཕྱོགས་སུ་ཅུང་ཟད་བསེགས་ཏེ་སྐྱེས་ཤིང་ལུས་ཧྲིལ་པོ་རྒས་གཉེར་གྱིས་ཁེངས་པའི་ལྕང་སྡོང་ཞིག་ཡོད། ནམ་རྒྱུན་ང་གྲོང་ཁྱེར་དེའི་ལྷོ་ལམ་ནས་ཕར་འགྲོ་ཚུར་འོང་བྱེད་དུས། ངས་རང་དབང་མེད་པར་ལྕང་སྡོང་དེ་ལ་མིག་དབང་རེ་ཕྱོགས་དགོས་བྱུང་། སྐབས་འགར་སྲང་ལམ་དེ་བརྒྱུད་བཞིན་ལྕང་སྡོང་དེར་ལྟ་དུས། ལྕང་སྡོང་དེ་ནི་ངའི་གྲོགས་པོ་རྙིང་བ་ཞིག་གིས་ང་ལ་ལག་བརྡ་སྟོན་བཞིན་ཡོད་པ་དང་འདྲ་བའི་ཚོར་སྣང་སྟེར་ཞིང་།
        ཚོར་སྣང་དེ་ལ་བརྟེན་ནས་གནོན་ཐབས་བྲལ་པའི་དྲན་འཆར་ཞིག་གིས་ངས་ལྕང་སྡོང་དེའི་ཁོར་ཡུག་ནས་ཡང་སྐོར་བསྐྱར་སྐོར་བརྒྱབ་པ་ཡིན། ང་ཆུང་དུས་སུ་འབྲོག་ཕྱོགས་ནས་སྐྱེས་པས་མིས་བཟོས་ལྗོན་ཚལ་དང་མེ་ཏོག་ལྡུམ་ར། མཁར་དང་ཁང་བ་སོགས་ལ་ཆ་རྒྱུས་ཆེན་པོ་མེད་ཅིང་། དེ་རྣམས་ལ་འདང་བརྩེ་ཡང་ཆེན་པོ་མེད། ང་ཐོག་མར་གྲོང་ཁྱེར་དེར་ཡོང་དུས། ངས་ལྗོན་པའི་རིགས་ལས་ཐོག་མར་ངོ་ཤེས་པའི་ལྗོན་པ་ནི་ལྕང་སྡོང་དེ་ཡིན། གལ་ཏེ་ལྕང་སྡོང་དེ་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ན། དུས་དེར་ངས་ལྕང་སྡོང་དེ་ཐོག་མར་ངོ་ཤེས་པའང་ལས་ཀྱིས་འཕྲད་པ་དང་གཉིས་སུ་མི་འདུག ང་གྲོང་ཁྱེར་དེར་ཐོག་མར་ཡོང་དུས། ང་ནི་རང་ལོ་བཅོ་ལྔ་ཙམ་ཞིག་རེད། ཡོང་དོན་ནི་སློབ་གཉེར་གྱི་ཆེད་དུ་ཡིན། གྲོང་ཁྱེར་དེ་གདོད་མའི་བྱེ་ཐང་ཞིག་ཏུ་ཆགས་ཡོད་པས། དུས་རྒྱུན་བྱེ་རླུང་ལྡང་བ་ནི་ཧ་ཅང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ལ། ལྷག་པར་ལོ་རེ་རེའི་དཔྱིད་ཀ་སླེབས་དུས། བྱེ་རླུང་སྔར་བས་ཇེ་ཆེར་སོང་སྟེ་གྲོང་ཁྱེར་ཆུང་ཆུང་དེ་དང་།
        ང་དུས་རྒྱུན་ཕར་འགྲོ་ཚུར་འོང་བྱེད་སའི་གྲོང་ཁྱེར་དེའི་ལྷོ་རུ་བསྲིངས་པའི་རྒྱ་ལམ་དེ་ཡང་རྒྱུན་ཆད་མེད་པར་ལྡང་ཡོང་བའི་བྱེ་རླུང་གི་དབུས་སུ་ལྷུང་ནས། སྐབས་འགར་གསལ་ལ་སྐབས་འགར་མི་གསལ་བའི་རྣམ་པས་ཁེངས་ཡོང་། རྒྱུ་མཚན་དེའི་སྟབས་ཀྱིས། གྲོང་ཁྱེར་དེར་འཚོ་སྡོད་བྱས་པའི་མི་རྣམས་ཀྱིས་བྱེ་རྡུལ་དང་བྱེ་རླུང་འགོག་ཆེད་སྡོང་འཛུགས་ནགས་སྐྲུན་བྱེད་ཀྱིན་ཡོད་ལ། དུས་རྒྱུན་གྲོང་ཁྱེར་དེའི་ཁོར་ཡུག་དང་གྲོང་ཁྱེར་དེའི་རྒྱ་ལམ་དག་གི་འགྲམ་དུ་སྡོང་བོ་འཛུགས་པ་དང་། བཙུགས་སྡོང་མང་ཆེ་བ་ནི་སྦྱར་བ་དང་ལྕང་སྡོང་བཅས་རེད།
        ང་གྲོང་ཁྱེར་དེར་སླེབས་རྗེས་ཀྱི་ཕྱི་ལོའི་དཔྱིད་ཀར། རང་ཡང་སློབ་གྲྭའི་དགེ་སློབ་རྣམས་དང་མཉམ་དུ་སྡོང་བོ་འཛུགས་པའི་ལས་ཀར་ཞུགས། སྐབས་དེར་ང་ཚོའི་འཛིན་གྲྭས་སྡོང་བོ་འཛུགས་སའི་གནས་ཡུལ་ནི་གྲོང་ཁྱེར་དེའི་ལྷོ་ལམ་གྱི་འགྲམ་གཉིས་རེད། སྡོང་བོ་དངོས་སུ་འཛུགས་སྐབས། སློབ་གྲྭས་ང་ཚོ་སློབ་མ་རྣམས་ཀྱིས་མི་རེས་ངེས་པར་སྡོང་རྐང་གཅིག་འཛུགས་དགོས་པ་དང་། དེ་ལ་ཆུའང་གཏོང་དགོས་པའི་འགན་ཁུར་བཞག དགེ་རྒན་གྱིས་སྣེ་ཁྲིད་དེ་ས་ཐིག་བཏབ་པ་ལྟར་ང་ཚོ་སློབ་མ་རྣམས་ཀྱིས་སྡོང་བོ་བཙུགས། ང་ལ་ལྕང་མའི་སྡོང་ཕྲུག་ཕྲ་རྒྱུ་སྦོམ་རྒྱུ་མེད་ཅིང་རིང་ཚད་ལ་ངའི་ལུས་གཟུགས་ལས་ཅུང་ཟད་མཐོ་བ་ཞིག་བགོས་པས། ངས་སྡོང་ཕྲུག་དེ་དགེ་རྒན་གྱི་ཁ་བཀོད་ལྟར་བཙུགས་ཤིང་ཆུ་ཁར་སོང་ནས་ཆུ་བླངས་ཏེ་སྡོང་ཕྲུག་དེ་ལ་ཆུ་ཡང་བཏང་། སྡོང་འཛུགས་ཀྱི་ལས་ཀ་མཇུག་བསྒྲིལ་ལ་ཉེ་དུས། ངས་སློབ་གྲོགས་སྐོར་ཞིག་གིས་རང་རང་གིས་བཙུགས་པའི་སྡོང་བོའི་སྟེང་དུ་རང་གི་མིང་རྐོ་བཞིན་ཡོད་པ་མཐོང་བས། ངས་ཀྱང་དེ་ཚོར་ལད་མོ་བྱས་ཏེ་རང་གིས་བཙུགས་པའི་ལྕང་མའི་སྡོང་ཕྲུག་དེའི་སྟེང་རང་གི་མིང་གསལ་བོར་བརྐོས། སྐབས་དེའི་ང་ལ་མཚོན་ན། གྲོང་ཁྱེར་དེའི་མི་རྣམས་ཀྱིས་སྡོང་འཛུགས་ནགས་སྐྲུན་བྱེད་པར་དོན་སྙིང་ཅི་ཞིག་ཡོད་པ་གསལ་བོ་ཞིག་མི་ཤེས་ཀྱང་། སྡོང་ཕྲུག་དེའི་སྟེང་དུ་རང་མིང་གསལ་བོར་རྐོ་ཐུབ་པ་བྱུང་བ་དེ་ནི་རང་གི་ཡིད་དབང་ཤིན་ཏུ་ཚིམས་པའི་དོན་དག་ཅིག་ཡིན་པས། ངའི་སེམས་པ་སྤྲོ་བ་ཆེན་པོ་ཞིག་གིས་ཁེངས། དེའི་རྗེས་སློབ་གྲྭའི་བཀོད་སྒྲིག་ལྟར། ང་ཚོ་ལྷོ་ལམ་དེ་རུ་སོང་ནས་ང་ཚོས་བཙུགས་པའི་རྒྱ་ལམ་འགྲམ་གྱི་སྡོང་བོ་དེ་དག་ལ་ཆུ་ཡང་ཐེངས་མང་བོར་བཏང་། གྲོང་ཁྱེར་དེའི་ས་སྟེང་དུ་སྡོང་བོ་འཛུགས་པར་དཀའ་ངལ་ཆེན་པོ་མེད་ནའང་། བཙུགས་ཟིན་པའི་སྡོང་ཕྲུག་རྣམས་ལ་དུས་ཐོག་ཏུ་ཆུ་གཏང་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་མིན་ཏེ། བཙུགས་སྡོང་དེ་དག་ལ་ཆུ་གཏང་དགོས་ན་གནས་ཡུལ་དེ་དང་རྒྱང་ཐག་ཅུང་ཟད་རིང་བའི་གཞུང་ཆུའི་ཁར་སོང་ནས་ཆུ་འཁུར་དགོས། ཆུ་ཐག་དེ་ལྟར་རིང་ཡང་དུས་དེར་ང་ལོ་ཆུང་བའི་སྟབས་ཀྱིས་ཐང་ཆད་པའི་སྣང་བ་མ་སྐྱེས་པར། ངས་ཐེངས་མང་བོར་ཆུ་ཁུར་ཏེ་བཙུགས་སྡོང་དེ་དག་ལ་ཆུ་བཏང་བ་དང་། ངས་དངོས་སུ་བཙུགས་ཤིང་སྟེང་དུ་ངའི་མིང་ཡང་གསལ་བོར་བརྐོས་ཡོད་པའི་ལྕང་མའི་སྡོང་ཕྲུག་དེ་ལ་སྡོང་ཕྲུག་གཞན་ལས་ཀྱང་ཆུ་མང་བོ་བཏང་། དེ་ནི་ང་ལོ་ཆུང་སྐབས་དགུན་དུས་ངེད་ཚང་ལ་ཁ་གསོ་བྱེད་དགོས་པའི་ལུ་གུ་མང་བོ་ཡོད་པ་རྣམས་ལས། དུས་རྒྱུན་ངས་རང་ཉིད་ལ་ངོས་བཏགས་བྱས་པའི་ལུ་གུ་དེ་རྭ་ནུར་བརྟེན་ཏེ་ལུ་གུ་གཞན་ལས་འོ་མ་མང་ཙམ་བླུད་པའི་བཅའ་སྲོལ་ལས་སྲོལ་དེ་དང་མཚུངས། ལོ་དེའི་ཕྱི་ལོ་ནས་བཟུང་།
        ང་ཚོར་བཙུགས་སྡོང་དེ་དག་ལ་བདག་སྐྱོང་བྱེད་པའི་འགན་ཁུར་མེད་ཀྱང་། ནམ་རྒྱུན་ང་གྲོང་ཁྱེར་དེའི་ལྷོ་ལམ་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས། ངས་ངང་ངམ་ཤུགས་ཀྱིས་རང་གིས་དངོས་སུ་བཙུགས་པའི་ལྕང་སྡོང་དེ་ལ་མིག་དབང་རེ་ཕྱོགས་དགོས་བྱུང་།
        སྐབས་འགར་ང་གྲོགས་པོ་འགའ་རེ་དང་མཉམ་དུ་རྒྱ་ལམ་དེ་བརྒྱུད་ནས་འགྲོ་དུས། ངས་ཁོ་ཚོར་རང་གིས་བཙུགས་པའི་ལྕང་སྡོང་དེ་བསྟན་ནས“སྡོང་བོ་ཀན་ནི་ངས་བཙུགས་པ་ཡིན། ཅི་འདྲ་རེད། ད་ལྟ་སྐྱེ་སྟོབས་ཀྱིས་ཁེངས་འདུག་པར་ལྟོས་དང”ཞེས་ཀྱང་ལབ་མྱོང་། ཡིན་ནའང་དུས་དེར་ངས་དེ་ལྟར་མི་གཞན་ལ་ལབ་པའམ། ཡང་ན་ངས་དེ་ལྟར་ལྕང་སྡོང་དེ་མིག་གིས་འཚོ་དོན་ནི། རྒྱུ་མཚན་གཞན་གང་ཡང་མིན་པར། ལྕང་སྡོང་དེ་ནི་རང་གིས་དངོས་སུ་བཙུགས་པའི་རྒྱུ་རྐྱེན་དེ་ཁོ་ནའི་དབང་གིས་ཡིན།
        ངས་རང་གིས་བཙུགས་པའི་ལྕང་སྡོང་དེའི་ནུས་པ་སོགས་གསལ་བོར་རྟོགས་པའི་དུས་ནི་ཕོ་ལོ་བཅོ་བརྒྱད་ལྟག་གར་བཞག་སྟེ། ང་མི་དར་མར་གྱུར་ཅིང་བསམ་ཤེས་པའི་དུས་དེ་ཡིན། བལྟས་ཚོད་ལ་ལྕང་སྡོང་དེ་ནི་ཆེས་སྤྱིར་བཏང་གི་ལྗོན་པ་ཞིག་ཡིན་ཡང་། བྱེ་ཐང་གི་དབུས་སུ་ཆགས་ཤིང་དུས་རྒྱུན་བྱེ་རླུང་ཆེ་བའི་གྲོང་ཁྱེར་དེར་མཚོན་ན། གྲོང་ཁྱེར་དེའི་ཁོར་ཡུག་དག་ཏུ་སྡོང་བོའམ་ལྗོན་པ་གང་མང་ཞིག་གཟུག་ཐུབ་པ་བྱུང་ན། དེ་ལ་ཕན་པ་དང་དགེ་མཚན་ཆེན་པོ་ལྡན་པ་རེད། གྲོང་ཁྱེར་དེའི་རྒྱ་ལམ་དག་གི་འགྲམ་གཉིས་དང་ཁོར་ཡུག་རྣམས་སུ་སྡོང་བོ་མང་བོ་བཙུགས་ན། སྡོང་བོ་དེ་དག་གིས་དུས་རྒྱུན་བྱེ་རླུང་འགོག་ཐུབ་པར་མ་ཟད། སྡོང་བོ་དེ་དག་གིས་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེའི་ཁོར་ཡུག་རྣམས་རིམ་གྱིས་ལེགས་བཅོས་བྱས་ཏེ། གྲོང་ཁྱེར་དེ་ལྗང་མདོག་ཅན་དུ་བསྒྱུར་པར་ནུས་པ་གཞན་ལས་ཆེ་བ་ཞིག་འདོན་བཞིན་ཡོད་པས། དུས་རྒྱུན་མི་རྣམས་ཀྱིས་གྲོང་ཁྱེར་དེའི་ཁོར་ཡུག་ཏུ་ལྗང་མདོག་ལག་མཐིལ་ཙམ་རེ་མཐོང་ཐུབ་པ་དེ་རྣམས་ཀྱང་། ཕུགས་དེད་ན་སྡོང་རྐང་རེ་རེ་དང་རྩྭ་ཉག་རེ་རེ། མེ་ཏོག་རེ་རེ་ལྷན་དུ་འདུས་པ་ལས་གྲུབ་པ་ཤ་སྟག་རེད། བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེའི་ཁོར་ཡུག་རྣམས་རྨང་ནས་ལེགས་བཅོས་བྱ་དགོས་ན། གྲོང་ཁྱེར་དེ་རུ་སྡོད་མཁན་གྱི་མི་རྣམས་ཀྱིས་ངེས་པར་སྡོང་འཛུགས་ནགས་སྐྲུན་གྱི་བྱ་གཞག་དེ་ལ་འབད་པ་ལྷོད་མེད་བྱེད་དགོས། ང་ཡང་གནམ་རྒན་མས་བཀོད་སྒྲིག་བྱས་པ་དང་འདྲ་བར་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེའི་སྡོད་དམངས་རྣམས་ཀྱི་གྲས་སུ་ཚུད་ཡོད། ང་གྲོང་ཁྱེར་དེའི་ལྷོ་ལམ་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན། ངས་རང་གིས་ཆུང་དུས་བཙུགས་པའི་ལྕང་སྡོང་དེ་ལ་མིག་དབང་ཡང་ཡང་ཕྱོགས་པ་དང་ཆབས་ཅིག ངས་གྲོང་ཁྱེར་དེའི་ཁོར་ཡུག་དག་ཏུ་སྣང་བའི་བཙུགས་སྡོང་དེ་རྣམས་ཀྱི་གྲངས་ཀ་དང་ཁྱབ་རྒྱ་ལ་མནོ་བསམ་བཏང་ཞིང་། ང་ཐེངས་མང་བོར་གྲོང་ཁྱེར་དེའི་ཁོར་ཡུག་དག་ཏུ་སྡོང་འཛུགས་ནགས་སྐྲུན་བྱེད་པའི་ལས་ཀ་རྣམས་ཀྱི་ཁྲོད་དུའང་སྒྱིད་ལུག་མེད་པར་ཞུགས་མྱོང་། སྡོང་འཛུགས་ནགས་སྐྲུན་བྱེད་པའི་ལས་ཀར་ཞུགས་ཐེངས་རེ་རེར། ངས་སེམས་བསམ་པའི་གཏིང་ནས་རང་གིས་སྔ་ཕྱིར་བཙུགས་པའི་སྡོང་ཕྲུག་དེ་རྣམས་ཀྱང་། ངས་ཆུང་དུས་སུ་གྲོང་ཁྱེར་དེའི་ལྷོ་ལམ་གྱི་ལམ་ངོགས་སུ་བཙུགས་པའི་ལྕང་སྡོང་དེ་དང་འདྲ་བར། ཚང་མར་སྐྱེ་སྟོབས་ཀྱི་དཔལ་ཡོན་ཀུན་ནས་འབར་ན་སྙམ་ཞིང་།
        ཐ་ན་ངས་ང་རང་ཉིད་ཀྱང་གྲོང་ཁྱེར་དེའི་ཁོར་ཡུག་དག་ཏུ་སྡོང་འཛུགས་ནགས་སྐྲུན་བྱེད་མཁན་གྱི་བཟོ་པ་ཞིག་དང་། ཡང་ན་དེ་ལས་ཀྱང་ལྷག་པའི་གྲོང་ཁྱེར་དེའི་ཁོར་ཡུག་ཀུན་ཏུ་ནགས་ཚལ་སྐྲུན་མཁན་གྱི“བི་ཤྭ་ཀརྨ”ཞིག་ཏུ་འགྱུར་བར་རེ་སྨོན་ཡང་བྱས་མྱོང་།
            འོན་ཀྱང་ང་ནི་མི་ཚེ་འདིར་མི་སྐྱོང་མཁན་ཞིག་ཏུ་གྱུར་པ་ལས་སྡོང་བོ་འཛུགས་མཁན་དང་གསོ་མཁན་ཞིག་ཏུ་འགྱུར་མ་ཐུབ་པས། སྐབས་འགར་བསམ་བློ་རེ་གཏོང་དུས་ང་ཚུལ་དེར་ཕངས་སེམས་ཀྱང་སྐྱེས་མྱོང་།
        སྤྱིར་འཇིག་རྟེན་འདིར་འབྲོག་པ་ཞིག་ཡིན་ན་ཕྱུགས་འདང་ཆེ་བ་དང་། རོང་པ་ཞིག་ཡིན་ཚེ་ཞིང་འདང་ཆེ་ལ། ནགས་ལས་པ་ཞིག་ཡིན་དུས་ནགས་འདང་ཆེ་བའི་དཔེ་ལྟར། སྐབས་འདི་དག་ལ་ང་ཡང་དང་ཐོག་ཕྱུགས་འདང་ཆེ་བ་ནས་རིམ་གྱིས་ནགས་འདང་ཆེ་བའི་མི་ཞིག་ཏུ་འགྱུར་བཞིན་ཡོད་པས་ཡིན་ནམ་ཅི། ནམ་རྒྱུན་ང་གྲོང་ཁྱེར་དེའི་ལྷོ་ལམ་ནས་ཕར་འགྲོ་ཚུར་འོང་བྱེད་ཐེངས་རེ་རེར་ལྕང་སྡོང་དེའི་ཕྱོགས་སུ་མིག་ལྟ་རེ་བྱེད་དགོས་བྱུང་ཞིང་། ངས་དུས་རྒྱུན་རང་གིས་འཆད་ཁྲིད་བྱེད་ཀྱིན་ཡོད་པའི་བྱིས་པ་དེ་ཚོར་ཡང་བཙུགས་སྡོང་ལ་གཅེས་སྐྱོང་ལེགས་པོ་བྱེད་དགོས་ཞེས་ཡང་ཡང་གདམས་པ་དང་། ད་དུང་ངས་སྐབས་འགར་བྱིས་པ་དེ་ཚོར་རང་གིས་དངོས་སུ་བཙུགས་ཤིང་བལྟས་བལྟས་རིག་རིག་ལ་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་ཟིན་པའི་ལྕང་སྡོང་དེའི་ལོ་རྒྱུས་ཀྱང་བཤད་མྱོང་།
        དཔྱིད་དུས་ཀྱི་ཉིན་ཞིག་ལ། ང་ལྕགས་རྟར་བཞོན་ཏེ་གྲོང་ཁྱེར་དེའི་ལྷོ་ལམ་བརྒྱུད་སྐབས། ཕར་བལྟས་ཚོད་ལ་ཞིང་ལས་ས་ཁུལ་ནས་ཡོང་བ་དང་འདྲ་བའི་མི་མང་བོ་ཞིག་གིས་སྔོན་ཆད་ང་ཚོ་དགེ་སློབ་རྣམས་ཀྱིས་བཙུགས་ཤིང་། སྐྱེས་ནས་དགུང་ལ་མཉམ་ཡོད་པའི་སྡོང་རྒན་དེ་དག་འཇོར་དང་ཁེམ་གྱིས་རྐོ་བཞིན་འདུག དམིགས་ཡུལ་ནི་སྡོང་རྒན་དེ་དག་རྩ་བ་ནས་བསྒྱེལ་རྩིས་ཡོད་པ་དེ་ཡིན་པས། ངའི་སེམས་ལ་དེ་མ་ཐག་རང་གིས་བཙུགས་པའི་ལྕང་སྡོང་དེ་དྲན་པས་དེའི་ཕྱོགས་སུ་བལྟས་པ་ན། ལྕང་སྡོང་དེར་གནས་སྐབས་ཙམ་ལ་འཇོར་ཁེམ་གྱི་གནོད་པ་མ་ཐེབས་པར། ལམ་འགྲམ་དེ་རུ་ཅུང་ཟད་བསེགས་བསེགས་ཤིག་བྱས་ཏེ་སྔར་ལྟར་འགྲེང་འདུག་ནའང་།
        ཉེན་ཁའི་ཁྲོད་དུ་གནས་ཡོད་པའི་རྐྱེན་གྱིས། ངས་གནས་ཚུལ་དེ་མཐོང་རྗེས་གློ་བུར་འདང་རྒྱག་ཆེན་པོ་ཞིག་གི་ནང་དུ་ལྷུང་། གནས་ཚུལ་དེ་འདྲ་ཞིག་བྱུང་དོན་ནི། སྔོན་ཆད་ང་ཚོས་ལམ་འགྲམ་དུ་བཙུགས་པའི་སྡོང་བོ་དེ་དག་ནི། དྲང་བོར་མ་སྐྱེས་པར་འཁྱོག་པོའི་ངང་ནས་སྐྱེས་ཏེ་མ་གཞི་ནས་ཞེང་ཆེ་རྒྱུ་མེད་པའི་རྒྱ་ལམ་དེ་ཇེ་དོག་ཏུ་གྱུར་པས། རླངས་འཁོར་ཆེན་པོ་དང་རླངས་འཁོར་མཐོན་པོ་རྣམས་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་མ་བྱུང་བའི་གནད་དོན་དེ་སེལ་བའི་ཆེད་དུ་རེད། ཡིན་ནའང་ངས་སྐབས་ཐོག་དེར་གནས་ཚུལ་གསལ་བོ་ཞིག་མ་ཤེས་པའི་སྟབས་ཀྱིས། ང་ངོ་མ་འདང་རྒྱག་ཆེན་པོ་ཞིག་གི་ནང་དུ་ལྷུང་སྟེ། དགོང་མོར་མལ་དུ་ཉལ་དུས་ཀྱང་ངས་རང་གིས་དངོས་སུ་བཙུགས་པའི་ལྕང་སྡོང་དེའི“ལས་དབང”ལ་བསམ་བློ་ཡང་ཡང་གཏོང་དགོས་བྱུང་།
        ཕྱི་ཉིན་ང་བསམ་བཞིན་དུ་རང་གིས་ཆུང་དུས་དངོས་སུ་བཙུགས་ཤིང་བལྟས་བལྟས་རིག་རིག་ལ་སྡོང་རྒན་ཆེན་པོ་ཞིག་ཏུ་གྱུར་ཟིན་པའི་ལྕང་སྡོང་དེར་བལྟ་རུ་སོང་། སྟབས་ལེགས་པ་ཞིག་ལ། ལས་ཀ་པ་རྣམས་ཀྱིས་ངས་བཙུགས་པའི་ལྕང་སྡོང་དེའི་སྡོང་རྩའི་ས་ངོས་ཅུང་ཟད་བརྐོས་རྗེས། ས་རྣམས་སླར་ཡང་ཐོག་མའི་ཁ་མལ་དུ་དེད་དེ་ལྕང་སྡོང་ལ་གནོད་སྐྱོན་ཅི་ཡང་མེད་པར་བཟོས་འདུག་པས། ངའི་སེམས་ཀྱང་དེ་མ་ཐག་བདེ་ལ་བབས་ཤིང་། ངག་ནས“ཁྱོད་ད་དུང་བདེ་བར་གནས་སམ། ངས་བསམས་ན་ཁྱོད་བདེ་བར་གནས་སྲིད། ཁྱོད་ནི་བྱེ་ཐང་གི་གྲོང་ཁྱེར་འདི་ནས། ཁྱོད་ནི་ལྷོ་ལམ་གྱི་ལམ་འགྲམ་འདི་རུ། ཁྱོད་ནི་ངའི་ལྟ་ས་དང་ཉན་ས་འདི་ནས། དུས་རྟག་ཏུ་བདེ་བར་གནས་སྲིད”ཅེས་བརྗོད། དུས་དེར་ངས་ཞིབ་ཏུ་ལྟ་སྐབས། ངས་བཙུགས་པའི་ལྕང་སྡོང་དེའི་གཡས་གཡོན་དག་ཏུ་འཁྱ་གེ་འཁྱོག་གེའི་ངང་སྐྱེས་ཡོད་པའི་སྡོང་རྒན་སྐོར་ཞིག་མི་སྣང་ལ། དེ་དག་གི་ཤུལ་དུ་སྡོང་བོ་གསར་བ་བཙུགས་འདུག་པས། ངས་བཙུགས་པའི་ལྕང་སྡོང་དེ་ནི་ལམ་འགྲམ་གྱི་ལྗོན་པ་དེ་རྣམས་ཀྱི་ཁྲོད་དུ་སྔར་ལས་ཀྱང་མངོན་གསལ་དོད་པའི་རྒས་ཉམས་ཤིག་ཤར་འདུག ངས་བཙུགས་པའི་ལྕང་སྡོང་དེ་སྐབས་དེར་དེ་ལྟར་ཐར་སོང་བའི་རྐྱེན་གྱིས། ང་ནམ་རྒྱུན་གྲོང་ཁྱེར་དེའི་ལྷོ་ལམ་ནས་ཕར་འགྲོ་ཚུར་འོང་བྱེད་དུས། ངས་རང་གིས་ངོ་ཤེས་ཤིང་རང་ལ་ཆ་རྒྱུས་ཡོད་པའི་ལྕང་སྡོང་དེ་སྔར་ལྟར་མིག་གིས་འཚོས་པ་དང་། ལམ་འགྲམ་དུ་ལུས་སྟེང་ཧྲིལ་པོར་རྒས་གཉེར་གྱིས་ཁེངས་ཤིང་། ལམ་ངོས་ཀྱི་ཕྱོགས་སུ་ཅུང་ཟད་བསེགས་ཏེ་སྐྱེས་ཡོད་པའི་ལྕང་སྡོང་དེ་ཡང་བྱེ་ཐང་གི་ཉི་འོད་དང་ཚ་བའི་ཁྲོད་དུ་སྔར་ལྟར་འགྲེང་འདུག ལྕང་སྡོང་དེས་སྔར་དང་འདྲ་བར་ནམ་ལྡང་ལ་ངེས་པ་མེད་པའི་བྱེ་རླུང་བསུ་བཞིན་ལོ་ཟླ་མང་བོ་ཞིག་འདས་སོང་།
        ཉིན་ཞིག་ལ། ང་གྲོང་ཁྱེར་དེའི་ལྷོ་ལམ་བརྒྱུད་ནས་འགྲོ་དུས། མིག་ལམ་དུ་ནམ་རྒྱུན་དང་འདྲ་བར་ལྕང་སྡོང་དེ་མངོན་བྱུང་བས། ང་ལྕགས་རྟའི་གོང་ནས་བབས་ཏེ་ལྕང་སྡོང་དེའི་གམ་དུ་སོང་ནས་དེ་ལ་ཞིབ་ཏུ་ལྟ་དུས། ལྕང་སྡོང་དེ་ནི་སྔར་ནས་སྐྱེས་ཐག་ཆོད་པར་མ་ཟད། དེར་རྒས་པའི་ཉམས་ཤིག་ཀྱང་ཤར་འདུག ངས་ལྕང་སྡོང་དེ་འཛུགས་སྐབས་སྡོང་བོའི་ངོས་སུ་མིང་བརྐོས་པའི་ཡི་གེའི་རི་མོ་དེ་ཡང་ལྕང་སྡོང་གི་རྒས་གཉེར་རྣམས་ཀྱི་ཁྲོད་དུ་སིམ་སྟེ་ཤུལ་མེད་རྗེས་མེད་དུ་གྱུར་ཟིན། གལ་ཏེ་ལྕང་སྡོང་དེ་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ན། ངས་ལྕང་སྡོང་དེ་ངོ་ཤེས་ནས་ལོ་ངོ་ལྔ་བཅུ་འགོར་སོང་།
ལོ་ངོ་ལྔ་བཅུ་ནི་དུས་རབས་ཕྱེད་ཀའི་དུས་ཡུན་རེད། དུས་རབས་ཕྱེད་ཀའི་རིང་ལྕང་སྡོང་དེས་བྱེ་ཐང་གི་ཉི་དུག་བརྒྱུད། བྱེ་ཐང་གི་བྱེ་རླུང་བརྒྱུད། བྱེ་ཐང་གི་མཁའ་དབུགས་སྐམ་པོ་དེའང་བརྒྱུད་ཡོང་།
        ཡིན་ནའང་ལྕང་སྡོང་དེ་དཀའ་ངལ་དེ་དག་གིས་ཡེ་ནས་བསྒྱེལ་མ་ཐུབ་ལ། དེ་ལས་ལྡོག་སྟེ་ལྕང་སྡོང་དེས་དུས་རབས་ཕྱེད་ཀའི་རིང་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེའི་ལྷོ་ལམ་ཞེས་པའི་རྒྱ་ལམ་དེ་ལ་དྲོད་ཁོལ་བསྐྱལ་ཡོང་། ལྗང་མདོག་བསྐྱལ་ཡོང་།
        མཛེས་སྡུག་ཀྱང་བསྐྱལ་ནས་ཡོང་བས། གནས་དེར་མཚོན་ན་ལྕང་སྡོང་དེ་ལྟ་བུའི་ལྗོན་པ་བགྲང་ལས་འདས་པ་ཞིག་གཟུག་རྒྱུ་ནི། ང་དང་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེའི་སྡོད་དམངས་རྣམས་ཀྱི་སེམས་ཁོང་གི་རེ་ལྟོས་དང་སྨོན་ལམ་ཡིན། རེ་ལྟོས་དང་སྨོན་ལམ་ཡིན་པའི་སྟབས་ཀྱིས། ནམ་ཞིག་གི་དུས་སུ། ང་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་འདི་དང་གྱེས་དགོས་བྱུང་ནའང་། ང་གྲོང་ཁྱེར་འདི་དང་གྱེས་ཁར་ཡང་། ངས་ནམ་རྒྱུན་དང་འདྲ་བར་ཞེན་ཆགས་པའི་ངང་ནས་ང་དང་ལས་ཀྱིས་འཕྲད་པའི་ལྕང་སྡོང་དེ་ལ་མིག་གིས་ལན་གཅིག་བལྟ་སྲིད་ལ། ལས་ཀྱིས་འཕྲད་པའི་ལྕང་སྡོང་དེ་ནི་བྱེ་ཐང་གི་དབུས་སུ་ཆགས་པའི་གྲོང་ཁྱེར་དེ་ན་ལུས་པའི་བརྗེད་མི་སྲིད་པའི་གཏམ་རྒྱུད་ཅིག་ཡིན་ལ། ངའི་འདས་དོན་རྣམས་སླར་ཡང་དྲན་པའི་དྲན་ཤིང་ཡང་ཡིན་ངེས་སོ།།


རྩོམ་ཡིག་སྔོན་མ།
སྙིང་གཏམ་ཐན་ཐུན།
རྩོམ་ཡིག་རྗེས་མ།
གངས་སྐོར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1