ཁྱིམ་རྙིང་།

མདོ་སྨད་ཧེ་རུ་ཀ [ལན་གྲུ] རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-23


(ཞར་བཀོད་གཉིས)


ལུང་བ་དེའི་ཕུགས་སུ།

དུད་ཁྱིམ་ཞིག་ཆགས་ཡོད།
རྟ་ར་ཞིག་དང་མཛོ་རྡང་འགའ་ཡོད།
ལྷས་འདབས་སུ་ཁྱི་རྒན་ཞིག་ཉལ་ཡོད།
སྒོ་འགྲམ་ན་ཨ་མ་བགྲེས་མོ་ཞིག་ལངས་ཡོད།
ངག་རྒྱུན་དང་ལྷ་སྒྲུང་འདྲེས།
སེམས་ཅན་དང་སེམས་ཅན་འདྲེས།


དུད་ཁྱིམ་གྱི་ཡ་ཕུགས་ན།

མཆོད་སྟེགས་དུད་དྲེག་མ་ཞིག་ཡོད།
ཐང་རྙིང་ཞལ་ཁེབས་ཅན་ཞིག་བཤམས་ཡོད།
མཆོད་མེ་རྐོང་བུ་གང་བསྒྲོན་ཡོད།
མུན་པ་དང་འོད་སྣང་འདྲེས།
དངོས་ཡོད་དང་རྨི་ལམ་འདྲེས།


ཆུ་ཁ་ན་རྩེད་མོར་གཡེང་བའི།

བྱིས་པ་རྐང་རྗེན་འགའ་ཡོད།
ཐ་གུ་ཁྲ་ཁྲའི་སྐ་རགས་འཆིང་བའི།
བུ་མོ་ཟོ་ཁུར་ཞིག་མཆིས།
རྒྱང་རིང་ནས་མཆེད་པའི་རྟ་ཕོའི་འཚེར་སྐད།
བུ་མོའི་རྣ་རྩར་སྲོད་ཁ་བཞིན་ལྷུང་བས།
ཉི་ཟེར་དང་ཕྱི་མིག་འདྲེས།
ནམ་མཁའ་དང་ས་གཞི་འདྲེས།


ནགས་ཚལ་སྟུག་པོའི་རི་རྩེ་ནས་བལྟས་ཚེ།

ལུང་བའི་ཕུགས་སུ།
དུ་བ་ཀྱ་ཀྱུ་ལང་གིན་པ་མཐོང་ཐུབ།
རི་ཞོལ་དུ་བབས་ནས་ཁ་རོག་གེར་ཉན་ན།
ལུང་མཐིལ་གྱི་གྲམ་གཞུང་དུ།
ཆུ་ཕྲན་ལྷུང་ལྷུང་གིས་འབབ་ཀྱིན་པ་ཐོས་ཐུབ།


ལུང་བ་དེའི་ཕུགས་སུ།

དུད་ཁྱིམ་ཞིག་ཆགས་ཡོད།
ཆུ་ཕྲན་དེའི་མགོ་ཁུངས་བསྙེགས་ཏེ་སོང་ན་རྙེད་ཐུབ།
ནམ་མཁའ་དང་ས་གཞི་འདྲེས།
ཆུ་ཕྲན་དང་ཟླ་འོད་འདྲེས།


གློ་བུར་རྟ་ནག་མའི་འབྲོག་སྡེ་དྲན་པ།


འབྲོག་སྡེ་ཞིག་གི་ཕྱེད་ཀ་ནུབ་ནས།

གྲོང་རྡལ་དུ་ཆགས་ཀྱིན་པའི།
རྡོ་ཁང་དག་གིི་གྲུ་ཟུར་ལས།
མགོ་དཀྲིས་བཅིངས་པའི་འབྲོག་མོ་དག
ཀ་ར་དབུགས་རྒྱག་ལྡད་ཀྱིན།
མངོན་ཆུང་དང་འཛེམ་བག་ཟད་ཀྱིན་འདུག་པ།
རླངས་འཁོར་གྱི་སྒེའུ་ཁུང་ལས་མཐོང་ཐུབ།


རྩྭ་མཛོད་ར་བའི་ནང་དུ་སོང་ན་སྒོར་མོ་དགོས་པས།

གྲོང་ཁྱེར་གྱི་སྤྱོད་ཁང་དྲན་ཡོང་།


མཚོ་སྔོན་པོའི་འགྲམ་གྱི་རྡེའུ་འབུམ་ཞིག

གད་སྙིགས་སུ་འགྱུར་གྱིན་པའི་ན་ཟུག་གིས།
རྨི་ལམ་ནང་ནས་ཀྱང་ང་ལྷོད་མྱོང་མེད།


མཚོ་མོའི་རླབས་རྒྱུན་ལང་གིན་པ་དེའང་།

སུས་ཀྱང་ཚོར་དུ་མེད་པའི་ན་ཟུག་ལྷག་མ་ཞིག
ངའི་སྙན་ངག་གིས་ག་ལེར་བསྒུལ་ཐུབ་པའི།
ལུ་གུའི་མེ་ཏོག་གི་མགོ་ལྕོག་དང་འདྲ།


དགུན་གཞུང་རླུང་བུ་དྲག་ཏུ་ལྡང་སྲིད་པའི།

རྟ་ནག་མའི་འབྲོག་སྡེ་ནས།
རྡོ་ཁང་འགའ་ལས་ཅི་ཡང་ལུས་མི་སྲིད་པས།
མཚོ་མོ་ཁ་རོག་གེར་ཉལ་འཇོག་པའང་།
དགུན་གཞུང་ལ་མཚོན་ན།
མཛེས་སྡུག་གི་གཏམ་རྒྱུད་གཞན་ཞིག་ཡིན།


འབྲོག་སྡེ་ཞིག་གི་ཕྱེད་ཀ་ནུབ་ཚར་བས།

གྲོང་རྡལ་དུ་ཆགས་ཀྱིན་པའི།
རྡོ་ཁང་དག་གི་གྲུ་ཟུར་ལས།
མངོན་ཆུང་དང་འཛེམ་བག་ཟད་ཀྱིན་འདུག་ཨང་།


སྟོན་རུ་ཤོད་ལ་བབས་པ།


ཤ་གཟན་རྒྱ་གླང་འདྲ་བོ་དེ།

མཚེར་ཤ་རུ་བཤས་ཟིན་པས།
རུལ་མ་སྤར་མོ་གང་གིས་ལུག་ལྷས་ཇེ་སྲབ་ལ་སོང་ཡོད་ངེས།


འབྲི་མོ་རྭ་གོར་མ་དེ།

བེའུ་ལ་སྦྱིག་ཟིན་པས།
འོ་མ་བཞོ་ཟེའུ་རྐེད་ཅིག་གིས་ཇེ་ཉུང་ལ་སོང་ཡོད་ངེས།


ད་ལོའི་འབབ་ཞོད་ཆེ་དྲགས་པས།

ཐབ་ཀ་རློན་པའི་ནང་ལ།
ཨོང་བ་རློན་པ་ཇི་ལྟར་དེད་རུང་།
དུ་བ་འཕྱུར་ནས་འབར་རྒྱུ་མི་འདུག་ཅེས།
སྲིང་ཆུང་མའི་མིག་རྩ་དམར་པོར་ཆགས་འདུག


དབྱར་རྩ་དགུན་འབུའི་རིན་གོང་མི་བྲིན་པའི་ད་ལོར།

ཕྱུགས་ཟོག་གི་རིན་གོང་བྲིན་འདུག་མི་ཤེས་མོད།
ཞྭ་མོ་དཀར་པོ་གོན་མཁན་དག་གིས།
མན་ཚར་ནག་པོ་ཤད་ཀྱིན།
ཐག་པ་ཁུར་ནས་འབྲོག་སྡེ་ཉུལ་གྱིན་ཡོང་།


སྡེ་བ་ཡར་ནང་མར་ནང་གིས།

སྒོར་མོའི་ཁ་གྲངས་ལ་བལྟས་ཏེ།
རྟ་རྒྱུག་འགྲན་སྡུར་བྱེད་ཀྱིན་ཡོད།
ཁྱིམ་མཚེས་བུ་མོ་ལྷ་སྒྲོན།
གནས་ཡུལ་ནས་རང་ཁྱིམ་དུ་སླེབས་ཡོད།


མོའི་མངལ་ལ་བྱིས་པ་འཁོར་ནས།

ཟླ་ངོ་བརྒྱད་དང་ཕྱེད་ཀ་འགོར་ཡོད་ཅེས།
དགའ་སྤྲོ་དང་ཉི་འོད་ལྷན་དུ་བསྲེས་ནས་བཤད།


ངེད་ཚང་གི་མི་རྐྱང་ཡིན་ཞེས།

སྲིང་ཆུང་མའི་གམ་ན་གསར་བུ་ཞིག་ཀྱང་ཡོད་འདུག


སྟོན་རུ་ཤོད་ལ་འབབ་དུས།

སྐྱས་ལམ་ན་ཁལ་མ་མང་བོ་མཐོང་རྒྱུ་མི་འདུག་ཅེས།
ཨ་ཕའི་ཤུགས་རིང་གིས་ང་དྲག་ཏུ་བསྒུལ་བྱུང་།


རྩོམ་ཡིག་སྔོན་མ།
2017ལོའི་དེབ1པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1