ཚངས་སྲས་མཆོད་པ།

གཅན་རང་སད། [རྨ་ལྷོ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


ཚོགས་གཉིས་ཆུ་གཏེར་སྙིང་བོར་ཡོངས་འཕགས་མི་འཇིགས་སྟོབས་བཅུའི་བང་རིམ་མཐོ་ལྡན་སྤངས་
རྟོགས་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་འགྲོ་བའི་ཉི་མ་བཅོམ་ལྡན་འདས།།
འགོག་ལམ་བདེན་པའི་དཀྱིལ་འཁོར་རབ་རྫོགས་ངེས་ལེགས་ཆུ་ཤེལ་ནོར་བུའི་མེ་ལོང་ཞི་བསིལ་བདུད་
རྩིའི་ཟེར་མས་རྣམ་སྒེག་ཡང་དག་དམ་ཆོས་ཟླ་བའི་སྒྲོན།།
ཉེས་ཚོགས་ར་རིའི་དྲི་མས་རྣམ་བཏང་བསླབ་གསུམ་འོད་ཀྱི་ཟེའུ་འབྲུའི་སྤུ་ལོང་རིག་གྲོལ་ཡོན་ཏན་ཕུང་
བོར་འཁྱུད་པ་འཕགས་ཚོགས་རྒྱུ་སྐར་མེ་ཏོག་ཚོམ།།
དགེ་ལེགས་སྣང་བའི་མུ་ཁྱུད་གཡོ་ལྡན་དཀོན་མཆོག་ཉི་ཟླ་སྐར་གསུམ་འཛུམ་པས་ཀུན་ཉོན་མུན་སྟུག་
སེལ་དང་ལྷན་ཅིག་གཏན་བདེའི་ལམ་བཟང་གསལ་གྱུར་ཅིག །
གཞི་སྙིང་ནགས་ཀྱི་མཛེས་མའི་སྐྲ་ཚོགས་གསུམ་ལྷག་བཅུ་ཡི་འདབ་མ་རྒོད་པ་མི་མཇེད་གསེར་གྱི་མེ་
ཏོག་ཟེ་བས་སྡུག་གུར་བཅིངས་པའི་ཞིང་ཁམས་ཀྱི།།
གསང་ཆེན་མི་ཤིགས་ནཱ་དའི་རང་སྒྲ་དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྙིང་བོ་ཚངས་ཆེན་ཨོཾ་ཡིག་རོལ་
མོའི་ཟོལ་གྱིས་སྒྱུ་འཕྲུལ་དྲ་བར་བཟླུམས་པའི་དཔྱིད།།
ག་བུར་འོ་མའི་ཁུ་བ་ལ་འཐུངས་ཤེལ་དཀར་འཁྲི་ཤིང་ལྡེམ་པའི་ལང་ཚོ་ཟླ་ཤེལ་གང་བུའི་དཀྱིལ་འཁོར་
གྲོལ་བར་དབང་བོའི་གཞུ་ཡི་འཛུམ་དཀྲིགས་པ།།
ངོ་མཚར་རིག་བྱེད་བདུད་རྩིའི་ཁ་ཕྲུས་དག་དང་མ་དག་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་ཀུན་དགའ་སྐྱེད་
པའི་བྱེད་པོ་ངང་བའི་བུ་མོ་མགྲིན་མཚོར་རོལ།།
སྐྱེ་མེད་ཆོས་དབྱིངས་ཡེ་ཤེས་མཁའ་ལ་མཚན་བཟང་ཆུ་ཡི་འོད་ཟེར་འཛུམ་པས་འཇིགས་མེད་ཐུབ་པ་བྱེ་
བའི་ལང་ཚོ་སྟོང་བའི་དབྱིངས་ལ་ངལ་བས་བསྟེན།།
དྲི་བཟང་ཁང་བ་གསར་བའི་རྟ་བབས་ཞབས་སྟེགས་ནོར་བུའི་སྐུད་པས་ཉེར་བཟུང་ཟླ་ཤེལ་དཀྱིལ་འཁོར་
འཛུམ་པའི་མེ་ལོང་གནག་སྣུམ་ལྕང་ལོའི་ཡོལ་བར་བྲེས།།
རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་དཀྱུས་བརྒྱ་ཕྲག་ཉི་མའི་མདངས་ལ་འཐབ་པས་འཁོར་འདས་ཤེས་
བྱ་ནགས་མའི་ཆུ་གཏེར་སྐད་ཅིག་བསྲེགས་དང་ལྷན་ཅིག་ཏུ།།
སྲིད་ཞི་ཀུན་གསལ་བུ་མོའི་གདོང་ལ་རིག་པའི་དམར་འོད་སྦྱིན་པའི་ཆོ་ག་བདེ་སྟོང་འཕང་འགྲོའི་གླུ་
ཡིས་རྣམ་རོལ་ངག་གི་དབང་མོ་འདིར་ཡང་མཆོད།།
ས་བཅུའི་རྐང་སྟེགས་འདོད་དགུར་དབང་བསྒྱུར་སྐུ་གསུམ་སེང་ཆེན་གཉའ་བ་ལ་ཞོན་ནོར་བུ་པདྨའི་དོ་
ཤལ་གཡོ་ལྡན་རྩེ་ལྔའི་མཚོན་གྱི་ཕྱག་མཚན་ཅན།།
ཀུན་ཏུ་བཟང་བོ་བདེ་སོགས་དགའ་བྱེད་མཁའ་ལྡིང་གཤོག་པའི་འཕྲུལ་འཁོར་ལ་བརྟེན་རིག་བྱེད་རྒྱ་
མཚོས་ཁེངས་པ་མངོན་མཐོ་ཏི་སེའི་གངས་ཀྱི་ཡུལ་འཁོར་སྐྱོང་།།
མདའ་ལྔའི་མེ་ཏོག་རྩེ་དགས་རྣམ་རོལ་ཆུ་ཡི་རྐུན་པོ་ཚོགས་བདག་བུ་སོགས་སྲིད་ན་དྲེགས་ལྡན་ཆེ་རྒུའི་
ཟུར་ཕུད་རླབས་ཀྱི་འཁྲི་ཤིང་ལྡེམ་པའི་ལྕེས།།
མཆོག་གི་ཞབས་ཟུང་ག་བུར་འཛིན་པའི་དགེ་ལེགས་བདུད་རྩིའི་དོག་པ་ལ་འཐུངས་དད་གསུམ་མཁུར་
ཚོས་དམར་བའི་མྱོས་པ་ཀུན་དགའི་ནགས་ན་འབར་དེ་དྲན།།
སྟོང་ཆེན་མཁའ་ལ་རོལ་རྩེད་བགྱིད་པའི་མཐོན་མཐིང་དབུ་སྐྱེས་ཆར་སྤྲིན་སྔོན་མོས་ཕྲག་གོང་གངས་
རིའི་ངོས་ལ་ཡོངས་ཁེབས་ཟླ་བའི་གདོང་ལ་སྙེམས་རིས་འབྲི།།
ཆུ་ཡི་འོད་ཟེར་སྟོད་གཡོགས་བཀླུབས་པའི་དུང་གི་ལྗོན་པ་ཡང་བར་བསྐྱོད་པ་མཚན་དཔེ་འདབ་མ་སྟོང་
གི་རྒྱན་ལྡན་སྙན་རིག་སྦྲང་རྩི་འཛག་པ་མོ།།
ཨུཏྤལ་གཞུ་ཁྱིམ་གཡོ་བའི་ལན་ཚར་མཛེས་འཛུམ་འོ་མའི་བཞིན་ལ་ལྷུང་བ་ནུ་འབུར་ངང་མོའི་རྩེ་
དགའ་ལ་འགྲོགས་དབྱངས་ཀྱི་མཚོ་མོ་སྐྱོམ་པར་བྱེད།།
གོས་དམར་གློག་གི་གོམ་པའི་སྟངས་སྟབས་གཙུག་ལག་ས་གསུམ་ཁྱོན་ལས་རབ་བརྒལ་དགེ་ལེགས་རོལ་
མོ་འབོད་པའི་ན་ཆུང་སྲིད་ཞིའི་ཟུར་ཕུད་རྩེ་ན་ལྷམ།།
མཚར་སྡུག་མེ་ལོང་སྲིད་ལས་འགོངས་པས་གྲགས་པའི་མུ་ཁྱུད་དགའ་མའི་བཞིན་རས་གནག་རྫི་བུ་མོའི་
གོ་འཕང་ལ་འགོད་ཞབས་སྐྱེས་འཁོར་ལོའི་གདན་དུ་ལེན།།
ཡན་ལག་དྲུག་ཅུའི་འགྱུར་ཁུགས་རབ་རྫོགས་ཟབ་དོན་གླུ་རུ་འགུགས་པའི་རོལ་མོ་རྒྱུད་སྟོང་འཕང་
འགྲོའི་དབྱངས་ལ་བསྡེབས་པས་དྲི་ཟའི་ཚལ་ལ་བག་ཡོད་སྦྱིན།།
ཀུན་མཁྱེན་ཡེ་ཤེས་མེ་ཡི་ཕང་ཕུང་ཐུགས་གསང་མཁའ་དབྱིངས་ལྟེ་བ་ལས་འཕྱུར་སྒྲིབ་གཉིས་ཚང་ཚིང་
བསྲེགས་པའི་ཐལ་བ་མ་རིག་སྲིན་མོའི་ཁ་ལ་བཏབ།།
སྲིད་ཞིའི་མཛེས་སྡུག་ཉིང་ཁུར་སྨིན་པ་ཟུར་མིག་ཚོན་གྱི་དྲུ་གུ་དམར་པོས་ཆགས་བྲལ་ཏིང་འཛིན་
ཀློང་ལ་རབ་འབྱམས་བདེ་གཤེགས་བ་སྤུའི་སྙེ་མ་སྒུལ།།
ཕྱོགས་ཀྱི་ཀུན་ད་དགོད་པའི་འཛུམ་པ་དངུལ་དཀར་ཆབ་ཀྱི་ཐིག་ལེར་སྦྲུམ་པས་མཁའ་ལ་ལུད་པའི་
སྦྲང་རྩིའི་རླབས་ཀྱིས་རྣམ་སད་བུ་དག་ར་རོར་བྱེད།།
བཅོམ་ལྡན་ལྷ་ཡི་བཟོ་བོའི་པིར་གྱིས་བརྟན་གཡོའི་རིག་བྱེད་སྲོག་ཏུ་རྒྱས་བཏབ་ལྕང་ལོའི་ནགས་ན་
འཛུམ་པའི་མེ་ཏོག་རོལ་སྒེག་སྨིན་མའི་གར་དུ་འགྱུ།།
གཙུག་ལག་དོ་ཤལ་ཁ་ལ་རབ་འཕྱང་མཁྱེན་གཏེར་གུར་ཀུམ་བུམ་པའི་སྙིང་བོར་ཟུང་འཇུག་ཕྱག་རྒྱའི་
གར་གྱིས་འཁྱུད་པས་ནོར་སྦྱིན་ཡོན་མིག་ས་ལ་དྲུད།།
བདེ་ཆེན་མྱོས་བུམ་ཕང་བར་རྣམ་རྩེན་སྟོང་ལྡན་པི་ཝང་རོལ་མོའི་མཆོད་སྤྲིན་ཕྱག་སོར་བདེ་འཐུང་
སྐུད་པ་ལ་འགྲོགས་རྗེས་ཆགས་གསང་མཚོན་ཟུར་གྱིས་འཕེན།།
བཅོ་བརྒྱད་ཁམས་ཀྱི་རབ་དབྱེ་མཐའ་དག་དངོས་འཛིན་མཚན་མའི་རྒྱ་ལས་གྲོལ་བཞིན་རྟེན་འབྱུང་
སྟོང་བའི་ངང་ལས་བཞེངས་པ་དགེ་ལེགས་རོལ་མཚོ་མེར་བའི་གཞིར།།
འཇིགས་བྲལ་ཆོས་ཚུལ་སྟོན་པའི་ཡེ་ཤེས་ཟག་མེད་བདེ་བའི་དབྱིངས་ལ་རབ་རྩེན་རིགས་བརྒྱའི་ཁྱབ་
བདག་ནོར་བུའི་སྙེ་མ་ཟུང་འཇུག་ཆུ་ཡི་རླབས་ལ་འགྲོགས།།
དཔལ་ལྡན་ཕྱོགས་ཀྱི་མེ་ལོང་གཙང་མར་རྗེས་ཆགས་ན་ཆུང་ཆུ་ཡི་འོད་ཟེར་ཨུཏྤལ་འཕྲུལ་གྱི་ཞགས་
པའི་རྩེ་དགས་སྐྱེ་རྒུའི་ཐོར་ཅོག་སྡོམ་པ་མོས།།
ཚངས་ཆེན་པི་ཝང་སྙེམས་པ་སྟོར་བྱེད་ཤེལ་དཀར་སོར་མོའི་དྲ་བ་ལ་དགྱེས་རིག་བྱེད་འདབ་མའི་རྔ་ཡབ་
གཅིག་གིས་ཡིད་ཀྱི་བུང་བ་རྒྱང་ནས་འབོད།།
རྣམ་ཀུན་མཆོག་ལྡན་ཡེ་ཤེས་མཁའ་ལ་སྟོང་གཟུགས་སྤྲིན་དཀར་དག་པའི་འཛུམ་གྲོལ་ཨེ་ཝཾ་མཚོ་སྐྱེས་
དམར་པོའི་གྲུམ་ཙེ་ཞབས་སེན་འོད་ཀྱི་དྲ་བས་འཁྱུད།།
སྟོན་ཟླའི་ཁོ་ལག་རྫོགས་པའི་ཞལ་ཁྱིམ་མཐིང་སྔོན་ལྕང་ལོའི་རྒྱན་གྱིས་རབ་སྒེག་སྤེལ་ལེགས་རིན་ཆེན་
སིལ་མའི་རྩེ་ཕྲན་འཇའ་ཚོན་གར་གྱི་རི་མོར་ལྡེམ།།
དངུལ་དཀར་ཆུ་བོ་འཁྱགས་པའི་མདངས་འཛིན་མུ་ཏིག་འཁྲི་ཤིང་ལྕུག་མའི་ལང་ཚོ་མེ་ཏོག་སྡུག་གུའི་
ག་ཤལ་གཡོ་ལྡན་འོ་འཛིན་འབྲས་བུའི་ཁུར་གྱིས་དུད།།
རྒྱུད་སྟོང་འཁོར་ལོའི་ཕང་བར་རྣམ་རྩེན་ཕྱག་སོར་བུང་བའི་རྩེ་དགའ་དང་བཅས་བརྟན་གཡོའི་དབྱངས་
ཀྱི་ཉིང་ཁུར་བསྡེབས་ནས་མཐའ་ཡས་ཆོས་སྒོ་གླུ་རུ་ལེན།།
དཀར་དམར་ཆུ་སྐྱེས་ལྟེ་བར་སྙོམས་ཞུགས་ཟག་མེད་སྐྱེ་མཆེད་གསེར་གྱི་སྦྲང་ཆུང་ཡེ་ཤེས་རང་སྣང་སྒྱུ་
འཕྲུལ་ལགས་ན་འདོད་པའི་སྟ་ཟུར་ཅི་ལ་ངོམ།།
སྨིན་འཁྱོག་གནམ་རུའི་ཕང་བ་ལས་འོངས་དཀྱུས་རིང་ཟུར་མིག་སྦྲང་རྩིའི་མདའ་མོ་སྒྲིབ་གཉིས་
འབིགས་པའི་གསང་མཚོན་མིན་ནམ་མཁྱེན་གཏེར་ཞལ་ལ་ཅིའི་ཕྱིར་འཕེན།།
རབ་ཡངས་བྲང་གི་འོ་མཚོའི་ངོགས་ན་སྙེམས་འཆང་དུང་གི་ནུ་འབུར་ཟུང་གཅིག་བདེ་ཆེན་སྩོལ་བའི་
བུམ་བཟང་མིན་ནམ་མེ་ཏོག་ཆུན་པོས་ཅིའི་ཕྱིར་སྒྲིབ།།
གསུང་དབྱངས་ཡན་ལག་དྲུག་ཅུའི་འགྱུར་ཁུགས་མགྲིན་པ་ལོངས་སྤྱོད་འཁོར་ལོར་རྫོགས་བཞིན་རྒྱུད་
མངས་སྐུད་པ་སོར་རྩེས་སྒུལ་བའི་ཟོལ་གྱི་ངལ་བ་ཅི་ལ་བསྟེན།།
གནག་སྣུམ་བ་མཆོག་རྫི་མའི་འཁྲི་ཤིང་མིག་སྨན་ཞུན་མས་ལན་བརྒྱར་བྱུགས་སམ་ཚེམས་དཀར་མུ་ཏིག་
འཛུམ་པའི་དོ་ཤལ་རྒྱུ་སྐར་ཕྲེང་བར་བརྒྱུས་པ་ལགས།།
ཏིང་འཛིན་ཟས་ཀྱིས་གདོད་ནས་རྒྱགས་བཞིན་རྐེད་པའི་འཆང་བཟུང་ཕྲ་བ་ཅི་ཡིན་ཞབས་མཐིལ་གསེར་
གྱི་འཁོར་ལོའི་རི་མོའང་ལི་ཁྲིའི་ཁུ་བས་བྲན་ལགས་སམ།།
དཀྱུས་རིང་རི་དྭགས་མཚན་མ་གཡོ་ལྡན་མཚར་སྡུག་གདོང་གི་ཟླ་གཞོན་ངོས་ཀྱི་རབ་དམར་མཆུ་སྒྲོས་
བྱུ་རུའི་འདབ་མས་རྒྱ་སྐྱེགས་ཁུ་བ་འཐུངས་སམ་ཅི།།
སྦྲང་རྩིས་བརླན་པའི་སྨིན་མའི་གཞུ་ལས་རོལ་སྒེག་ཟུར་མིག་འཕྲུལ་གྱི་མདའ་མོ་འཁོར་འདས་ཤེས་བྱ་
གཞོན་ནུའི་གདོང་ལ་རྟག་ཏུ་འཕེན་པའི་བག་ཡངས་མ།།
སྙན་གོང་ཨུཏྤལ་རྩེ་ཕྲན་འདར་བས་བུང་བའི་ན་ཆུང་འགུགས་པར་འདོད་དམ་གསེར་སྦྱངས་གདུ་བུ་
སིལ་སིལ་འཁྲོལ་བས་འཕགས་ཆེན་མཛའ་བོ་འབོད་པ་ལགས།།
སྣ་མང་རིན་ཆེན་དོ་ཤལ་འཆང་བས་དཔལ་མོའི་ཁེངས་པ་རྨང་ནས་སྙིལ་ལམ་རྒྱུད་དྲུག་འཕང་འགྲོའི་
དབྱངས་སྙན་གྱེར་བས་ཚངས་ཆེན་མཛད་པ་སྐྱོང་ངམ་ཅི།།
བརྒྱད་གཉིས་ལང་ཚོའི་ཆ་བྱད་འཛུམ་པས་དྲང་སྲོང་དཀའ་ཐུབ་ཟློག་པར་བགྱིད་དམ་རང་སྣང་ཆོས་
འབྱུང་ངོ་མཚར་སྒྲིབ་ཕྱིར་ལྷ་རྫས་སྨད་གཡོགས་བསྟེན་པ་འམ།།
རྣམ་སད་གཞོན་ནུའི་ཡིད་དབང་འགུགས་ཕྱིར་བདེ་སྟོང་ཕྱག་རྒྱའི་གར་གྱིས་རོལ་ལམ་སར་གནས་
དཔའ་བོའི་མཉམ་བཞག་དཀྲོགས་སྙམ་ཟབ་དོན་གླུ་རུ་གྱེར་བ་ལགས།།
གཟུགས་སྐུ་ཆུ་ཤེལ་སྙེ་མར་སྨིན་བཞིན་ཆགས་ལྡན་སྙིང་ལ་མེ་དཔུང་སྦར་རོ་ལེགས་གསུང་སྙན་རྒུའི་
གཏེར་དུ་རྫོགས་བཞིན་བདུད་སྡེའི་ཡིད་ལ་ཟུག་རྔུ་བྱིན།།
བརྩེ་ཆེན་བདུད་རྩིས་ཐུགས་རྒྱུད་བརླན་ཡང་ནག་པོའི་རྩ་ལག་སྡེ་བཅས་བསྲེགས་སོ་དངོས་འཛིན་
སྤྲོས་པའི་དྲ་བ་བཅད་བཞིན་སྙིང་རྗེའི་ཞགས་པས་འགྲོ་ཀུན་བསྡམས།།
ཀུན་རྟོག་མཚན་མ་དབྱིངས་སུ་ནུབ་བཞིན་བདེན་གཉིས་ཆོས་ཚུལ་ལྷང་ངེར་གཟིགས་ཤིང་མཉམ་བཞག་
ནམ་མཁའི་རྣལ་འབྱོར་བརྙེས་བཞིན་གཞན་དོན་དུས་ལས་ཡོལ་བ་མེད།།
དམིགས་མེད་སྙིང་རྗེས་གཞན་དབང་གྱུར་བཞིན་རང་དོན་སྐུ་བཞིའི་གོ་འཕང་བརྙེས་ཁྱོད་འཕྲིན་ལས་
སྲིད་ཞིའི་མཐའ་ལ་ཁྱབ་ཀྱང་རྨོངས་པ་བདག་ལ་བསྐལ་དོན་གྱུར།།
རྟེན་འབྱུང་སྟོང་བའི་རོ་ཡིས་མྱོས་བཞིན་ཞལ་དབུགས་ཟླ་བའི་རྔ་ཡབ་གཅིག་གིས་ཐུབ་པ་ཕྱོགས་ཀུན་
བཞད་མའི་འགྲམ་པར་དགེ་ལེགས་འོད་ཀྱི་འཛུམ་རིས་འབྲི།།
འབད་རྩོལ་སྤྲོས་པའི་མཚན་མ་བྲལ་བཞིན་གཞན་དོན་ཁུར་ཆེན་ཕྲག་ཏུ་བཞེས་ཁྱོད་ཐུགས་བསྐྱེད་རྡོ་
རྗེའི་གོ་ཆ་བསྣམས་བཞིན་བདག་ལ་བཏང་སྙོམས་མཛད་ལགས་སམ།།
ཨེ་མ་སྟོང་ཆེན་ཁམས་ཀྱི་སྙིང་བོ་ངོ་མཚར་སྤར་མོའི་ཁྱིམ་ཆེན་གཅིག་ལ་བྱིན་མཐུ་རྡོ་རྗེའི་གར་གྱིས་
བཟླུམས་པའི་སྒྱུ་འཕྲུལ་གསང་བའི་ལྷ་མོ་ཀྱེ།།
ཇི་སྲིད་སྐྱེ་བའི་ཉལ་འགྲོའི་རྒྱུན་བཟང་སྲིད་པའི་ཐང་ནས་འགགས་པ་དེ་སྲིད་ང་ཡིས་ཁྱོད་ཉིད་གཏན་
དུ་འཚོལ་བའི་རླབས་ཀྱི་གོམ་སྟབས་ལྷོད་པ་མིན།།
སྲོལ་དཀར་མགྲོན་པོ་འགུགས་པའི་ན་ཆུང་རང་བྱུང་ཡེ་ཤེས་མེ་ཏོག་ཚལ་ན་ཟླ་ཤེལ་སྙེ་མ་བཞད་པའི་
ལང་ཚོ་མྱོས་བུམ་ཁུར་གྱིས་དུད་པ་མོ།།
དྲང་སྲོང་དགྱེས་པའི་བདེན་ཚིག་གཅིག་གིས་ཀུན་རིག་ཉི་མ་སྟོང་གི་བྱིན་ཟེར་སྒྱུ་འཕྲུལ་དྲ་བའི་འཛུམ་
ཀོང་ཟབ་མོར་གདོད་ནས་དབང་རབ་བསྐུར་ལགས་ན།།
རིགས་དྲུག་འགྲོ་བའི་ལེགས་བྱས་མཁའ་ལ་སྨོན་ལམ་སྤྲིན་གྱི་ཐག་པས་རྣམ་དཔྱངས་ཐུགས་བསྐྱེད་
དབང་གཞུ་དཀར་པོའི་ཟམ་སྟེགས་སྡུག་གུར་འཛུམ་པའི་འོད་ལམ་ནས།།
ཟག་མེད་མཛེས་སྡུག་ཁུར་བོ་མ་ཐེག་གཞོགས་ཕྱེད་ཅུང་ཟད་ཡོ་བའི་ཉམས་ཀྱིས་སྙན་ངག་པ་ཡི་སྔས་
སུ་གཤེགས་ནས་ངག་རིག་འོ་མ་བསྣུན་པར་མཛོད།།
ཀུན་རྟོག་སྤྲོས་པའི་ཆུ་འཛིན་ཉེར་ཞི་འོད་གསལ་བདེ་ཆེན་ཆོས་སྐུའི་མཁའ་ལ་ཚོགས་ཟུང་ཉི་མའི་
འཛུམ་གྱིས་སྐྱེད་བསྲིངས་མཚན་དཔེའི་འཇའ་གུར་འཁྱིལ་བའི་དབུས།།
མི་ཤིགས་གཉུག་མའི་སྲོག་རླུང་ཕྲ་མོ་རང་བྱུང་ཡེ་ཤེས་ཁ་དོག་ལྔ་ལྡན་དྭངས་མ་འོད་སྐུའི་ཐིག་ལེར་
ཡོངས་གྲོལ་རྗེས་ཆགས་ཕྱག་རྒྱས་མྱོས་པའི་གར།།
བཅུ་དྲུག་ཆོས་ཉིད་དགའ་བའི་རི་ལ་མི་རྟོག་ཏིང་འཛིན་གར་གྱིས་རྣམ་རོལ་ཡིད་འཕྲོག་ཚངས་པའི་
མཚོ་ལས་སྨིན་པ་དབྱངས་ཀྱི་རྒྱལ་མོ་བཅོམ་ལྡན་མ།།
གསེར་གྱི་གདུབ་ཀོར་འཁྲོལ་བའི་ཞབས་སྐྱེས་དངོས་གྲུབ་རླབས་ཀྱི་མཆོད་ཡོན་དང་འགྲོགས་འགག་
བཟའི་བུ་ཡི་མགྲིན་པའི་བྱེ་ཐང་ངག་རིག་ཆབ་ཀྱིས་བརླན་པར་སྨོན།།
སྣང་སྟོང་ཆུ་སྐྱེས་བཞད་པའི་ཟླ་གདན་རྟེན་འབྱུང་འོ་མའི་མཚོ་ལ་རོལ་པར་མཁྲང་རྒྱས་པད་རྩའི་བྱིན་
པ་དཀར་པོ་ཙོག་པུའི་བཞུགས་སྟངས་སྔོན་བཏང་ནས།།
རྡོ་རྗེའི་རྐེད་སྐབས་ལྟེབ་པའི་འདབ་མར་སྒྱུ་རྩལ་སྦྲང་རྩིའི་ཟིལ་དངར་འཁྱིལ་བས་ལྷར་བཅས་སྐྱེ་རྒུའི་
ཡིད་ཀྱི་བུང་བ་འཆར་ཡན་ཞགས་པས་དབང་མེད་འགུགས།།
སྤྲིན་དཀར་དག་པའི་འཛུམ་བག་གྲོལ་པར་རོ་འཛིན་གློག་ཞགས་འཁྱུག་དང་ལྷན་ཅིག་རིགས་ཅན་
གསུམ་གྱི་མེ་ཏོག་ཚལ་ལ་ཟབ་རྒྱས་ཆོས་ཆར་འདོད་དགུར་འཇོ།།
སྟོང་ལྡན་པི་ཝང་དཀར་པོའི་འགྲམ་པ་གསང་ཆེན་འོ་འཛིན་ཐིག་ལེར་རེག་པས་མཉེན་ཕྲན་སོར་མོའི་
འགོག་སྣུན་དང་འགྲོགས་རོལ་མོའི་མཆོད་ཡོན་འགྲོ་ལ་བཤམས།།
སྤེལ་ལེགས་རིན་ཆེན་སིལ་མའི་དོ་ཤལ་དུང་ཆུང་དར་སྐུད་བསླེས་མས་སྦྲེལ་བའི་རང་བྱུང་ལྷ་རྫས་གོས་
ཀྱི་སྨད་ཤམ་ལྷབ་ལྷུབ་བསྐྱོད་པའི་གསང་རུམ་ན།།
ཐུན་མཚམས་སྨུག་རྩི་ཚོན་གྱི་རྩེ་དགའ་བརྒྱ་ཕྲག་ཉི་མའི་མདངས་ལ་འཐབ་པ་ཡེ་ཤེས་ལུས་ཅན་སྨྲ་
བའི་དབང་ཕྱུག་སྙོམས་འཇུག་བདེ་སྟོང་རོལ་པའི་གནས།།
ཨ་ཧཾ་ལི་ཁྲིའི་གེ་སར་འཛགས་པའི་འཕོ་མེད་དགའ་བཞིའི་ཆུ་སྐྱེས་ཟེའུ་འབྲུ་རྟེན་འབྱུང་སྒྱུ་མའི་འཕྲུལ་
གྱིས་འབུར་བ་ཟག་མེད་བདེ་དགའ་རྒྱ་མཚོའི་དཔྱིད།།
མཚར་མཛེས་སྒྱུ་མའི་གོམ་རླབས་གཅིག་གིས་ལེགས་བརྗོད་སྙེམས་པའི་མེ་ཏོག་སྟོང་བརྫིས་ཐལ་མོའི་
རྩེ་ཕྲན་འདར་བ་དང་ལྡན་ནོར་བུའི་པྲོག་ཞུ་ས་ལ་ལྷུང་།།
སྡུག་བདེན་གོར་མའི་སྙིང་བོར་འཐས་པའི་སྐྱེ་སྲིད་བར་དོའི་ལྕགས་ཀྱི་ཕུང་བོ་ཕྲ་རགས་རྣལ་འབྱོར་
རིམ་པ་དང་པོས་སྐུ་གསུམ་གསེར་གྱི་ངོ་བོར་སྒྱུར།།
སྐྱེ་མང་ཀུན་ཉོན་རོ་ལ་རྣམ་འཐུང་ལོག་སྨྲའི་བྱིན་ཟ་འབར་བའི་དུག་ལྕེ་རིག་སྔགས་བུམ་ཆུའི་ཐིགས་
པ་ཕྲ་མོས་དབྱངས་སྙན་བདུད་རྩིའི་མཛོད་དུ་སྒྲུབ།།
འཇིག་ཚོགས་ལྟ་བའི་རི་ལ་གནས་བཅས་ཕྲ་རྒྱས་དུག་ཚེར་འཛིངས་པའི་ལོ་མ་བརྩེ་ཆེན་སྒྱུ་མའི་ཕྱག་
འཕྲུལ་གཅིག་གིས་རིག་འཛིན་དཔག་བསམ་སྙེ་མར་འགོད།།
གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་འགྲོ་ཁམས་རྒྱ་མཚོའི་སྙིང་བོར་ཡོངས་རྩེན་གྲུབ་རིགས་མཛེས་
མ་བྱེ་བའི་གཙུག་རྒྱན་ཚེ་རབས་ཕྲེང་བར་སྐྱབས་སུ་འཛིན།།
འཇའ་ཚོན་གློག་ཞུའི་འོད་གོར་རབ་གཡོ་ཆུ་ཤེལ་ནོར་བུའི་ཁང་བཟང་དབུས་སུ་ལྷ་ཤིང་ཙན་དན་གཞོང་
བའི་ཁྲུས་ཆུ་འདབ་མའི་ཕང་ཕུང་གཡོ་བའི་ལྟོར།།
ངོ་ཚའི་སྒྲིབ་གཡོགས་རིང་ནས་དོར་ཞིང་ལང་ཚོའི་སྐྱེ་མཆེད་རྗེན་པར་སྟོན་པ་པདྨའི་སྐུད་པ་འཛུམ་
པའི་མདངས་ལྡན་གྲོགས་མོ་སྙིང་དུ་སྡུག་པ་མོས།།
འོ་འཛིན་མེ་ཏོག་བསྣོལ་བའི་ཕྱག་རྒྱས་དྭངས་བསིལ་ཆུ་བུར་བརྡོལ་པའི་རླབས་ཕྲན་བྲང་གི་མེ་ལོང་
ངོས་ལ་དེད་པས་སྟུག་པོའི་སྙིང་རྩིད་ནེམ་བྱེད་ཅིང་།།
མངར་ལྡན་རྒུན་འབྲུམ་དམར་པོའི་ཉིང་ཁུ་འཇམ་མཉེན་ལྕེ་ཡི་ཡུར་བ་ལས་དྲངས་སྙིང་ལ་བདེ་བའི་
དབུགས་རབ་འབྱིན་ཡང་འདོད་པས་གདུང་ལྡན་བདག་སྐྱོབས་ཤིག །
ཟླ་བ་སྟོང་གི་བྱེ་མའི་ཕོན་པོ་ག་བུར་ཆབ་ཀྱིས་བཀྲུས་པས་མ་མཚོན་ཤེལ་དཀར་མཆོད་སྡོང་འབར་བའི་
འོད་དང་ལྷན་ཅིག་འཐབ་པའི་ཟ་མ་ཏོག།།
ཕྱོགས་དུས་རྒྱལ་སྲས་བསྐྱེད་པའི་ཡུམ་གཅིག་མེ་ཏོག་བགོ་སྐལ་ཕོག་པའི་ལྷ་སྐལ་ཇི་ལྟ་ཇི་སྙེད་ཤེས་བྱའི་
བདུད་རྩི་རྙོག་པ་མེད་པར་འཁྱིལ་བའི་གཏེར།།
མཆོག་ཐུན་དངོས་གྲུབ་རླབས་ཀྱི་ཁ་ཚར་འགྲོ་ལ་རིས་སུ་ཆད་པ་མིན་ཡང་སྙན་ངག་སྨྲ་བར་རིང་ནས་
རྐྱོང་བའི་འཕགས་མ་དབྱངས་ཀྱི་རྒྱལ་མོ་ཀྱེ།།
སླད་མར་འོད་གསལ་ཆོས་ཉིད་མ་བུ་མཐར་ཐུག་སྤྲོས་བྲལ་བདེན་པའི་མལ་ནས་ངེས་དོན་རང་ངོ་འཕྲོད་
པ་དེ་སྲིད་ཐུགས་བརྩེའི་སྤྱན་རས་བཙའ་མ་བསྙེལ།།
རྒྱན་གསུམ་ཉམས་ཀྱི་འགྱུར་བག་སྟོང་གྲོལ་ངག་རིག་འདབ་མ་བཞད་པའི་མཛེས་སྡུག་འགྲོ་བའི་ཡིད་
རབ་འཕྲོག་པའི་བྱེད་པོར་ཚངས་ཆེན་པིར་གྱིས་བྲིས་པ་བཞི༵ན།།
བཞི༵ན་བཟང་བྱམ༷ས་པའི་ཞལ་གྱི་དཀྱིལ་འཁོར་ཆུ་ཤིང་བུམ་པའི་ཟླ་བོར་ཡོངས་བསྒྲུབས་ནེ་ཙོའི་ང་རོས་
སྙེམས་པའི་བུ་དག་ཕྱོགས་བསླད་མགྲོན་པོར་འགོད་བྱེད་པ༵།།
པ༵་སངས་བློ་ལྡན་མཁས་རྣམས་ཡིད་ལ་སྔོན་མེད་དགའ་བའི་ཟིལ་དངར་འབུམ་འཇོ་སྲོལ་རྒྱུན་རིག་བྱེད་
གསུམ་པའི་མེ་ཏོག་ཚིག་དོན་ལོ་འབྲས་དུད་པ༷་འདི༵།།
འ༵དི་ཕྱིར་དགེ༷་བའི་བསོད་ནམས་ཞིང་མཆོག་རྒྱལ་ཡུམ་ཤེར་ཕྱིན་ལྷ་མོ་གང་ལ་འདོད་གསོལ་མཆོད་པའི་
སྐྱེས་སུ་བཏེགས་པས་ལེ༷གས་བྱས་དྲི་བཟང་འཛིན་གྱུར་ཅིག །


རྩོམ་ཡིག་སྔོན་མ།
དུག་སྦྲང་།
རྩོམ་ཡིག་རྗེས་མ།
2017ལོའི་དེབ1པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1