སྒྲུང་གཏམ་འདིར་བཀོད་པའི་དམྱལ་ཁམས་ཀྱི་སྐོར་ནི་གེ་སར་སྒྲུང་ལས《དམྱལ་གླིང་མུན་པ་རང་གསལ》གཞིར་བཟུང་ནས་བྲིས་པ་ཡིན།
— རྩོམ་པ་པོའི་གསལ་བཤད་ཀྱི་གཏམ།
1
སྤྱང་མོ་རྒས་སོང་། སྤྱང་མོ་དེ་དངོས་འབྲེལ་རྒས་སོང་།
སྤྱང་མོ་རྒས་པ་དང་བསྟུན་ནས། སྤྱང་མོ་གཞན་ཞིག་སྤྱང་ཚོགས་ཀྱི་རྒྱལ་མོར་གྱུར་སོང་།
སྤྱང་མོ་རྒས་རྗེས། ཕོ་སྤྱང་དེ་དག་གི་དུངས་སེམས་ཀྱང་རིམ་བཞིན་ཉམས་སོང་།
ད་ལྟའི་དུས་འདིར། སྤྱང་མོ་དེ་ཤིན་ཏུ་རྒས་པར་མ་ཟད། ད་དུང་གཟུགས་གཞིའང་རྨས་འདུག་པས། སྔར་གྱི་བྱང་ཆུབ་སེམས་དཔའ་དེ་སླར་ཡང་ཕེབས་ཀྱང་། སྤྱང་མོ་ནི་འཆི་བའི་གནས་ལས་སྐྱོབ་ཐབས་མེད་པ་འདྲ།
ཉིན་འགའི་སྔོན་ལ། སྤྱང་མོས་བཀྲེས་ལྟོགས་མ་བཟོད་པར་གནའ་གཡག་ཅིག་ལ་འཇབ་རྒོལ་བྱེད་སྐབས། གནའ་གཡག་གིས་རང་གི་བརླ་ངོས་ལ་འཐམས་འདུག་པའི་སྤྱང་མོ་དྲུད་དེ་བྲག་འཕྲང་ཞིག་ལ་མྱུར་སྟབས་ཀྱིས་མཆོང་བ་ན། སྤྱང་མོའི་མཚང་ར་ཕ་བོང་ཞིག་གི་ངོས་ལ་བརྡབས་ཏེ་རྨས་བྱུང་། སྐབས་དེར། སྤྱང་མོས་རང་ཉིད་ཚེ་ལོ་མཐར་སོན་པ་ག་ལེར་རྟོགས་པས། ཕ་བོང་འགྲམ་ནས་འཆི་བར་བསྒུགས་ན་མི་དང་གཅན་གཟན་གྱིས་གཙེ་བར་དོགས་ཏེ། སྐབས་རེར་གོག་པ་དང་མཚམས་རེར་ནུར་ཏེ་གནས་རི་བྲག་དམར་ཁྱུང་མགོན་གྱི་མགུལ་ལ་སོང་ཞིང་། ལུས་ཀྱི་ན་ཟུག་དང་ལྟོ་བའི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་བཟོད་དཀའ་རུང་། སྒྲུབ་ཕུག་གི་སྒོ་འགྲམ་དུ་བཙན་ཚུགས་ཀྱིས་ཉལ་ཏེ་ཉི་མར་ལྡེ་བཞིན་འཆི་བར་ངང་སྒུག་བྱས།
ཡ་མཚན་པ་ལ་ཨང་། དེ་རིང་ཞོགས་པར་ཉི་འོད་རི་རྩེ་ལ་ཕོག་པ་ན། སྤྱང་མོའི་ལུས་ཀྱི་ན་ཟུག་སྐད་ཅིག་ཉིད་ལ་འཇགས་པར་མ་ཟད། བཀྲེས་ལྟོགས་ཀྱི་སྡུག་བསྔལ་ཡང་རིམ་བཞིན་ཞི་སོང་བས། དེ་ཉིད་ལྷོད་ཀྱུག་གེར་སྒྲུབ་ཕུག་འགྲམ་དུ་ཉི་མར་འདེ་སྟེ་བསྡད། ཉིན་གུང་གི་དུས་སུ། ཉི་འོད་ཧ་ཅང་བཙན་མོད། སྤྱང་མོའི་སུག་བཞི་རིམ་གྱིས་འཁྱགས་པ་ན། ཐོག་མར་སྤྱང་མོར་འཁྱག་འདར་རེ་འགའ་བརྒྱབ་པ་དང་། དེ་ནས་ལུས་པོ་ནི་རླུང་ངམ་ཅི་ཞིག་གི་འཆིང་རྒྱར་ཚུད་དེ་འགུལ་ཐབས་འཕག་ཐབས་བྲལ་པ་དང་བསྟུན་ནས། ཉི་འོད་ནི་མག་མོག་ཏུ་གྱུར་ཅིང་། བྱ་བྱིའུ་སྣ་ཚོགས་ཀྱི་སྐད་ནི་རྒྱང་རིང་ནས་རྒྱང་རིང་དུ་ཕྱིན་པར་མ་ཟད། དབུགས་ནི་འབྱིན་པ་ལས་རྔུབ་མི་ནུས་པ་དང་མཉམ་དུ། གཟུགས་གཞི་དལ་གྱིས་མུན་པ་ཆེན་པོ་ཞིག་གི་ཀློང་དུ་ལྷུང་སོང་།
མཐོང་ལམ་གསལ་ལམ་མེར་སོང་བའི་སྐབས་སུ། སྤྱང་མོ་ནི་བྱེ་སྒང་ཆེན་པོ་ཞིག་གི་རྩེ་མོར་སླེབས་འདུག བྱེ་སྒང་ཆེན་པོའི་གཡས་ཕྱོགས་སུ་མི་མགོ་སྐམ་པོའི་ལབ་ཙེ་དགུང་དང་མཉམ་པ་དང་། མི་མགོ་རེ་རེས་ཀི་སྒྲ་དི་རི་རི་སྒྲོག་བཞིན་ཡོད་ལ། བྱེ་སྒང་ཆེན་པོའི་གཡོན་ཕྱོགས་སུ་རྟ་མགོ་སྐམ་པོའི་ལབ་ཙེ་དགུང་དང་མཉམ་པ་དང་། རྟ་མགོ་རེ་རེས་འཚེར་སྐད་སི་ལི་ལིར་སྒྲོག་བཞིན་གདའ། སྤྱང་མོས་འཚེར་སྣང་དང་བཅས་ཕྱོགས་བཞིར་ལྟ་བཞིན་པའི་སྐབས་སུ། མགྱོགས་པའི་ལས་མཁན་སྐུ་ལྔ་ནི་མྱུར་མོར་མཆོང་ཡོང་སྟེ་སྤྱང་མོ་དམ་པོར་བཟུང་རྗེས། ལས་མཁན་སེང་གེ་རབ་བརྟན་གྱིས་སྤྱང་མོའི་མགོ་ལྤགས་ནས་བཟུང་སྟེ་འཐེན་པ་ན། ཨ་བ་གླང་མགོ་ཅན་གྱིས་རྒྱབ་ནས་དེད་བྱུང་བ་དང་། དར་མ་སྤྲེལ་མགོ་ཅན་གྱིས་སོག་པ་གཡས་ནས་བཟུང་། རྭ་སྐྱེས་ཕག་མགོ་ཅན་གྱིས་སོག་པ་གཡོན་ནས་བཟུང་། ཞེ་སྡང་སྟག་མགོ་ཅན་གྱིས་ལམ་སྣ་དྲངས་ཏེ་མྱུར་མོར་མདུན་ལ་ཁྲིད་བྱུང་།
“འདི་ནི་གནས་གང་ཞིག་རེད།”སྤྱང་མོ་སྔོན་ཆད་གནས་འདི་འདྲར་གཏན་ནས་སླེབས་མ་མྱོང་བས། འཚེར་སྣང་དང་སོམ་ཉི་འདྲེས་མའི་ངང་ནས་ཚབ་ཚུབ་ཀྱིས་དེ་སྐད་དྲིས།
“ཤི་གསོན་བྱེ་མའི་ལ་ཁ་རེད།”ལས་མཁན་སེང་གེ་རབ་བརྟན་གྱིས་ཅི་མི་སྙམ་པའི་ངང་ནས་དེ་ལྟར་བཤད།
“ཤི་གསོན་བྱེ་མའི་ལ་ཁ་ཟེར་བ་ནི་གནས་གང་ཞིག་རེད།”
“ཚེ་འདི་ཕྱི་གཉིས་ཀྱི་བར་མཚམས་རེད།”
“འོ་ན་ཁྱོད་ཅག་ནི་སུ་ཞིག་ཡིན།”སྤྱང་མོའི་སེམས་པ་འཇིགས་ཡེར་ཡེར་བྱེད།
“ངེད་ཅག་ནི་གཤིན་རྗེ་ཆོས་རྒྱལ་གྱི་མགྱོགས་པའི་ལས་མཁན་རྣམ་ལྔ་ཡིན། ཁྱོད་དམྱལ་བར་འཁྲིད་དགོས།”
“ང་དམྱལ་ཁམས་ལ་མི་འགྲོ། ང་མྱུར་མོར་ཐོངས་ཤིག”སྤྱང་མོས་ངུ་ཟུག་བྱེད་བཞིན་དེ་ལྟར་བརྗོད།
སྐབས་དེར། ལས་མཁན་སེང་གེ་རབ་བརྟན་གྱིས་རལ་བ་ལན་གཅིག་གསིགས་པས་གངས་རི་ཡོམ་ཡོམ་འགུལ་བ་དང་། ངར་སྐད་ལན་གཅིག་བསྒྲགས་པས་ས་གཞི་ཤིག་ཤིག་འདར་ལ། རྐན་སྒྲ་ལན་གཅིག་གཏོགས་པས་རྫ་རིའི་དབུ་རྩེ་ཉིལ་བ་ཙམ་བྱས་རྗེས། དེ་རྣམས་ཀྱིས་སྤྱང་མོ་ཁྲིད་དེ་ཐུར་ལམ་གྱ་གྱུ་ཐག་པ་ནག་པོ་འདྲ་བ་ཞིག་དེད་ནས་མདུན་ལ་ཕྱིན་པ་ན། སྤྱང་མོ་དཔའ་སེམས་དང་བློ་སྤོབས་ཡོངས་སུ་ཉམས་སོང་བས། ཕེ་རྒྱངས་རྗེས་ལ་ངུ་ཟུག་མཐུད་ནས་དེ་དག་གི་རྗེས་སུ་འབྲངས་པར། མཇུག་མཐར་མགྲིན་པ་འགགས་ཏེ་ངག་ལས་སྒྲ་ཙམ་ཡང་འདོན་མི་ནུས་པར་གྱུར།
2
གནས་རི་བྲག་དམར་ཁྱུང་མགོན་མགུལ་གྱི་ལྷོ་ངོས་ན། དུང་དཀར་གཡས་འཁྱིལ་གྱི་དབྱིབས་སུ་གྲུབ་པའི་སྤང་གཤོང་ཆུང་ཆུང་ཞིག་ཡོད་ལ། སྤང་གཤོང་གི་ཤར་ངོས་ཀྱི་བྲག་རི་རལ་གྲིའི་སོ་ཁ་དང་གཉིས་སུ་མེད་པ་དེ་ཉིད་ཀྱི་འོག་ཏུ་བྲག་ཕུག་ཆེ་ཆུང་གཉིས་ཡོད་དེ། གོང་རོལ་གྱི་བྲག་ཕུག་ཆེན་པོ་དེ་ནི་སྒྲུབ་ཕུག་སྐད་གྲགས་ཅན་ཞིག་ཡིན་པ་དང་། མར་གཤམ་གྱི་བྲག་ཕུག་ཕུ་ཐག་རིང་བོ་ཅན་དེ་ནི་སྔོན་མ་སྔོན་མའི་དུས་ནས་བྲག་དམར་ཁྱུང་མགོན་གྱི་སྤྱང་དཔོན་སྡོད་སར་གྱུར་པ་ན། སྤྱང་ཚོགས་ཀྱིས་དེ་ཉིད་ཕོ་བྲང་ཆེན་པོ་ཞིག་གི་ས་ལ་བཀོད་དེ་བཀུར་སྟི་ཚད་མེད་བྱེད་བཞིན་ཡོད།
སྤྱང་མོ་དེ་ཉིད་སྤྱང་ཕྲུག་ཡིན་དུས། དེའི་ཨ་མ་ནི་བྲག་དམར་ཁྱུང་མགོན་གྱི་སྤྱང་དཔོན་ཡིན་པ་དང་།
སྤྱང་ཚང་གོང་རོལ་གྱི་སྒྲུབ་ཕུག་དེ་ན་རི་ཁྲོད་པ་ཞིག་ཉམས་ལེན་ལ་བཞུགས་འདུག ཐོག་མའི་དུས་སུ། སྤྱང་མོ་མིང་སྲིང་རྣམས་ཨ་མའི་རྗེས་སུ་འབྲངས་ཏེ་ཕྱི་རུ་འགྲོ་སྐབས། གོང་རོལ་གྱི་སྒྲུབ་ཕུག་ནང་དྲིལ་བུའི་སྒྲ་དེ་སིལ་སིལ་དུ་སྒྲོག་པ་ན། སེམས་པ་འཇིགས་ཡེར་རེར་སོང་བ་དང་བསྟུན་ནས་རྐུབ་ལས་འོག་རླུང་ཚག་སྒྲ་ལྡན་པ་ཞིག་ཀྱང་འཆོར་སྲིད་མོད། འོན་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་བར། དྲིལ་བུའི་སྒྲ་ལ་ཤིན་ཏུ་འདྲིས་ཏེ་དྲིལ་སྐད་མ་གོ་ན་སེམས་པ་སྨེང་བློང་ངེར། སྟོང་ཧང་ངེར་གྱུར་ཏེ་ཉིན་མོར་ཟས་བརྗེད་པ་དང་མཚན་མོར་གཉིད་བོར་འགྲོ་བའི་སྐབས་ཀྱང་ཡོད།
ཨ་མ་ཚེ་ལས་འདས་རྗེས། སྤྱང་མོ་ནི་བྲག་དམར་ཁྱུང་མགོན་གྱི་སྤྱང་དཔོན་དུ་གྱུར་པར། གཞན་གྱི་རྗེས་སུ་དུས་ལྟར་འབྲངས་པ་དང་། གཞན་གྱི་བཀོད་འདོམས་ལྟར་རྔོན་པའི་ལས་ལ་འཇུག་མི་དགོས་པས། རང་ཉིད་དང་སྤྱང་ཕྲུག་རྣམས་ལ་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མེད་དུས། ནམ་རྒྱུན་སྒྲུབ་ཕུག་འགྲམ་ལ་སོང་སྟེ། ལྟོ་བ་ས་ལ་སྦྱར། ལག་ཟུང་མདུན་དུ་བསྲིངས། མཆུ་ཏོ་ལག་ངར་ངོས་ལ་བཞག་སྟེ་དྲིལ་བུའི་སྒྲ་ལ་རེ་སྒུག་བྱས། སྐབས་རེར། རི་ཁྲོད་པ་དེ་བཏུང་ཆུ་དང་མེ་ཤིང་གི་ཆེད་དུ་སྒྲུབ་ཕུག་གི་ཕྱི་ལ་བྱོན་སྐབས། སྤྱང་མོས་མཆུ་ཏོ་མདུན་ལ་བསྲིངས། རྣ་གཤོག་རྒྱབ་ལ་བསྙལ། མགྲིན་པའི་ཕུགས་ནས་ཉམ་ཆུང་གི་སྒྲ་གསལ་ལ་མི་གསལ་བ་ཞིག་བསྒྲགས་ཏེ་རི་ཁྲོད་པར་གུས་ཉམས་དང་དུངས་ཉམས་བསྟན་པ་ན། རི་ཁྲོད་པས་ཀྱང་སྤྱང་མོར་བརྩེ་བའི་འཛུམ་མདངས་འོད་རིས་འཁྱུག་པ་ཞིག་བསྟན་རྗེས། ངག་ལས་ཅི་ཞིག་ཟློ་བཞིན་སྤྱང་མོའི་ཕྱོགས་ལ་ཕུ་རེ་འདེབས་ངེས་ཡིན།
ལོ་དེར། སྤྱང་མོས་ནམ་རྒྱུན་རི་ཁྲོད་པའི་དྲིལ་བུའི་སྒྲ་ལ་ཉན་ཏེ་རི་དྭགས་མ་བསད་པས་ལུས་སྟོབས་ཤིན་ཏུ་ཞན་མོད། དཔྱིད་ཀྱི་དུས་སུ་སྤྱང་ཕྲུག་བཅུ་གསུམ་བཙས་པ་ན། སྤྱང་མོའི་ལུས་སྟོབས་ཡོངས་སུ་ཟད་དེ་སྤྱང་ཚང་ཕྱི་ལ་འགྲོ་མི་ཐུབ་པར་གྱུར།
རི་ཁྲོད་པ་དེ་སྤྱང་ཚང་ནང་ལ་སླེབས་སྐབས། སྤྱང་མོ་དང་སྤྱང་ཕྲུག་རྣམས་མུ་གེས་བཟི་འདུག་པ་མཐོང་འཕྲལ། མྱུར་མོར་མཛུབ་རྩེར་བུ་ག་བརྟོལ་ཏེ་སྤྱང་ཕྲུག་རེ་རེའི་ཁ་ནང་ལ་བཞག་པ་ན། སྤྱང་ཕྲུག་ཚོས་ཟུངས་ཁྲག་བཞིབས་ཏེ་ལྟོ་འགྲངས་པ་དང་བསྟུན་ནས་རིམ་བཞིན་གཉིད་སོང་ལ། མཇུག་མཐར་རི་ཁྲོད་པས་ཁྲག་དམར་འཛར་བཞིན་ཡོད་པའི་མཛུབ་མོ་རྣམས་རེས་མོས་བྱས་ཏེ་སྤྱང་མོའི་ཁ་ནང་ལ་བཞག་ཚེ། སྤྱང་མོས་སྟོབས་ཟད་པའི་ངང་ནས་ཟུངས་ཁྲག་བཞིབས་པས། མོའི་ལྟོ་བའང་རིམ་བཞིན་ཁྲག་གིས་འགྲངས་ཏེ་གཉིད་དུ་ཡུར་སོང་།
སྤྱང་མོ་དང་སྤྱང་ཕྲུག་རྣམས་གཉིད་ལས་སད་སྐབས། རི་ཁྲོད་པ་སྔ་མོ་ནས་ཞིང་གཞན་ལ་གཤེགས་ཚར།
ཏག་ཏག་སྐབས་དེར། སྤྱང་མོས་ཡིད་ཀྱི་གདུང་བ་ངག་ལ་དྲངས་ཏེ་སྨེང་བློང་བློང་གིས་ཟུག་རྒྱངས་བྱས་ཚེ། གནས་རི་བྲག་དམར་ཁྱུང་མགོན་གྱི་སྤྱང་ཀི་རྣམས་མྱུར་མོར་སྤྱང་དཔོན་གྱི་གམ་ལ་སླེབས་བྱུང་བས། སྤྱང་མོས་བཀོད་འདོམས་ལུགས་མཐུན་བྱས་པ་དང་བསྟུན་ནས། སྤྱང་ཚོགས་ཀྱིས་རི་ཁྲོད་པའི་གཟན་དང་ཤམ་ཐབས་ལ་སོ་བཏབ་སྟེ། ཁོང་གི་བེམ་པོ་སྒྲུབ་ཕུག་ཏུ་གདན་དྲངས་སོང་།
ཉིན་དེའི་རྗེས་སུ། དུས་ཡུན་རིང་མོ་ཞིག་ལ་སྤྱང་མོ་ནམ་རྒྱུན་སྒྲུབ་ཕུག་གི་འགྲམ་ལ་སོང་སྟེ་ངུ་རྒྱངས་བྱེད་བཞིན་ཡོད་ལ། སྐབས་དེར་སྤྱང་མོའི་སྡུག་བསྔལ་ནི་དམྱལ་ཁམས་འགྲིམ་པའི་འཇིགས་སྣང་ལས་ཀྱང་ལྷག་པ་འདྲ།
ལས་མཁན་སྐུ་ལྔས་སྤྱང་མོ་ཁྲིད་དེ་ལྕགས་མཁར་སྨུག་པོ་དེའི་ནང་རོལ་ལ་སླེབས་བྱུང་། སྐབས་དེར། སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་ཉིད་ནི་སྐྲ་ཁམ་ནག་གི་རལ་བ་རྒྱབ་ཏུ་ཁེབས་ཤིང་། སྤྱན་མིག་ནི་ཉི་མ་ཟུང་ཞིག་དུས་གཅིག་ལ་ཤར་བ་ལྟར་བགྲད་དེ་བཞུགས་འདུག་ལ། སྤྱང་མོས་ཚུལ་དེ་མཐོང་བར་སྐྲག་སྟེ་བག་འཁུམས་པར་གྱུར། ཅི་དྲན་འདི་དྲན་མེད་པར་འཕོངས་ཚོས་ས་ལ་གླན་ནས་ཙོག་པུར་བསྡད་དེ། གུས་ཉམས་ཆེན་པོ་སྟོན་དགོས་བྱུང་། སྐབས་ཤིག་ལ། སྤྱང་མོས་རང་གི་ཉེ་འཁོར་ན་ཅི་ཞིག་ཡོད་དམ་སྙམ་བཞིན་གཡས་གཡོན་ལ་ལྐོག་ལྟ་ཙམ་བྱས་པར། གྲི་རིང་འཛིན་པའི་ལས་མཁན་གྱི་གྲི་རིང་རྣོ་ངར་ཤལ་ལེ། མདའ་གཞུ་འཛིན་པའི་ལས་མཁན་གྱི་མདའ་མོ་རྒོད་སྒྲོ་ཚུབས་སེ། སོག་ལེ་འཛིན་པའི་ལས་མཁན་གྱི་སོག་ལེ་སོ་ཁ་ཧྲིག་གེ ཞགས་པ་འཛིན་པའི་ལས་མཁན་གྱི་ཞགས་ནག་ཨ་ལོང་ཁྲིག་གེ མདུང་རིང་འཛིན་པའི་ལས་མཁན་གྱི་མདུང་མོའི་བ་དན་ལྷབ་སེར་རང་ཉིད་བསྐོར་འདུག་པར་མ་ཟད། འཇིགས་པའི་ཀི་སྒྲ་དང་བསྭོ་སྒྲ། སོད་སོད་རྒྱོབ་རྒྱོབ་ཀྱི་སྐད་འུར་ཆིལ་ལེར་བསྒྲགས་པ་ན། སྤྱང་མོ་ནི་རབ་ཏུ་འཇིགས་ཏེ་སྙིང་གས། རབ་ཏུ་འཇིགས་ཏེ་ཡ་ང་བའི་ཕེ་རྒྱངས་བྱེད་དགོས་བྱུང་།
“ཡ་སྤྱང་མོ། ཁྱོད་བྲག་དམར་ཁྱུང་མགོན་ན་ཡོད་དུས། ལས་དགེ་སྡིག་གི་བྱ་བ་ཅི་ཞིག་གཉེར།” གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ངག་སྒོ་ཕྱེ་བར། ལས་མཁན་རྣམས་ནི་ཁ་རོག་གེར་བསྡད་བྱུང་།
“ལགས། ཅི་ཟེར། ངས་གོ་མ་བྱུང་།”སྤྱང་མོས་ཚབ་ཚུབ་ངང་ནས་དེ་ལྟར་བརྗོད།
“ཁྱོད་བྲག་དམར་ཁྱུང་མགོན་ན་ཡོད་དུས། ལས་དགེ་སྡིག་གི་བྱ་བ་ཅི་ཞིག་གཉེར།”
“ལགས། ངས་དགེ་སྡིག་ཟེར་བ་དེ་ཅི་ཡིན་མི་ཤེས།”སྤྱང་མོས་རང་གི་གནས་ཚུལ་རྣལ་མ་ཤབ་ཤུབ་ཏུ་བཤད།
“ཁྱོད་ཀྱིས་མི་ཤེས་རུང་། ཁྱོད་དང་ལྷན་ཅིག་སྐྱེས་པའི་ལྷ་དང་བདུད་ཀྱིས་ཤེས་ངེས་ཡིན།”གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ཅི་མི་སྙམ་པའི་ངང་ནས་དེ་ལྟར་བཤད།
སྐབས་དེར། སྤྱང་མོའི་ཕྲག་གོང་གཡས་པ་ནས་ཁུག་མ་དཀར་པོ་ཁུར་བའི་བུ་ཆུང་དཀར་པོ་ཞིག་ས་ལ་བབས་ཏེ། ཁུག་མ་དཀར་པོ་ལས་རྡེའུ་དཀར་པོ་ཡུངས་འབྲུ་འདྲ་བ་འགའ་ཞིག་བླངས་ཏེ“འདི་ནི་ཁྱོད་ཀྱིས་རི་ཁྲོད་པའི་དྲིལ་བུའི་སྒྲ་ལ་ཉན་པའི་འབྲས་བུ་རེད”ཅེས་བཤད་རྗེས། ཡང་སྐྱོ་ཉམས་ཆེན་པོ་དང་བཅས་ས་ལ་སྐྱིལ་ཀྲུང་དུ་བསྡད་དེ་ངུས་པ་ན། མིག་ཆུ་གདོང་ལས་མཆེད་དེ་པང་ལ་ལྷུང་སོང་།
ཡུད་ཙམ་གྱི་རྗེས་སུ། སྤྱང་མོའི་ཕྲག་གོང་གཡོན་པ་ནས་ཁུག་མ་ནག་པོ་ཁུར་བའི་བུ་ཆུང་ནག་པོ་ཞིག་ས་ལ་བབས་རྗེས། དལ་ལྷོད་ལྷོད་ཀྱིས་ཁུག་མ་ནག་པོའི་ཁ་འདིག་བཀྲོལ་པ་ན། རྡེའུ་ནག་པོས་སྐྱི་གཡའ་བའི་གཅོང་སྐད་སྣ་ཚོགས་འདོན་བཞིན་ཕྱི་ལ་མཆོངས་བྱུང་བས། སྐད་ཅིག་ཉིད་ལ་གཤིན་རྗེའི་ཕོ་བྲང་དུ་རྡེའུ་ནག་བརྩེགས་པའི་རྡེའུ་ཕུང་རི་རྒྱལ་ལྷུན་པོ་འདྲ་བ་ཞིག་གྲུབ་བྱུང་། སྤྱང་མོས་བློ་རིག་བསྒྲིམས་ཏེ་རྡེའུ་ནག་རྣམས་ལ་བལྟས་པར། རྡེའུ་ནག་རྡོག་པོ་རེ་རེ་ནི་མོས་བསད་པའི་སེམས་ཅན་རེ་རེར་གྱུར་ཏེ། རང་རང་གི་ངག་ནས་འཇིགས་ཞེད་ཆེན་པོས་སྡར་སྐད་དང་གཅོང་སྐད་འདྲ་མིན་སྣ་ཚོགས་བསྒྲགས་བྱུང་།
“ཡ་སྤྱང་མོ། ད་ནི་རང་གིས་དགེ་སྡིག་གི་ལས་ཀ་ཅི་ཞིག་བྱས་པ་ཤེས་སོང་ངམ།”གཤིན་རྗེ་ཆོས་ཀྱི་རྒྱལ་པོས་དལ་ལྷོད་ལྷོད་ཀྱིས་དེ་ལྟར་དྲིས།
“ལགས། ད་དུང་ཤེས་མ་སོང་།”སྤྱང་མོས་རྨོངས་བློང་ངེར་དེ་ལྟར་ལན་བཏབ།
“ད་དུང་མ་ཤེས་སམ།”གཤིན་རྗེ་ཆོས་རྒྱལ་ནི་གློ་བུར་ཁྲོས་བྱུང་།
གཤིན་རྗེ་ཆོས་ཀྱི་རྒྱལ་པོ་རབ་ཏུ་ཁྲོས་ཏེ། རྐན་སྒྲ་གངས་རི་ཉིལ་པ་ལྟར་གཏོགས་ཏེ་སྤྱང་མོར་འཇིགས་སྣང་བསྐྱེད་པ་དང་། མགྲིན་སྒྲ་གཡུ་འབྲུག་ངར་སྐད་ལྟར་བསྒྲགས་ཏེ་སྤྱང་མོ་སྡིག་པའི་ལས་ལ་ཞུགས་ལུགས་རྗེན་པར་བརྗོད་ཚེ། ལས་མཁན་རྣམས་ཀྱིས་སླར་ཡང་ཀི་སྒྲ་དང་བསྭོ་སྒྲ། སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་ནི་གནམ་ས་གས་པ་ལྟར་བསྒྲགས་བྱུང་། སྐབས་དེར། སྤྱང་མོ་ནི་འཇིགས་སྣང་ཁྲོད་ནས་བསམ་གཞིག་གི་ལས་ལ་རོལ་པ་ན། ལས་དགེ་སྡིག་ལ་གོ་བ་མག་མོག་ཙམ་ཞིག་བྱུང་སོང་།
3
སྡུག་ནི་བརྗེད་སླ་སྟེ། སྤྱང་མོས་སྒྲུབ་ཕུག་འགྲམ་ནས་དུས་ཡུན་ངེས་ཅན་ཞིག་ལ་མྱ་ངན་ཞུས་རྗེས། རང་ཉིད་དང་སྤྱང་ཕྲུག་རྣམས་ཀྱི་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་ཆེད། གསོད་ཐུབ་པ་བསད་དེ་ཤ་དང་ཁྲག་ལ་རོལ། རྗེས་སུ་དུས་ཀྱི་འགྲོས་དང་བསྟུན་ནས་སྤྱང་ཕྲུག་སྐོར་དང་སྐོར་བྱས་ཏེ་ནར་སོན་པ་ན། དེ་དག་གིས་ཀྱང་གསོད་ཐུབ་པ་རྣམས་བསད་དེ་ཤ་ཁྲག་གཉིས་ཀ་ལོངས་སུ་སྤྱད། ལྷག་པར་དགུན་ཟླ་འབྲིང་བའི་དུས་ནི་སྤྱང་ཚོགས་ལ་རྫི་ལངས་པའི་སྐབས་ཡིན་པས། སྤྱང་མོའི་རྗེས་ལ་དགའ་མགུར་སྤྱོད་འདོད་ཡོད་པའི་ཕོ་སྤྱང་མང་བོ་འབྲངས་སྲིད་པ་དང་། ཕོ་སྤྱང་དེ་དག་གིས་རང་གི་འཇོན་ཐང་ངོམ་སྟེ་སྤྱང་མོའི་ཡིད་སེམས་རང་ཉིད་ཀྱིི་ཕྱོགས་སུ་འགུགས་ཆེད་རི་དྭགས་དང་སྒོ་ཕྱུགས། མི་དང་སེམས་ཅན་གཞན་ལ་ཕར་རྒོལ་དྲག་པོ་བྱེད་ངེས་ཡིན། ལོ་ཞིག་གི་དགུན་དུས་སུ། སྤྱང་མོས་རྗེས་ལ་ཕོ་སྤྱང་མང་བོ་ཁྲིད་དེ་བྲག་དམར་ཁྱུང་མགོན་གྱི་འདབས་རོལ་ལ་སླེབས་སྐབས། དེ་གར་ལུག་ཁྱུ་ཆེན་པོ་ཞིག་རྩྭ་ལ་རོལ་བཞིན་ཡོད་པ་མཐོང་བར། ཕོ་སྤྱང་རྣམས་ནི་གློག་འཁྱུག་པ་ལྟར་མཆོངས་ཤིང་། ལུག་གི་ཨོལ་བ་ལ་མཆེ་བ་བཏབ་སྟེ་མྱུར་མོར་ཟུངས་ཁྲག་བཞིབས་ནས་བསད་རྗེས། སླར་ཡང་ལུག་གཞན་ཞིག་གི་ཨོལ་བར་སོ་བཏབ་པ་ན། དུས་ཡུན་ཐུང་ངུའི་རིང་ལ་སྤང་གཤོང་ཆེན་པོ་དེ་ལུག་རོས་ཁེབས་སོང་།
དེའི་རྗེས་ཀྱི་དགུན་དུས་སུ། སྤྱང་མོས་རྗེས་ལ་ཕོ་སྤྱང་མང་བོ་ཁྲིད་དེ་བྲག་དམར་ཁྱུང་མགོན་ལྷོ་ངོས་ཀྱི་ལུང་ཕྲན་ཞིག་ལ་སླེབས་སྐབས། སྐྱེས་མ་ཞིག་གིས་མེ་ཤིང་འཐུ་བཞིན་ཡོད་པ་མཐོང་བར། ཕོ་སྤྱང་རྣམས་ལ་སྤྲོ་སྣང་གློ་བུར་བ་ཞིག་རྒྱས་པས། མྱུར་མོར་མཆོངས་ཏེ་སྐྱེས་མ་དེ་ཉིད་ཨ་ལོང་བཞིན་དུ་བསྐོར། མོ་རབ་ཏུ་སྐྲག་སྟེ་ཅི་བྱེད་འདི་བྱེད་མེད་པར་གྱུར་སྐབས། ཕོ་སྤྱང་ཞིག་གིས་གཡས་ནས་དཔུང་འཇུག་བྱས་པ་ན། ཕོ་སྤྱང་གཞན་ཞིག་གིས་གཡོན་ནས་དཔུང་འཇུག་བྱས། སྐྱེས་མའི་གམ་ལ་སླེབས་མ་ཐག་མྱུར་མོར་མཆེ་བ་ལན་རེ་བཏབ་པར། སྐྱེས་མས་འཇིགས་སྣང་ཆེན་པོ་དང་བཅས་ཨག་རྒྱངས་ལན་རེ་བྱེད་པ་དང་། སྤྱང་ཀིའི་ཁ་ནང་ལ་གྱོན་གོས་ཀྱི་ཆ་ཤས་ལེབ་མོ་རེ་བཟུང་སྟེ་མདུན་ལ་མཆོང་བཞིན་ཡོད། ཕོ་སྤྱང་རྣམས་ཀྱིས་གཡས་གཡོན་དང་མདུན་རྒྱབ་ཏུ་སྐྱེས་མ་དེ་ལ་ཕར་རྒོལ་ལན་གྲངས་མང་བོ་བྱས་མཐར། དུས་ཚོད་ཕྱེད་ཀ་ཙམ་གྱི་རྗེས་སུ་སྤྱང་ཀིས་དམིགས་པ་གཏད་པའི་གནས་སུ་མིའི་རུས་བཀྲ་ཆ་ཚང་ཞིག་ལས་ཅི་ཡང་མ་ལྷག
སྤྱང་མོས་བློང་བློང་བོར་བསམ་གཞིག་བྱེད་སྐབས། སེམས་ཅན་གྱི་སྲོག་བཅད་པ་དེ་ནི་སྡིག་པའི་ལས་ཀྱི་གྲས་སུ་གཏོགས་པ་འདྲ་སྙམ་སོང་།
གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ནི་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་སྟེང་ན་རྔམ་བརྗིད་དང་བཅས། ཟིལ་ཤུགས་དང་བཅས་ཁ་རོག་གེར་བཞུགས་འདུག་པ་དང་། སྤྱང་མོས་དཔའ་ཞུམ་ཞིང་སྤ་བཀོང་བའི་ངང་ནས་རང་གི་ཉེ་འཁོར་ལ་ལྐོག་ལྟ་བྱེད་སྐབས། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གཡོན་ཕྱོགས་སུ་ཡོད་པའི་ལས་མཁན་ཨ་བ་གླང་མགོ་ཅན་གྱིས་ལག་ལ་གཤིན་རྗེའི་རྒྱ་མ་བཟུང་སྟེ་སྤྱང་མོའི་གམ་ལ་སླེབས་བྱུང་།
ལས་མཁན་འདིས་ཅི་ཞིག་བྱེད་གྲབས་ཡོད་དམ། སྤྱང་མོར་སླར་ཡང་འཚུབ་ཆ་གློ་བུར་བ་ཞིག་ལྡང་བྱུང་།
གཤིན་རྗེའི་རྒྱ་མ་སྨུག་པོའི་རིང་ཚད་ལ་ཕོ་འདོམ་བཅོ་བརྒྱད་ཡོད་པ་དང་། གནམ་ལྕགས་ཁྲོ་ཆུའི་རྒྱ་རྡོ་གྲུ་བཞི་ནི་གླང་ཆེན་ཤི་བའི་རོ་དང་མཚུངས་ལ། རྒྱ་ལུང་ནི་མི་སྡིག་ཅན་གྱི་གཡང་གཞི་ཡིན་དགོས་འདུག ལས་མཁན་ཨ་བ་གླང་མགོ་ཅན་གྱིས་རྡེའུ་དཀར་ནག་གཉིས་ཀ་རྒྱ་མར་དྲངས་ཏེ་ལན་གྲངས་བཅོ་བརྒྱད་ལ་འཇལ་མོད། རྡེའུ་དཀར་ནི་སྲང་གང་ལས་མེད་ལ། རྡེའུ་ནག་ནི་རྒྱ་མ་བགྲང་ལས་འདས་པ་ཡོད་པས། ལས་དཀར་ནག་གི་བདེན་པའི་སྟོབས་ནི་སྡིག་པའི་ཕྱོགས་ལ་ལྷུང་སོང་།
སྐབས་དེར། ལས་མཁན་སེང་གེ་རབ་བརྟན་གྱིས་ངར་སྐད་ལན་གསུམ་བསྒྲགས། རྐན་སྒྲ་ལན་གསུམ་གཏོགས་ཏེ་ཡར་ལངས་པ་དང་། ཁྲིམས་ཡིག་རྒྱ་ཤོག་དཀར་མོར་བལྟས་ཏེ་ཁྲིམས་སྲོལ་ཚན་པ་མང་བོ་ཤར་ཤར་དུ་བཀླགས་རྗེས། མིག་ཟུང་ཉི་མ་ཆ་གཅིག་ལས་ཉམ་ཆུང་ཟིལ་གྱིས་གནོན་པའི་གཟི་འོད་སྤྲོ་བཞིན“སྤྱང་མོ་སྡིག་ཅན་མ། ཁྱོད་ཀྱིས་སྲོག་བཅད་པའི་རྣམ་སྨིན་ལ་དམྱལ་བ་ཡང་སོས་ནས་ལོ་ལྔ་བརྒྱར་སྡོད་དགོས། སེམས་ཞེ་སྡང་བསགས་པའི་རྣམ་སྨིན་གྱིས་མནར་མེད་ནས་ལོ་དགུ་བརྒྱར་སྡོད་དགོས། སེར་སྣའི་རྣམ་སྨིན་གྱིས་ཡི་དྭགས་ཀྱི་ཡུལ་ནས་ལོ་དགུ་བཅུར་སྡོད་དགོས”ཞེས་བསྒྲགས་པར། ཉེ་འཁོར་གྱི་ལས་མཁན་འཇིགས་སུ་རུང་བ་རྣམས་ཀྱིས་སོད་སོད་དང་རྒྱོབ་རྒྱོབ་ཀྱི་སྒྲ་གནམ་ས་གས་པ་ལྟར་དུ་བསྒྲགས་བྱུང་།
སྤྱང་མོ་དམྱལ་བའི་ལྕགས་མཁར་སྒོ་མེད་དུ་ཁྲིད་རྗེས། སྐབས་རེར་ལས་མཁན་རྣམས་ཀྱིས་དེད་ནས་མདུན་ལ་འགྲོ་སྐབས། ལག་མཐིལ་ས་ལ་བཞག་ན་ལག་པ་ཆད་འགྲོ་བ་དང་། ལག་པའི་ན་ཟུག་མ་བཟོད་དེ་རྐང་བ་ས་ལ་བཙུགས་ན་རྐང་བ་ཆད་འགྲོ་བར་མ་ཟད། རྐང་ལག་གཉིས་ཀ་ཆད་དེ་ས་རུ་འགྲེ་ལྡོག་རྒྱག་སྐབས། མགོ་ལུས་ཐམས་ཅད་ཅི་ཞིག་གིས་དུམ་བུར་གཏུབས་འགྲོ་བས། སྔར་དུས་ཀྱི་བློ་ཡུལ་ལས་འགོངས་པའི་སྡུག་བསྔལ་མྱོང་དགོས་བྱུང་། མཚམས་རེར་གནས་གང་ཞིག་ལ་སླེབས་ཀྱང་། སྤྱང་མོའི་ཕུང་བོ་ནི་ལྕགས་སྲེག་འབར་བས་གཡོགས་ཏེ་ཚིག་པ་དང་། ཁྲོ་ཆུ་ཁོལ་མ་ཁོང་དུ་སོང་ཚེ་ཁ་ནས་མེ་ལྕེ་འབར་ཏེ་ན་ཚའི་སྡུག་བསྔལ་བཟོད་གླགས་མེད་པ་མྱངས།
སྤྱང་མོས་དམྱལ་བའི་སྡུག་བསྔལ་རིམ་བཞིན་མྱངས་པ་ན། ལོ་གསུམ་ཙམ་འགོར་བའི་རྗེས་སུ། ཤ་དང་རུས་པ་ཟད་དེ་རང་གིས་ཀྱང་རང་ངོ་མི་ཟིན་པ་ཞིག་ཏུ་གྱུར་པ་དང་། རང་ཉིད་བསྐྱབས་པའི་རི་ཁྲོད་པ་དེ་ལ་སྡང་སེམས་སྐྱེས་མགོ་བརྩམས།
ཉིན་ཞིག་ལ། ལས་མཁན་སེང་གེ་རབ་བརྟན་སྤྱང་མོའི་གམ་དུ་སླེབས་བྱུང་།
“ལས་མཁན་ལགས། ང་བསྐྱབས་པའི་རི་ཁྲོད་པ་དེ་ད་ལྟ་གང་ན་ཡོད་དམ།”སྤྱང་མོས་དཔའ་སྙིང་ཞུམ་པ་དང་རེ་ལྟོས་ཆེན་པོས་དེ་ལྟར་དྲིས།
“ཁོང་ལ་ཕྱིར་མི་ལྡོག་པའི་གོ་འཕང་ཐོབ་སོང་།”
“བདེན་ནམ།”སྤྱང་མོས་ཧ་ལས་པའི་ངང་ནས་ལས་མཁན་གྱི་གདོང་ལ་ཞིབ་ལྟ་ལན་གཅིག་བྱས་རྗེས། རང་དབང་མེད་པར་མིག་ལས་མཆི་མ་འདོན་བཞིན“གལ་སྲིད་ང་རི་ཁྲོད་པ་དེས་མ་བསྐྱབས་ཚེ། ངས་རྗེས་ཀྱི་ཉེས་པ་དེ་དག་བསགས་མེད་པས། དམྱལ་ཁམས་སུ་ལོ་བརྒྱ་ཕྲག་དུ་མར་སྡོད་མི་དགོས”ཞེས་བརྗོད་བྱུང་།
“……”
“རི་ཁྲོད་པ་དེས་ང་དང་ངའི་སྤྱང་ཕྲུག་རྣམས་བསྐྱབས་ཏེ། ཁོང་གིས་ཚོགས་རྒྱ་ཆེན་པོ་བསགས་སོང་མོད། ང་དང་སྤྱང་ཕྲུག་ཚོ་སྲོག་ཉེན་ལས་ཐར་རྗེས་ལས་ངན་པ་དེ་འདྲ་མང་བོ་གསོག་དགོས་བྱུང་།
ལས་མཁན་སེང་གེ་རབ་བརྟན་ལགས། སེམས་ཅན་རྣམས་ཀྱིས་དགེ་བ་གང་ཞིག་དོན་དུ་གཉེར་སྐབས། གཞན་གྱི་མཐར་ཐུག་གི་འབྲས་བུར་བསམ་བློ་གཏོང་མི་དགོས་སམ།”
ལས་མཁན་སེང་གེ་རབ་བརྟན་ཁ་རོག་གེར་བསྡད་སོང་།
“ང་ལ་དགེ་བ་སྒྲུབ་ལུགས་རྣལ་མ་དེ་ལན་གཅིག་གསུང་རོགས།”སྤྱང་མོའི་མིག་ཟུང་ལས་མཆི་མ་ཤམ་ཤམ་དུ་བཞུར་འོངས།
ལས་མཁན་སེང་གེ་རབ་བརྟན་གྱིས་ཅི་ཞིག་བཤད་དགོས་པ་གཏན་ནས་མི་ཤེས་པས། སྤྱང་མོའི་གདོང་ལ་སྐར་ཆ་དུ་མར་ཅེར་རྗེས། མིག་ཟུང་ཀླད་ལ་བསྐོར་ཏེ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཁ་རོག་གེར་བསྡད་དོ། །
(རྩོམ་སྒྲིག་འགན་འཁུར་པ་ཁོན་ཐར་རྒྱལ་ཡིན)