དབྱར་དུས་ཀྱི་སྔ་དྲོ་ཞིག་ལ། རི་བོ་སྨུག་པ་ལང་ལོང་གིས་བཏུམས་ཤིང་མདང་དགོང་བབས་པའི་ཆར་པ་དེས་ནོར་འཛིན་བུ་མོའི་གདོང་པ་གཙང་མར་བཀྲུས། སྔོ་ལྗང་གོས་ཀྱི་རི་མོ་ཟ་འོག་དར་གྱི་མཛེས་པ་ལ་འཁུ་བ་ལྟར་ཕྱོགས་ཀུན་གསལ། བྱ་ཁུ་བྱུག་དེས་གཙོ་བོར་བྱས་པའི་འདབ་ཆགས་མགྲིན་པའི་འགྱུར་ཁུགས་སྙན་པ་དག་གིས་སྨྲ་བའི་སྒོ་མོའང་ངང་གིས་གྲོལ། རྫི་བོའི་ལ་གཞས་དང་རྟ་ཟོག་ལུག་གསུམ་གྱི་འབའ་ངུར་མཚེར་སྐད་མཆེད་ཅིང་སྐེ་ལ་བཏགས་པའི་དྲིལ་ཆུང་གིས་རམ་འདེགས་བྱས། རྒྱུ་སྐར་དོ་ཤལ་ས་ལ་འཕོས་པ་ལྟ་བུའི་གྲོང་པ་སོ་སོའི་ཁང་ཐོག་ཏུ་གཡུ་འབྲུག་དགུང་ལ་འཁྱུག་པ་ལྟར་དགུང་དུ་འཕྱོ་ཞིང་། དུད་ཚང་འགའ་ཞིག་གི་ཁང་གཡེང་གི་གྲབ་ཁ་ན་བརྩིགས་པའི་བསང་ཁྲི་དང་བསུར་ཁུང་ལས་དུ་བ་འཕྱུར་བ་ལས་དྲི་ཞིམ་ངད་པས་ལམ་འགྲོ་བ་དག་གི་དྲི་འཛིན་ཡང་དག་པར་བྱེད།
འགའ་ཞིག་གི་ཁང་པའི་གདུང་རྟ་དང་བར་སོའི་འོག་ན་སྒྲ་སྒམ་བཏགས་ཡོད་པ་ལས་སྐྱབས་འགྲོ་དང་། སྒྲོལ་མ། སྐུ་རིམ་རྣམ་གསུམ་དང་སྨོན་ལམ་སྣ་ཚོགས་ཀྱི་འདོན་དབྱངས་རྒྱུན་ཆད་མེད་པར་སྒྲོག
གསང་སྔགས་དགོན་པའི་མཐའ་སྐོར་གྱི་ལམ་དུ་རྒན་གཞོན་ཕོ་མོ་མང་པོས་ཕན་ཚུན་ཁམས་འདྲི་དང་འབྲེལ་གཅིག་ལས་གཅིག་མགྱོགས་ཀྱི་ཚུལ་དུ་སྐོར་བ་འགྲོ་བཞིན་ཡོད་ལ་ཕྲེང་བ་ལག་པས་བགྲངས་པས་སིལ་སྒྲ་བར་མེད་དུ་གྲག དགོན་པའི་སྒོ་ཆེན་རྩར་ཡོད་པའི་ཆིབས་བཀྱག་ཕ་བོང་གི་སྟེང་དུ་ཡོ་ཡོས་གཟན་བཤུས་ཏེ་དཀྲིས་ལྡབ་ཅིག་བྱས། རྒྱབ་ཁུག་སེར་སྨུག་ཅིག་འཕྲེད་ཁུར་བྱེད་ལུགས་ལ་བལྟས་ན་ཕལ་ཆེར་གྲོང་ཆོག་ལ་འགྲོ་བའི་ཚོད་དཔག་བྱེད་ཐུབ། བྲེལ་འཚབ་དང་བཅས་ཏེ་འཕྲུལ་རྟ་ཞིག་བཞོན། ཤམ་ཐབས་ཀྱི་སྒབ་མཐའ་ནི་གཤོག་པ་གཡུག་པ་ལྟར་དམར་ལྷབ་བེར་རླུང་གིས་སྐྱོད་བཞིན་གྲོང་ནང་དུ་གཏད་དེ་ཆས་ཤིང་རྒྱབ་གཟུགས་ཀྱང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཏེ་མཐར་གྲོང་པའི་གསེབ་ལ་ཐིམ། ཡིན་ཡང་། དགོན་པའི་འདུ་ཁང་གི་སྟེང་ནས་འཁར་རྔ་རྡུང་བ་དང་དུང་འབུད་པས་ཆོས་ར་འཚོག་བཞིན་ཡོད་པའི་རྣམ་པ་གང་སར་མངོན་འདུག་ལ་ཁོ་གཅིག་པུ་གང་དུ་འགྲོ་འམ་ཞེས་“སྐོར་ལམ་གྱི་གསར་འགྱུར་བ་”ཞེས་གྲགས་པའི་
རྒན་པོ་འགས་ཕན་ཚུན་ལ་དོགས་འདྲི་བྱས།
ཡོ་ཡོ་ནི་གསང་སྔགས་དགོན་དུ་ཆོས་ཞུགས་མཛད་དེ་ལོ་བཅུ་གཉིས་ཙམ་སོང་། ཁོ་མངལ་ནས་ཐོན་ཏེ་བདུན་ཕྲག་གཅིག་གི་ནང་མ་རྒན་དྲིན་ཆེན་ཚེ་ཕྱི་མའི་ལྔ་ལམ་དུ་གྱུར་ཟིན་ལ་ཁོས་མ་རྒན་གྱི་པར་ལ་བལྟས་ཏེ་ཚོད་དཔག་བྱས་ན་མ་གཏོགས་མ་རྒན་གྱི་ངོ་མིག་གིས་མཐོང་མ་མྱོང་། ཨ་ནེ་སྒྲོལ་མ་ཟེར་བ་དེས་ལོ་གཅིག་ལྷག་ལ་ཆུང་གསོ་བྱས་ཤིང་ཨ་མ་ཟེར་ས་ཡང་དེ་ཡིན། དེ་ནས་ཁོང་ཕ་བུ་གཉིས་ཀ་ཁེར་རྐྱང་དུ་འཚོ་བ་རོལ་ནས་ལོ་བཅོ་བརྒྱད་སོང་། ཡོ་ཡོ་ལོ་བཅུའི་སྟེང་དུ་རབ་བྱུང་བསྒྲུབས། ཉེ་འབྲེལ་དངོས་མ་ཡིན་ཡང་ཉེ་འབྲེལ་ཞིག་གི་བརྩི་མཐོང་ཡོད་པའི་ཨ་ཞང་མཐུ་སྟོབས་ཟེར་བ་དེའི་ཤག་གི་དགེ་ཕྲུག་ཏུ་བསྡད། ཨ་ཞང་མཐུ་སྟོབས་ནི་སྤྱི་ཚོགས་རྙིང་པར་གྲྭ་ས་ལ་འགྲོ་མྱོང་ལ་སྐུ་ཡོན་ཆེན་པོ་ཞིག་ཡིན་པར་མ་ཟད་དགོན་གྲོང་གཉིས་ཀ་ལ་ཆེས་མཁོ་བའི་བླ་མ་རྩ་ཆེན་ཞིག་ཏུ་གྱུར། ཨ་ཞང་མཐུ་སྟོབས་ནི་ཡོ་ཡོའི་ཨ་མྱེ་དང་མཉམ་དུ་དབུས་སུ་འགྲོ་བའི་ཆོས་གྲོགས་ཡིན་པས་བརྩེ་མདངས་ཆེན་པོ་བཟུང་སྟེ་ཡོ་ཡོ་དགེ་ཕྲུག་ཏུ་ཉར་བ་རེད། དེའི་ཕྱིར་ཨ་ཞང་མཐུ་སྟོབས་ཀྱིས་གཟིགས་སྐྱོང་དང་ཡོ་ཡོ་རང་གི་བརྩོན་འགྲུས་ལ་བརྟེན་ནས་ཀ་ཁ་ནས་བཟུང་སྟེ་འདོན་ཆོ་ག་གང་འཚམས་ཤིག་དང་། སུམ་རྟགས་དག་གསུམ། བཅའ་རྡུང་དཀྲོལ་གསུམ་དང་ཐིག་རྡུལ་ཚོན་སོགས་ལ་སྦྱངས་པས་དགོན་པའི་ནང་དང་གྲོང་ཆོག་ལ་བྲིན་པར་གྱུར།
མ་གཞི་བྱས་ན་ཁོའི་སྐྱ་མིང་ལ་བསོད་ནམས་བསྟན་འཛིན་དང་། གྲྭ་མིང་ལ་ཐུབ་བསྟན་དར་རྒྱས་ཞེས་བཏགས་ཀྱང་ཆུང་དུས་ཉེ་འབྲེལ་བྱིས་པ་འགས་གཅེས་མིང་དུ་“ཡོ་ཡོ་”ཞེས་འབོད་པར་བརྟེན། ད་ཆ་ཡང་ཐམས་ཅད་ཀྱི་ཁ་ན་གྲགས་ཤིང་ཐ་ན་ཨ་ཕ་དང་ཨ་ཞང་མཐུ་སྟོབས་ཀྱིས་ཀྱང་དེ་ལྟར་དུ་འབོད། སྟབས་མ་ལེགས་པ་ཞིག་ལ་ཡོ་ཡོ་ལོ་བཅོ་བརྒྱད་ཀྱི་སྟེང་དུ་ཕ་རྒན་ལ་ཀླད་པར་ཁྲག་རྒྱུག་པའི་ནད་ཐེབས། འཚོ་བྱེད་ཀྱིས་བཟློག་མ་ནུས་པར་ཉལ་ཁྲིའི་མཐའ་ཅན་དུ་གྱུར། དེའི་ཚེ། ཆེས་མཐའ་འཇུག་གི་ཨ་ཕའི་ཁ་ཆེམས་སུ། ཨ་ཕའི་ནང་གི་ནོར་བུ་དང་ཕྱིའི་ལྕགས་རི་ཟེར་ན་བུ་ཁྱོད་རང་ལས་མེད་པས་ཁྱོད་རང་ངེད་ཕ་མ་གཉིས་ཀའི་རྗེས་སུ་སྡིག་པ་མི་བྱེད་མཁན་ཞིག་དང་། ཕ་མ་ཉེ་འབྲེལ་གཙོ་བོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་པ་རྣམ་དག་ཅིག་བྱེད་རྒྱུའི་རེ་བ་ཡོད་ལ་དེ་ལྟར་དུ་ཁས་ལེན་དགོས། ད་དུང་། ཨ་ཕའི་གའུ་མཐིལ་ན་གཟི་ཆུ་མིག་གཉིས་པ་ཅན་ཞིག་ཡོད། དེ་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་དགོས། འུ་ཚང་ཁྱིམ་རྒྱུད་ཀྱི་བླ་གཟི་ཟེར་ན་ཆོག ། གཡང་གཟི་ཟེར་ནའང་ཆོག །ཁྱོད་ཀྱི་ཨ་མྱེ་འདས་པོ་སྟེ་ངའི་ཕ་རྒན་གྱི་ཨ་ཁུ་དེས་སྔོན་ལྷ་སར་འགྲོ་དུས་ཆབ་མདོ་སྟག་མ་ལ་ནས་རྙེད་རབས་འདུག ། ལྷ་སའི་ཇོ་ཤཱཀ་རྣམ་གསུམ་དང་། སེར་འབྲས་དགེ་གསུམ། བླ་མ་བླ་ཆེན་མང་པོས་བྱིན་འབེབས་གཡང་རྟེན་དུ་བྱིན་གྱིས་བརླབས་པ་ཡིན་པས་གཅིག་དང་མི་འདྲ་བ་ཞིག་ཡིན། གོ་བར་གྱིས་ཤིག་ཟེར། ཡོ་ཡོས་ཕ་དྲིན་ཆེན་གྱིས་བཤད་པ་རྣམས་ཁས་བླངས་དམ་བཅའ་ནན་མོ་བྱས། དེ་ནས་བཟུང་། ཡོ་ཡོ་ནི་བརྟེན་ས་འཁྲི་ས་མེད་པའི་དྭ་ཕྲུག་དབྱུག་པ་ཁེར་རྐྱང་བཞིན་དུ་གྱུར། དྭ་ཕྲུག་གཞན་དང་བསྡུར་ན་བསོད་ཆེན་ནང་གི་བསོད་ཆེན་ཞིག་སྟེ། ཁོ་ལ་ལྷག་བསམ་གཡོ་བ་མེད་པའི་ཨ་ཞང་མཐུ་སྟོབས་དང་ཨ་ནེ་སྒྲོལ་མ་ཚང་གི་བཟའ་ཚང་གང་པོས་ཡོ་ཡོའི་དོན་དུ་དོན་ལྔ་སྣོད་དྲུག་གང་རུང་ཞིག་འདོན་དགོས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པ་ཞེ་གཅིག་ཡིན། ཁྱིམ་གྱི་ཁང་ས་གཞན་ལ་བཙོངས་ཏེ་དེའི་རིན་གྱིས་ཚོགས་ལ་མང་ཇ་བཏང་བ་དང་། ལྷ་སའི་ཇོ་བོ་ལ་ཞལ་གསེར་ཕུལ་བ། མཆོད་རྟེན་དང་དུང་འཁོར་བཅས་བཞེངས། ད་དུང་ལོ་གཉིས་ཙམ་གྱི་རིང་ལ་ཁོས་ཕ་མ་གཉིས་ཀྱི་ཆེད་དུ་སྔོན་འགྲོ་འབུམ་ལྔ་དང་། ལས་རུང་བསྙེན་པ་སོགས་གྲངས་ཚང་ཞིང་ཚད་དང་ལྡན་པ། ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་བསགས་ཤིང་དགེ་བ་རླབས་ཆེན་བསྒྲུབས་པས་ཡུལ་མི་སུ་ཐུག་གི་ཁ་ནས་དགེ་རྒན་བཟང་པོའི་དགེ་ཕྲུག་དང་།
ཕ་མ་བཟང་པོའི་བུ་རྒྱུད་ཟེར་བ་འདི་འདྲ་ཞིག་དགོས་ཟེར་བ་དང་། གྲྭ་པ་ཡག་པོ་རེད་ཅེས་པའི་མཚན་སྙན་སྟོད་སྨད་ཀུན་ལ་གྲགས། དགོན་པའི་ནང་གི་བླ་མ་ལས་སྣེ་རྣམས་ཀྱིས་ཆེ་མཐོང་ཕུན་སུམ་ཚོགས་པ་བྱེད་ཅིང་། ཕུལ་བྱུང་ཡོན་ཏན་པ་ཞིག་གི་གོ་གནས་ཟིན་པས་ཁོ་ལ་རྙེད་པ་དང་བཀུར་སྟིའི་རིམ་གྲོ་བྱེད་མཁན་མང་ལ་གྲོང་ཆོག་ལ་མངག་མཁན་དེ་བས་ཀྱང་མང་། སྐབས་དེ་ཤེད་གཅིག་ནས་ཡོ་ཡོ་ལ་མཉེས་པོ་དང་བྱམས་སྐྱོང་གནང་མཁན་གྱི་ཁྱིམ་ཚང་ཁག་གཅིག་ཡོད་ཀྱང་དེའི་ནང་གི་གཅིག་དང་མི་འདྲ་བ་ཞིག་ཡོད་པ་ནི་དོན་འགྲུབ་ཚང་རེད། དོན་འགྲུབ་ཚང་ནི་ གསང་སྔགས་དགོན་པའི་ཤར་ཕྱོགས་སུ་དཔག་ཚད་གཉིས་ཙམ་གྱི་སར་གདོང་ཕག་སྣ་འདྲ་བ་ཞིག་གི་རྩ་རུ་གནས། ཁང་པ་བརྩེགས་གཉིས་ལ་ཀ་ཐག་བཅུ་དྲུག་ཡོད་པ་ཅན་དང་། སྔོན་དུ་ཀ་ཕིབས་ཐོག་གཅིག་མ་ཀ་ཐག་བརྒྱད་ཅན་ཞིག་ཡོད། ཁང་པའི་སྔོན་རྒྱབ་གཉིས་སུ་རྒྱ་ར་ཆེ་ཙམ་རེ་ཡོད་ལ་རྟ་ཟོག་མགོ་གྲངས་ཀྱང་མང་བས་འབྱོར་པ་མི་དམན་ཞིང་དོན་འགྲུབ་དང་ཁོའི་བུ་ངག་དབང་གཉིས་ཀས་ཚོང་ཙག་ཙིག་བརྒྱབ་ནས་འཚོ་བ་ཡག་ཐག་ཆོད་ཅིག་ཏུ་གྱུར་ཡོད། ཡོ་ཡོ་ནི་དགོན་པར་འཚོགས་རྒྱུ་མེད་པ་དང་། གྲོང་ཆོག་ལ་མ་སོང་བའི་སྐབས་ཀུན་ཏུ་དོན་འགྲུབ་ཚང་གི་གོད་ཁ་ནས་བསྡད་ཡོད་ལ་རྒྱུས་མེད་ཀྱི་མི་མང་པོའི་སེམས་ལ་ཡོ་ཡོ་ནི་དོན་འགྲུབ་ཚང་གི་མི་འམ་གཉེན་ཉེ་ཆེན་པོ་ཞིག་ཡིན་པར་དྲན་བཞིན་ཡོད། དངོས་གནས་བྱས་ན། ཤ་རྩ་ཁྲག་རྒྱུད་ཀྱི་འབྲེལ་བ་ཅི་ཡང་མེད་པའི་ཁར་ཡོ་ཡོ་དང་ཁོའི་ཕ་དྲིན་ཆེན་ཚེ་ལས་མ་འདས་གོང་དུ་ཕལ་ཆེར་ཁབ་སྐུད་པ་ཞིག་དང་། ཆུ་ཚ་ཕོར་པ་གང་གི་འབྲེལ་བ་ཡོད་མ་མྱོང་ཟེར་ནའང་ཆོག ཡོ་ཡོ་དོན་འགྲུབ་ཚང་གི་ཡོན་གནས་སུའམ་ཉེ་གནས་སུ་གྱུར་པ་ནས་བཟུང་སྐད་ཆ་འདྲ་མིན་སྣ་ཚོགས་གཤོག་པ་ཐོགས་པ་ལྟར་ག་ས་གང་དུ་ཁྱབ་པས་ཡོ་ཡོ་ལ་དགའ་མཁན་གྱི་མི་དག་གིས་ད་ནི་“གསེར་སྐུ་རག་ལ་འགྱུར་རྒྱུ་”རེད་ཅེས་ཡི་ཆད་པའི་སྐད་ཆའང་མང་པོ་བཤད་མྱོང་། ཨ་ཞང་བླ་རྒན་དང་ཉེ་འབྲེལ་སྐོར་ཞིག་གིས་ཡོ་ཡོ་ལ་དོན་འགྲུབ་ཚང་དུ་འགྲོ་རྒྱུ་ཉུང་ཙམ་གནང་རོགས་དང་། དེ་མིན་མི་ཁ་ལྟས་ངན་འཁོར་བའི་སྔ་ལྟས་ཡིན་པས་གཟབ་དགོས། ཁྱེད་ལ་དགོས་མཁོ་ཅི་ཡོད་ན་ངེད་ཅག་གིས་ཨུ་རུ་མུ་རུ་བྱས་ནས་སྐོང་ཆོག ། སྒོམ་ཆེན་ཐུར་ལ་མ་འགྲིལ་ན། ཟས་ཆེན་གྱེན་ལ་འགྲིལ་ཡོང་ཞེས་པའི་དཔེ་ལྟར་ཁྱེད་དགོན་པ་ནས་ཡག་པོ་བཞུགས། སྡོམ་དམ་ཚིག་ཡག་པོ་སྲུངས་དང་དཀའ་ངལ་ཅི་ཡང་མེད་པའི་སྐོར་བསླབ་བྱ་ལམ་སྟོན་མང་ཙམ་བྱས་ཀྱང་ ཡོ་ཡོ་ནི་གདོང་ལ་འཛུམ་ཅུང་ཙམ་བབས་ཤིང་མགོ་བོ་འཕྲེད་དུ་གཡུག་ནས་ཁྱེད་ཅག་སེམས་ཁྲལ་མི་དགོས། ངས་ཕ་མ་གཉིས་ཀྱི་ཆེད་དུ་དེ་འདྲའི་སྡུག་པོ་མི་བྱེད་པའི་དམ་བཅའ་ཡོད་ཅེས་ཁ་ཕོ་འབྲུག་སྐད་ལྡིར་བ་བཞིན་བསྒྲགས།
དེའི་རྐྱེན་གྱིས་མི་མང་པོ་བློ་བདེ་ཡང་ཨ་ཞང་བླ་རྒན་གྱིས་མགོ་བོ་འཕྲེད་དུ་གཡུག་བཞིན་མུ་མཐུད་དུ་དོན་འགྲུབ་ཚང་ལ་སོང་ན། ཡག་པོ་ཞིག་མི་རེད་ཐག་གིས་ཆོད། བླ་མ་དཀོན་མཆོག་གིས་མཁྱེན་ཟེར་ནས་བཞུགས་འདུག །
ཟླ་བ་གཅིག་གཉིས་ཤིག་གི་མཚམས་ནས་སྔར་བཞིན་དོན་གྲུབ་ཚང་དུ་འགྲོ་བཞིན་ཡོད་པ་དང་། དོན་འགྲུབ་ཀྱི་བུ་མོ་ཆོས་སྐྱིད་དང་། མནའ་མ་དཔལ་མོ་གང་རུང་ཞིག་དང་འབྲེལ་ཆེ་རབས་ཀྱི་གཏམ་འཆལ་སྔར་ལས་ཆེ་བ་ཞིག་གྲགས་འགོ་བརྩམས། དོན་ངོ་མར་ཆོས་སྐྱིད་དང་འབྲེལ་བ་ཡོད་དམ་མནའ་མ་དཔལ་མོ་དང་འབྲེལ་……།
ད་ཆ་ཡོ་ཡོ་ནི་ཨ་ཞང་བླ་རྒན་དང་དགེ་བསྐོས་མ་གཏོགས་སུ་ཞིག་ལ་སྐྲག་དོགས་མི་དགོས་པར་གྱུར་པས་ཕ་རྒན་གྱིས་བཞག་པའི་བླ་གཟི་དེ་སྐབས་རེ་སྐེ་ལ་བཏགས་ནས་ངོམ་སོ་བྱེད་བཞིན་ཡོད་པས་མི་རྣམས་ཀྱིས་ཁོ་ལ་རྒྱུ་རྩ་ཆེན་ཞིག་ཡོད་པར་གདེངས་འཇོག་བྱས་པས་མི་ཚད། ཚོང་པ་འགས་རིན་ཆུང་ངུས་འགུག་ཐབས་ཀྱང་བྱེད་བཞིན་ཡོད། ཡུན་རིང་མ་འགོར་བར་ཡོ་ཡོ་ལ་འཕྲུལ་རྟ་གསར་པ་ཞིག་བཞོན་རྒྱུ་ཡོད་པ་འདི་ནི་ངག་དབང་དང་ཐུན་མོང་དུ་ཆིབས་ནས་འགྲོ་རྒྱུ་ཞིག་ཡིན་ལ་དོན་ངོ་མར་སུ་ཞིག་གིས་ཉོས་པ་ཡིན་མིན་དེ་དོགས་པའི་ཡུལ་དུ་གྱུར། ཕྱིའི་བྱད་གཟུགས་དང་རུམ་གྱི་སྒོར་མོ་གང་ཐད་ནས་ཡོ་ཡོ་ལ་འགྲན་མཁན་ཉུང་བས་གྲྭ་པ་འགའ་ཞིག་གིས་ཡོ་ཡོ་ལ་ཁྱོད་དང་ངག་དབང་གཉིས་ཀ་ངོ་མ་བཟང་ས་ཟེར་བ་དེ་རེད། “མོ་ཐོ་”དང་“རྒན་མོ་”གཉིས་ཀ་ཐུན་མོང་དུ་ཆིབས་ཆོག་པས་སྐྱིད་པ་ལ་ཨང་ཞེས་རྩེད་མཚར་དང་ནང་དོན་གཉིས་ཀ་ཡོད་པའི་སྐད་ཆ་བཤད། དོན་འགྲུབ་ཀྱིས་མི་སུ་ཐུག་ལ་ངེད་ཚང་གིས་ཡོ་ཡོ་ལ་སྦྱིན་བདག་བྱེད་པ་མ་གཏོགས་གཞན་ཡོ་ཡོའི་རྒྱུ་ནོམ་པ་གང་ལ་ཡང་བརྣབ་སེམས་སྐྱེས་མེད་ཚུལ་དང་། ཁོང་གི་བུ་མོ་དང་མནའ་མ་གཉིས་ལ་དེ་བས་འབྲེལ་བ་མེད་ཅིང་། མི་ཡི་སེམས་ལ་མ་དྲན་པ་དེ། འདྲེ་ཡི་ཁོག་ལ་འཆར་བ་རེད། གཏམ་འཆལ་སྤེལ་མཁན་དེ་ཚོའི་ཁ་ནང་དུ་ཁྲག་སྐྱུག་དགོས། ཞེས་སྨོད་པ་བྱས་ཤིང་བདེན་པ་ར་སྤྲོད་ཀྱི་ཚུལ་དུ་སྨྲ་བཞིན་ཡོད།
དུས་ཀྱི་བགྲོད་པ་ནི་ཆུ་བོའི་བཞུར་རྒྱུན་དང་འདྲ་བར་སྐད་ཅིག་གིས་འདས་ཤིང་། ཡོ་ཡོའི་གཟི་ཆུ་མིག་གཉིས་པ་དེ་ཡང་གོང་ཚད་འཕར་བར་གྱུར། ཁམས་པའི་ཚོང་པ་ཞིག་གིས་དངུལ་ལོར་འབུམ་གསུམ་ལག་ཐོག་ཏུ་སྤྲད་ཆོག་ཟེར་ཡང་མ་བཙོང་། དེ་རྗེས་ནས་རྒྱ་རིགས་ཡུལ་སྐོར་བ་ཞིག་གིས་འབུམ་ལྔ་ལག་ཐོག་ཏུ་སྤྲད་ཆོག་ཟེར་བ་དང་། ཡང་རླངས་འཁོར་དང་རྟ། ཁང་པ་སོགས་ཟོང་འདྲ་མིན་སྤྲད་ནས་གཟི་ཉོ་ཐབས་བྱེད་མཁན་བྱུང་ཡང་དོན་འགྲུབ་ཀྱིས་བཙོང་དུ་མ་བཅུག ། ཡོ་ཡོའི་སེམས་ལ་གཟི་འདི་ལྟ་བུ་ཞིག་རྒྱན་ཆ་མ་གཏོགས་ཟས་གོས་གནས་མལ་གང་ལ་ཡང་ཕན་མི་ཐོགས་པས་མི་བཙོང་ནས་ཅི་ཞིག་བྱ། ཕ་རྒན་དྲིན་ཆེན་གྱིས་བདག་ལ་ཉར་དགོས་པ་གསུངས་མྱོང་སྟེ་འདིས་བདག་ལ་ཕན་མ་ཐོགས་ན་མི་རབས་རྗེས་མ་སུ་ཞིག་ལ་སྤྲད། སྤྲད་ཀྱང་འདི་ལྟར་ངོ་བོ་འཕོ་འགྱུར་མེད་པའི་རྡོ་ཁྲ་ཁྲ་ཞིག་ལས་མེད། དེ་བས་སྒོར་མོ་གང་འཚམས་ཤིག་ཁུག་ན་བཙོང་དགོས་སྙམ། རྗེས་ནས་གཏམ་འཆལ་ཐོས་པ་ལྟར་ན། ཡོ་ཡོའི་གཟི་ཆུ་མིག་གཉིས་པའི་པར་དེ་ཤང་ཀང་གི་འབྱོར་ལྡན་པ་ཞིག་གི་ལག་ཏུ་ཡོད་པ་དང་དེས་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ཡིས་ཉོ་ཐབས་བྱེད་ཀྱིན་ཡོད་པའི་གསར་འགྱུར་གང་སར་ཁྱབ་འདུག་ཅེས་པ་ཡོ་ཡོའི་རྣ་བར་ལྷུང་།
ཡོ་ཡོ་ནི་དགའ་ཐག་ཆོད་དེ་དེ་ལྟ་བུའི་སྒོར་མོ་ཕོན་ཆེན་ཁུག་དུས་མ་བཙོང་ན་ཕྱིན་ཆད་སྒོར་མོ་བརྒྱ་ཡང་ཨེ་ཁུག་མི་ཤེས་པའི་ཚད་ལ་སླེབས་ངེས་པས་ད་ལྟ་ཉིད་དུ། མྱུར་བ་ཉིད་དུ་བཙོང་འདོད་སྐྱེས། ཉིན་ལྟར་དགོན་པའི་ནང་དུ་མཇལ་སྐོར་ལ་ཡོང་མཁན་གྱི་རྒྱ་རིགས་ལྗོངས་རྒྱུ་བ་ལ་བལྟ་རུ་འགྲོ་ཞིང་རྒྱ་སྐད་ཆ་ལེ་ཆོ་ལེའི་ངང་ནས་གཟི་ཉོ་མཁན་ཡོད་མིན་སོགས་དྲི་བཞིན་ཡོད། ཤང་ཀང་གི་འབྱོར་ལྡན་པ་དེ་ནམ་ཞིག་ལ་ཐོན་ནམ་སྙམ་ཞིང་ཐ་ན་རྨི་ལམ་དུ་ཡང་ཤང་ཀང་གི་འབྱོར་ལྡན་པ་དེའི་ལག་ནས་སྒོར་མོ་མང་པོ་བླངས་ཤིང་། སྒོར་མོ་དེ་ཡིས་ཟོག་མགོ་རྟགས་ཅན་གྱི་རླངས་འཁོར་ཉོས། གཞོགས་སུ་རང་གི་སྙིང་སྡུག་མ་དེ་བཞག་ནས་ཡར་འགྲོ་མར་འགྲོ་བྱེད་པའི་སྣང་བ་སྐྱིད་པོ་ཤར་མྱོང་། དེ་ནས་བཟུང་དགོན་པའི་ཚོགས་ཆོས་ར་མང་པོ་ཞིག་ལ་ཆད་པས་ཆད་པ་མང་པོ་བྱུང་བའི་ཁར་ སྔར་བླ་མ་ལས་སྣེ་རྣམས་ཀྱིས་ཆེ་མཐོང་བྱ་ཡུལ་དེ་ད་ཀོ་ལྟ་རྟོག་གི་འོག་ཏུ་ཚུད། ཨ་ཞང་མཐུ་སྟོབས་ལ་ཡང་བརྩི་བཀུར་དང་སྐྲག་དངངས་མི་དགོས་པར་གྱུར་པས་རང་དབང་རང་ཆེའི་ས་རུ་ཐོན། གྲྭ་པ་མང་པོས་ལྐོག་ནས་ཡོ་ཡོ་ལ་སྡོམ་པ་མེད་པར་ཚོད་དཔག་བྱེད་ཀྱིན་ཡོད་ལ་མགྱོགས་པོར་སྐྱིད་སྡུག་གནང་བ་ཞུས་ན་ཡག་ཤོས་རེད་ཅེས་བཤད་མཁན་ཡོད། ཡོ་ཡོ་ལ་ཆེས་ང་རྒྱལ་ཁེངས་དྲེགས་སྐྱེ་བའི་དུས་ཆོད་ཅིག་ཤར་མྱོང་སྟེ། གཅིག་དགོན་པའི་ནང་དུ་འདོན་ཆོ་ག་དང་མཚམས་བསྙེན་སྒྲུབ་སོགས་ཀྱི་ཐད་ནས་ཁོ་ལ་འགྲན་མཁན་ཉུང་བ་དང་། གཉིས་ནི་ཟང་ཟིང་གི་འཁོས་འབྱོར་གཞན་ལས་ཁྱད་དུ་འཕགས་ཤིང་གཟི་གོང་ཆེན་ཞིག་གི་བདག་པོ་ཡིན་པ་དང་། གསུམ་ན་ཁོ་པ་གང་དུ་སོང་ཡང་བུད་མེད་མང་པོས་ཁ་བརྡ་མིག་བརྡ་ཚུན་ཆད་ཀྱིས་ཀྱང་བློ་འགུག་ཐབས་སྣ་ཚོགས་བྱས་པས་ཡོ་ཡོའི་སྣང་བ་ཨ་སྔོན་དགུང་ལས་མཐོ་བར་གྱུར་ཅིང་བཟོ་ལྟ་སྣ་ཚོགས་སྟོན་ཤེས་པར་གྱུར།
ལོ་གཅིག་གི་རྟ་རྒྱུག་གི་སྐབས་སུ་ཡོ་ཡོ་ནི་བླ་འཁྱམས་པ་བཞིན་དུ་གྱུར་ཅིང་དོན་འགྲུབ་ཚང་གི་རླངས་འཁོར་དེ་བཏང་ནས་བསྐོར་རྒྱུག་སྣ་ཚོགས་བྱེད་ཀྱིན་འདུག ཡོ་ཡོའི་གཟི་ཆུ་མིག་གཉིས་པ་དེ་ངག་དབང་གིས་བྱུ་རུའི་སྐེ་རྒྱན་གྱི་རྩིབས་སུ་བརྒྱུས་ནས་བཏགས་ཡོད་ལ་དེའི་ཕྱི་ཉིན་ཆོས་སྐྱིད་ཀྱི་སྐེ་ལ་འདོགས་ཡོད་པར་མི་མང་པོས་མཐོང་། ཡོ་ཡོའི་ཨ་ནེ་རུ་གཏོགས་པའི་སྒྲོལ་མ་ཟེར་བ་དེས་ཆོས་སྐྱིད་ལ། “གཟི་དེ་ཅིའི་ཕྱིར་ཁྱོད་ཀྱི་སྐེ་ལ་ཐོན་པ་ཡིན་ནམ་”ཞེས་དྲིས། ཆོས་སྐྱིད་ཀྱིས་ཁྲེལ་དགོད་ཆེན་པོ་ཞིག་དང་ལྷན་དུ་མགྲིན་པ་གཟེངས་སུ་བཏེགས་ཏེ་“ འདི་ནི་བདག་གིས་བཙན་འཕྲོག་བྱེད་པ་མ་ཡིན་ཞིང་། བརྐུས་པའང་མིན་པས་འདི་ལ་གསལ་བཤད་རྒྱག་མི་དགོས་སམ་སྙམ། གལ་ཏེ་དེ་འདྲ་རྩད་གཅོད་དགོས་ན་གཟི་ཆུ་མིག་གཉིས་པའི་མིག་ལ་གཟབ་གཟབ་ལྟོས། ཡང་མིན་ན་ཡོ་ཡོ་ལ་དྲིས་དང་གསལ་ནི་རེད། ཁ་གསལ་ནས་བཤད་ན། དགའ་རོགས་སེམས་རྟེན་དང་། བརྩེ་སེམས་མཚོན་རྟགས་ཟེར་བ་ཞིག་ཀྱང་ཡོད་པས་དེའི་སྐོར་ང་ལས་ཀྱང་ཨ་ནེ་ཁྱོད་ཀྱིས་གསལ་པོ་ཤེས་ཀྱི་ལོས་ཡོད་”ཟེར།
ཨ་ནེ་ཡིས་"འདྲེ་མོ་མགོ་དམར་ཁྱོད་ཀྱིས་ངེད་ཚང་གི་བུ་གསེར་སྐུ་འདྲ་བ་དེ་ལ། ཁྲ་ཁྲ་རིག་རིག་གིས་མིག་སླུ། ཞིམ་པོ་མངར་མོ་ཡིས་ཁ་སླུ་བཞིན་མ་འདུག །ལྟས་ངན་ཁྱོད་ལ་སྡོམ་པ་འཕྲོག་རྒྱུ་མ་གཏོགས་པུས་མོ་གནམ་ལ་གཏད་སའི་ཕོ་སྐྱེས་ཤིག་མི་ལོན་ནི་ཨེ་རེད། ” “ཧིན། སེངྒེ་གངས་ལ་བསྡད་ན་སེངྒེ། སེངྒེ་གྲོང་ལ་བརྒྱུགས་ན་ཁྱི་རྐུན་ཟེར་བ་གོ་ཨེ་མྱོང་། ངས་……” སྐབས་དེར་ཆོས་སྐྱིད་ཀྱི་གྲོགས་མོ་འགས་བར་ལ་བུད་དེ་ཆོས་སྐྱིད་བཙན་གྱིས་ཁྲིད་དེ་མི་ཚོགས་གསེང་དུ་ཡལ། ཨ་ནེ་སྒྲོལ་མའི་ངོ་མདོག་སྲིན་པོ་དྲག་ཏུ་ཁྲོས་པའི་རྣམ་འགྱུར་བཞིན་མགོ་སྐྱེས་གནམ་དུ་ཟིང་། མིག་རྩ་ཁྲག་ལྟར་དམར། ཁྲོ་གཉེར་དུ་མ་བསྡུས། སོ་སྒྲ་དང་རྐན་སྒྲ་གཏོགས། ཁ་ཆུ་ཤར་ཤར་འཐོར་བཞིན་“ངོ་ཚ་མེད་མཁན་འདི་ཚོ། ཞབས་འདྲེན། བླ་བཙོང་འདི་ཚོ་”ཞེས་པ་ལས་ཅི་ཡང་བཤད་རྒྱུ་མ་རྙེད་པར་ཁ་སྐྱེངས་ཏེ་ལོག་དགོས་བྱུང་།
ཨ་ནེ་སོགས་ཉེ་འབྲེལ་སྐོར་ཞིག་གིས་ཡང་བསྐྱར་ཡོ་ཡོ་ལ་ཞུ་བ་ཕུར་ཚུགས་སུ་བྱས་ནས་གོ་བསྐོན་བློ་འགུག་སྣ་ཚོགས་བྱས་ཀྱང་ཁ་ནས་“ཁུར་སྟངས་མེད་”ཟེར་ཏེ་གང་བཤད་རྡོ་ཐོག་ཆུ་བླུག་ལྟར་གྱུར། རྒྱབ་ཉི་ཤར་ལག་པས་མི་ཁེབས་པའི་དཔེ་ལྟར་ཡོ་ཡོ་དང་། ཆོས་སྐྱིད་གཉིས་ནི་གཅིག་ལ་གཉིས་འཁྱུད་ཀྱིས་དགའ་བའི་རོལ་གར་རྩེན་པ་སོགས་གྲོང་མི་ཁྱིམ་མཚེས་ཀུན་གྱིས་ལན་གཅིག་ཙམ་མ་ཡིན་པར་ཡང་ཡང་མཐོང་། ཡོ་ཡོས་སྐབས་རེ་ཁོག་སྟོད་རྒྱ་གོས་དང་ཁོག་སྨད་ཤམ་ཐབས་གྱོན་ཏེ་དོན་འགྲུབ་ཚང་གི་ཕྱི་ནང་བར་གསུམ་དུ་ལས་ཀ་འདྲ་མིན་བྱེད་བཞིན་ཡོད་པ་དང་། ཐ་ན་སྟོན་ཐོག་བསྡུ་བའི་དུས་སུ་བམ་པོ་བཀལ་བ་དང་། རྟ་ཟོག་རི་ཀླུང་དུ་འདེད་པ་སོགས་མག་པ་ཞིག་ལ་ཁག་འཁྲི་བའི་ལས་ཀ་ཡང་མང་པོ་བྱེད། དོན་འགྲུབ་ཚང་གི་མི་ཆེ་ཆུང་ཀུན་གྱིས་ཡོ་ཡོ་གྲྭ་པ་ཞིག་གི་ས་རུ་མི་བཞག་པར་མངག་ཅི་བདེ་བྱེད་བཞིན་ཡོད་ལ་བྱིས་པ་གཉོར་བ་དང་སྐྱག་སྟན་ཚུན་ཆད་བརྗེ་མོ་རྒྱག་པའི་ལས་ཀ་ཞིག་མ་བསྐོས་དང་བླང་ལྟར་གྱུར།
ཡུན་རིང་མ་འགོར་བར་ཡོ་ཡོ་དགོན་པ་ནས་འདུག་བཟོད་མེད་པར་གྱུར་ཏེ་སྐྱིད་སྡུག་གནང་བ་ཞུ་དགོས་བྱུང་།
ཡོ་ཡོ་སྐྱ་སར་བབ་རྗེས་ཐད་ཀར་ཆ་རྐྱེན་དང་ལུགས་སྲོལ། གཟའ་སྐར་འཕྲོད་སྦྱོར་གང་ཡང་མ་བལྟས་པར་དོན་གྲུབ་ཚང་དུ་བུད་སོང་། དོན་འགྲུབ་ཀྱིས་བཤད་པ་ལྟར་ན་ཡོ་ཡོ་དང་ཆོས་སྐྱིད་གཉིས་ལོ་རྗེས་མར་ཁང་པ་གསར་དུ་ལས་ཏེ་“མེ་འབུད་”མཁན་ཡིན་པར་བཤད། དེ་ནས་བཟུང་ཡོ་ཡོ་དང་ཆོས་སྐྱིད་གཉིས་ནི་གཅིག་སེམས་གཅིག་ལ་འཕྲེང་ཞིང་ སྐད་ཅིག་ཀྱང་འབྲལ་མི་ཐུབ་པའི་རྣམ་པ་ལྟར་མངོན། ཡོ་ཡོས་ནངས་སྔ་ལངས་དང་། དགོང་ཕྱི་ཉལ། ཉིན་ཁར་མི་དང་མཚན་མོར་ཁྱི་བྱས་ཏེ་རྟ་ཟོག་འཚོ་སྐྱོང་དང་ས་ཞིང་རྨོ་འདེབས་སོགས་ཀྱིས་མཚོན་པའི་སྡུག་དཀའ་ལས་མང་པོ་བརྒྱབ།
དེ་ལྟར་སོང་བའི་མཐར་ཆོས་སྐྱིད་ཀྱི་གྲོད་ཁོག་འབུར་དུ་མེད་ལ་ཡོ་ཡོའི་གྲོགས་པོ་ཚོས་ཁྱོད་ཀྱི་རྒན་མོ་མོ་གཤམ་རེད་ཟེར་བ་དང་། ཕོ་སྐམ་མ་ཟེར་ནས་རྩེད་མཚར་དང་སྦྲགས་ནས་ཁོང་ཁྲོ་ཡང་བསླངས། ཡོ་ཡོ་སེམས་མ་བདེ་བར་གྱུར་ནས་ཆོས་སྐྱིད་ལ་དོགས་པ་འདྲ་མིན་ཟོས། དགོང་མོ་ཞིག་ལ་ཆོས་སྐྱིད་ཀྱིས་མངལ་འདེད་སྨན་འཐུང་བ་རིག དེ་ནས་བཟུང་ཁོང་གཉིས་ཁ་རྩོད་ཚིག་རྩོད་རིམ་བཞིན་འབྱུང་བཞིན་ཡོད་ལ་ ལོ་གཅིག་མ་འགོར་ཙམ་ནས་ཆོས་སྐྱིད་ནི་ཡུལ་ཁ་གཞན་པའི་ཕོ་སར་ཞིག་དང་འགྲོགས་ནས་བྲོས། ཡོ་ཡོ་ནི་“སྐྱ་ཀ་འཕུར། རྡོ་ལོག་ལྷག་”ཅེས་པའི་དཔེ་ལྟར་གྱུར་ ཞིང་ད་དུང་ཤུལ་དུ་བསྡད་ཡོད་པས་མནའ་མ་དཔལ་མོའི་ཕོ་ཆུང(འཕོང་སྦྱར་) བྱས་ཡོད་པར་གྲགས། ངོ་མ་བཤད་ན། རྫ་ཁོག་གཅིག་གི་ནང་གཡག་མགོ་གཉིས་ཆུད་དཀའ་བས་ཁོང་ཅག་བཟའ་ཚོ་གསུམ་པོའི་བར་ན་ཐག་གཅོད་ནན་མོ་ཞིག་བཟོ་བའི་དུས་སུ་བབ། མནའ་མ་དཔལ་མོའི་མིང་པོ་དག་གིས་ཀྱང་དོན་འགྲུབ་ཚང་ལ་སྡིག་ར་འདྲ་མིན་བསྐུལ་བའི་རྐྱེན་ལ་བརྟེན་མཐར་ཡོ་ཡོ་སྒོར་འབུད་དགོས་བྱུང་།
དོན་གྲུབ་ཚང་ནས་ཡོ་ཡོ་ལ་བགོ་སྐལ་དུ་ཐོབ་པ་ནི་(起亚)རྟགས་ཅན་གྱི་རླངས་འཁོར་དེ་དང་སྔར་རང་ཉིད་ལ་བདོག་པའི་ཅ་དངོས་ཙག་ཙིག་རྣམས་ཡིན་ལ། ཕ་མའི་གཅེས་ནོར་དུ་གྱུར་པའི་བླ་གཟི་ཆུ་མིག་གཉིས་པ་དེ་ནི་དོན་གྲུབ་ཚང་དུ་ལུས་ཤིང་དེའི་ཚབ་ཏུ་རླངས་འཁོར་ཁོ་ལ་བྱིན་པ་རེད། ཡོ་ཡོའི་གཉེན་ཉེ་འགའ་ཞིག་གིས་སེམས་ནས་མ་བཟོད་པར་དོན་འགྲུབ་ཚང་ལ་གྱོད་བརྒྱབ་ཀྱང་རྟ་ངན་གཉིས་དང་མཛོ་མོ་གཅིག་མ་གཏོགས་བླ་གཟི་ཆུ་མིག་གཉིས་པ་ནི་ལོན་ཐབས་བྲལ་ཞིང་ལོན་ཐབས་བྲལ་བའི་གནས་སུ་ཡོ་ཡོ་རང་ཉིད་ཀྱིས་བཀོད་པ་དེའི་ཕྱིར་གཟི་ཡི་རིན་དུ་རླངས་འཁོར་ཐོབ་པ་ནི་བསྐྱུར་ཚན་ཆེན་པོ་བྱིན་པ་ཡིན་སྐད། ཡོ་ཡོ་ནི་ཕོ་རྐྱང་དབྱུག་པ་ཁེར་གཅིག་ལྟར་གྱུར་ཟིན་ལ་གར་འགྲོ་འདི་འགྲོ་མེད་པའི་ཚད་ལ་སླེབས། གྲོང་རྡལ་དུ་ཁང་ཆུང་ཞིག་གླས་ཏེ་ཨར་པོ་རྒྱག་ས་ནས་གླ་ཅུང་ཟད་རེ་ཐོབ་ཐབས་བྱས་ནས་ཡོད་ཀྱང་ལས་ཀ་མི་ཤེས་པ་དང་། ལུས་ཀྱི་ཤེད་ཤུགས་སོགས་ཀྱིས་ཀྱང་ཕོ་སར་གཞན་ལ་ཐོབ་པའི་གླ་ཆ་ཁོས་མི་རྙེད། ད་ཆ་ཁོ་རྒྱབ་མ་འཁྱག་ཙམ་དང་ཕོ་བ་མ་ལྟོགས་ཙམ་ཡིན་པ་ལས་མི་གཞན་གྱིས་ཁོ་ལ་གྲྭ་པ་ཡིན་སྐབས་ཀྱི་བརྩི་བཀུར་དང་གུས་ཞབས་བྱེད་མཁན་གཏན་ནས་མེད་པའི་ཐོག་གཉེན་ཚན་དུ་གྱུར་པ་རྣམས་ཀྱང་ཁོ་ལ་ཁ་ཡག་པོ་ཞིག་གྲག་མཁན་མེད། སེམས་སྐྱོ་བའི་ངང་ནས་ལག་གཉིས་ལྟག་པར་བསྣོལ་ཏེ་ཉལ་ཐུལ་ལ་ཁེན། སྔར་གྱི་འཚོ་བ་ལ་ཕྱིར་དྲན་འདི་ལྟར་བྱས་ཏེ། དེ་ཡང་ལོ་བཞིའི་གོང་རོལ་ཏེ་ཡོ་ཡོ་ལོ་ཉེར་གཅིག་ལ་སོན་པའི་དགུན་ཁ་ཞིག་ལ་རོགས་པ་སྐོར་དང་མཉམ་དུ་དོན་འགྲུབ་ཚང་ལ་གྲོང་ཆོག་ཏུ་སོང་།
དགོང་འདོན་བྱས་རྗེས་ཁོང་ཅག་དོན་འགྲུབ་ཕ་བུ་གཉིས། དོན་འགྲུབ་ཀྱི་ཨ་རྒྱ་རིག་འཛིན་བཅས་དང་མཉམ་དུ་དགོང་ཟས་ལ་རོལ། སྐབས་དེར་ཁོང་ཚོས་ཁ་བརྡ་འདྲ་མིན་བཤད་པའི་མཐར་གཟི་དང་བྱུ་རུའི་གོང་ཚད་ལ་ཐོན། ཡོ་ཡོས་སྐེ་ལ་བཏགས་པའི་གཟི་ཆུ་མིག་གཉིས་པ་དེ་དོན་འགྲུབ་སོགས་མི་གསུམ་པོ་ལ་བསྟན། ལག་པ་ཕན་ཚུན་བརྒྱུད་ནས་གཡས་གཡོན་བླ་འོག་ཀུན་ཏུ་བལྟས་པའི་མཐར་ཐམས་ཅད་ཧ་ལས། སྤྱིར་གཟི་ཆུ་མིག་དགུ་པ་ཟེར་བ་དེ་གྲགས་ཆེ་རུང་འདི་འདྲ་གཟི་ཆུ་མིག་གཉིས་པ་ཞིག་མིག་ཕྱེ་ནས་བཟུང་རིག་མ་མྱོང་ཟེར། ད་དུང་ངེས་དཀའ་བའི་གཟི་ཡི་བཤད་པ་དང་གཟི་ཡི་རིགས་སོགས་བཤད་པ་ཐམས་ཅད་ཡོ་ཡོ་ལ་སྣང་བ་བན་བུན་ཙམ་མ་གཏོགས་ཇི་བཞིན་བློ་ངོར་མི་གསལ། ཕྱི་ཉིན་ཆོ་ག་བཏོན་ནས་ཕྱིར་དགོན་པར་ལོག་སྐབས་དོན་འགྲུབ་ཀྱིས་ཡོ་ཡོ་ལ་སོལ་བ་ཡག་པོ་དཔེ་མེད་ཁལ་རྒྱབ་གཅིག་སྟེ་སླེ་བོ་ཆེ་བ་དོ་འབུལ་རྒྱུ་ཡོད་པས་ཉིན་གཉིས་ཀྱི་རྗེས་སུ་སྐྱེལ་ཡོང་ཟེར། སོལ་བ་སྐྱེལ་བའི་ཉིན་མོ་དེར་ཡོ་ཡོས་དོན་འགྲུབ་ཚང་ལ་ཨ་ཞང་མཐུ་སྟོབས་ཀྱིས་བསགས་པའི་རིན་ཆེན་རིལ་བུ་དང་མུ་ཏིག་བདུན་ཅུ། བཙོ་བཀྲུ་ཟླ་ཤེལ། རིན་ཆེན་མང་སྦྱོར་བཅས་སྨན་རྩ་ཆེན་དང་། བྱིན་རྟེན་བདུག་རྫས་སྲུང་མདུད། གནས་ཆུང་ཕྱག་ནས་བཅས་བྱིན་པས་ཕན་ཚུན་འབྲེལ་བ་བཙུགས། རྗེས་སུ་དོན་འགྲུབ་ཚང་གི་མི་རྣམས་དགོན་ནང་ཡོང་རིམ་བཞིན་མར་དང་རྩམ་པ། ཕྱུར་བ། ཞོག་ཁོག་དང་པད་ཚལ། སྐྱུར་པོ་སོགས་ཟས་སྐལ་འདྲ་མིན་སྣ་ཚོགས་ཁྱེར་ཡོང་། ཡོ་ཡོ་ཡང་དོན་འགྲུབ་ཚང་དུ་ནམ་ཐོན་ལ་ཐབ་གསང་ཐབ་ཁྲུས་དང་། མནོལ་བསང་། རྟ་གཟུངས། ཆ་གསུམ་དང་སྐུ་རིམ་རྣམ་གསུམ་སོགས་རིམ་གྲོ་འདྲ་མིན་བསྒྲུབས་པས་མཆོད་ཡོན་དུ་གྱུར། ལོ་གསར་ཤར་ལ་ཉེ་སྐབས་སུ་ཡོ་ཡོས་དོན་འགྲུབ་ཚང་ལ་ཕྱེ་མར་མགོ་བཙུགས་བཅའ་བ་དང་། མཆོད་བཤམས་དང་དཀར་སྤྲོ་བཤམས་པ་བཅས་ཀྱི་འགན་ཁུར་ནས་བསྡད་ཡོད་ལ་ཉེར་དགུའི་དགོང་མོ་ནས་དོན་འགྲུབ་ཚང་གིས་མགྲོན་དུ་བོས། ཨ་ཞང་ཤུལ་དུ་བཞག་ནས་དགུ་ཐུག་མཉམ་དུ་འཐུང་བ་དང་། ཕྱི་ཉིན་གནམ་གང་གི་ཟ་མ་ཡང་མཉམ་དུ་ཟོས་པས་ཨ་ཞང་མཐུ་སྟོབས་དང་ཨ་ནེ་སྒྲོལ་མ་སོགས་ཡོ་ཡོའི་གཉེན་ཉེ་རྣམས་སེམས་མ་རངས་པར་གྱུར། ཚེས་གཅིག་སྔ་དྲོར་ཡོ་ཡོས་མཆོད་པ་ཡག་པོ་བཤམས། ཁང་གཡེང་ཁར་བསང་དང་གསེར་སྐྱེམས་འབུལ་ཞིང་ནང་དུ་སྨོན་ལམ་འདོན་པར་ལོག་པ་ན། ཏག་ཏག་ཁང་མིག་གཅིག་ནས་ཆོས་སྐྱིད་མལ་ལས་ལྡང་བ་མཐོང་། གློག་སྒྲོན་གྱི་འོད་རབ་ཏུ་གསལ་བའི་འོག་ཏུ་མཐོང་བའི་ཆོས་སྐྱིད་ཀྱི་རྒྱབ་གཟུགས་ནི་ཕྲ་ཞིང་ལྡེམ་ལ་དེ་ཙམ་དཀར་པོ་མིན་པའི་འཕོངས་ཚོས་ཕྱི་རུ་འབུར་བ་ལ་གསང་དོར་དམར་ཁྲ་མེ་ཏོག་ཁྲ་སིལ་མ་ཐོག་ཏུ་བབ་པ་ཞིག་གྱོན་པ་དང་། སྟོད་ན་བྲང་ཁེབས་ལག་མཐིལ་ཙམ་པོ་ལས་འཁྲང་ཟླུམ་འོ་འཛིན་ཟུང་གི་གཟུགས་བརྙན་གསལ་བར་མངོན། མིག་ཕྱེ་ཐུབ་ལ་མ་ཐུབ་པའི་ངང་ནས་མགོ་སྐྱེས་དཔྲལ་མཚམས་བགོས་ཏེ་སོར་མོས་ཤད་པའི་སྒོ་ནས་ཕྲག་པའི་གཡས་གཡོན་དུ་ལྷུག་པོར་ལྷོད། གྱོན་ཆས་གསར་པ་དག་རེ་རེ་བཞིན་ལུས་ལ་གྱོན་པའི་ཚུལ་དེ་གསལ་པོར་མཐོང་བས་རང་དབང་མེད་པར་ཆགས་པའི་སྤུ་ལོང་དྲག་ཏུ་ལྡང་། ད་དུང་བལྟ་འདོད་ཡོད་རུང་ཐབ་ཚང་ནས་ཨ་མས་འཛོམས་སྐྱིད་ཀྱིས་སྣོད་ཁ་ཕར་ལེན་ཚུར་བཞག་བྱས་པའི་སྒྲ་དེའི་རྐྱེན་གྱིས་རང་དབང་མེད་པར་མཆོད་ཁང་དུ་འཛུལ་དགོས་བྱུང་། དྲན་ཤེས་ཀྱིས་མ་ཟིན་པའི་སེམས་ཀྱི་རྟ་རྒོད་དེ་ནི་ཁ་ལོ་མ་བཏུལ་བ་བཞིན་ཕྱི་རོལ་གྱི་ཡུལ་ལ་འཕོས། ཁག་ཀྱང་མི་འདུག་སྟེ། སྐྱེས་ནས་ད་བར་བུད་མེད་ཀྱི་གཟུགས་རྗེན་པར་མཐོང་བ་ནི་ཐེངས་དང་པོ་ཡིན་ལ་ཆགས་པའི་མེ་ལྕེ་དྲག་ཏུ་འབར་བ་ཡང་ཐེངས་དང་པོ་ཡིན་ཟེར་ན་མི་ཆོག་པ་མེད། ཉི་མ་ཤར་སོང་། ཡོ་ཡོས་དོན་འགྲུབ་བཟའ་མི་གཉིས་དང་ཚེས་ཆུ་ལེན་སར་སོང་བའི་ངག་དབང་དང་དཔལ་མོ་བཅས་ལ་ལག་ཏུ་ཕྱེ་མར་བླུག་སྟེ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་ཟེར་བ་ན། དེ་ཐམས་ཅད་ཀྱིས་གཏན་དུ་བདེ་བ་ཐོབ་པར་ཤོག་ཅེས་ལན་བཏབ། ལོ་གསར་ཚེས་གཅིག་ནས་བཟུང་ཡོ་ཡོའི་སེམས་ལ་བརྗེད་པར་དཀའ་བའི་གཟུགས་བརྙན་དེ་པར་བཏབ་པ་དང་རྡོ་ལ་བརྐོས་པ་བཞིན་གྱུར་ཅིང་དུས་ད་ལྟ་ཡང་གསལ་ཐིང་ངེར་དྲན། སྒོ་ལྔའི་དབང་ཤེས་ཀྱི་དམིགས་པ་གཏད་ཡུལ་དང་ལུས་ངག་ཡིད་གསུམ་ཡང་ཆོས་སྐྱིད་སྒྲེན་མོར་བུད་པའི་ཚུལ་ལ་ཟུག “ མི་བསོད་ཟད་ལ། ཐུག་རྒྱུ་འདྲེ་”ཟེར་བ་ལྟར་ཟླ་མཇུག་གི་དགོང་མོ་ཆུ་ཚོད་གསུམ་པ་ཡས་མས་ཤིག་ལ་ཡུལ་དེར་ས་ཡོམ་0.6ཅན་པ་ཞིག་བརྒྱབ་སྟེ་མི་དང་བཅས་པའི་འགྲོ་བ་མང་པོ་ལ་གློ་བུར་དུ་བརྡབ་གསིག་ཆེན་པོ་བཟོས། ཡོ་ཡོ་དེ་གར་གནས་ཤིང་ངག་དབང་བཟའ་མི་གཉིས་དང་བུ་ཕྲུག་བཅས་དཔལ་མོའི་ཁྱིམ་དུ་མགྲོན་དུ་སོང་བས་རྐང་ལག་མྱུར་སྟབས་བདེ་བ་ནི་ཡོ་ཡོ་དང་ཆོས་སྐྱིད་མ་གཏོགས་མེད། འཇིགས་སུ་རུང་བའི་ས་ཡོམ་རྒྱག་སྐབས་ “བཞུར”སྒྲ་ཆེན་པོ་ ཞིག་གིས་ཡོ་ཡོ་གཉིད་ལས་དཀྲོགས། མགོ་གྱེན་དུ་བཀྱགས་པ་ན་ས་གཡོ་བཞིན་འདུག མགྱོགས་པོར་གློག་སྒོ་ཕྱེས་ཀྱང་ནག་འཚུབ་སེར་གཏན་སོང་། སྔས་མགོར་བཞག་པའི་གློག་བཞུ་དེ་སྦར་ནས་བལྟས་པ་ན་མིག་ལམ་དུ་མངོན་པ་ནི་ གདུང་རྟ།
ཀ་སྒྲོག ཀ་མགོ་སོགས་འགྱུར་ཞིང་འཐོར་ལ་ཁད་དུ་གྱུར་ཅིང་སྒོ་དང་སྒེའུ་ཁུང་། བང་བ་དང་ཤིང་གདན། ཉལ་ཁྲི་དང་མདུན་ཅོག་བཅས་ནི་ཤར་མཐོ་ན་ནུབ་དམའ། དབུས་མཐོ་ན་མཐའ་དམའ་ཞེས་མདོ་ལས་ས་རྣམ་པ་དྲུག་གཡོས་པའི་ཚུལ་དེའི་མཐུན་དཔེ་གསོན་པོ་སྟོན་པ་ལྟར་རེད།སྨད་གཡོག་དང་སྟོད་ཐུང་གཉིས་ལག་གིས་བཟུང་སྟེ་གོམ་ཞེང་ཆེན་པོས་སྒོར་བུད་དེ་ཁང་གཡེང་དུ་ཐོན། དེ་མུར་དོན་འགྲུབ་དང་ཨ་མ་འཛོམས་སྐྱིད་གཉིས་ཀྱང་གཡས་འཁྱོར་གཡས་འཁྱོར་བྱས་ཏེ་ཁང་གཡེང་དུ་ཐོན། གྲབ་ཁ་ནས་ས་རྡོ་ཟགས་ཤིང་རྒྱ་རའི་རྩིག་པ་ཀ་ཐག་གང་གི་མཚམས་“རག” སྒྲ་དང་བཅས་ཏེ་ཞིག ཨ་མ་འཛོམས་སྐྱིད་ཀྱིས་“ཞི་མོ་གང་ན་འདུག །ཆོས་སྐྱིད་”ཅེས་སྐད་བརྒྱབ། ཡར་ལྟ་མར་ལྟ་ཞིག་བྱས་ཀྱང་ཆོས་སྐྱིད་མ་རྙེད། ཡོ་ཡོས་ང་འགྲོ་ཞེས་བསམ་དབང་དྲན་དབང་མེད་པར་ནང་དུ་རྒྱུག །གློག་གཞུ་སྦར་ནས་ཆོས་སྐྱིད་ཉལ་ཁང་དུ་བལྟས་པ་ན་ཆོས་སྐྱིད་ཀྱིས་ཉལ་ཐུལ་མགོར་བཀབ་ནས་སྒོང་སྒོང་བྱས་ཏེ་“བླ་མ་དཀོན་མཆོག དཀོན་མཆོག་གིས་མཁྱེན་”ཟེར་ནས་བསྡད་འདུག ཡོ་ཡོས་ཐེ་ཚོམ་མེད་པར་ཉལ་ཐུལ་དང་མཉམ་པོར་ཆོས་སྐྱིད་འུབས་ལག་བཏབ་སྟེ་ད་འགྲོ་ཟེར་ནས་ཁུར། སྒོ་གདན་ལ་ཐོགས་ཏེ་གཉིས་ཀ་ས་ལ་འགྱེལ། དེ་མུར་འུབས་ལག་བཏབ་པ་ན་ཉལ་ཐུལ་བཤུས་ཟིན་པས་ཆོས་སྐྱིད་ཀྱི་ཤ་དྲོད་ལུས་ལ་རེག་ཀྱང་ས་ཡོམ་ལ་འཇིགས་པའི་དབང་གིས་ལུས་ཚོར་བཏང་སྙོམས་ཤིག་ལས་བདེ་བ་ཞིག་མྱོང་ཐབས་བྲལ། ཆོས་སྐྱིད་ཀྱི་ལུས་ལ་བྲང་ཁེབས་དང་གསང་དོར་མ་གཏོགས་གྱོན་པ་འཁོར་གསུམ་ཁེབས་པ་ཞིག་མེད་པས་ དོན་འགྲུབ་ཀྱིས་རང་གི་ལྭ་བ་ཆོས་སྐྱིད་ལ་བསྐོན། ས་ཡོམ་འཇགས་སོང་། དོན་འགྲུབ་ཚང་གི་རྩིག་པ་ཅུང་ཟད་ཞིག་པ་ལས་མི་ནོར་གང་ལའང་སྐྱོན་མ་ཤོར། ཕྱི་ཉིན་ནམ་གསལ་བ་ན་ཡོ་ཡོ་དང་ཆོས་སྐྱིད་གཉིས་ཕན་ཚུན་གདོང་གཏད་ནས་འདུག་པ་ལ་ཅུང་ཟད་འཚེར་སྣང་དང་དོགས་མི་བདེ་བའི་ངང་ཚུལ་དུ་གནས། དེར་བརྟེན་གཞོན་ནུ་གཉིས་ཀྱི་བརྩེ་སེམས་ཀྱི་མྱུ་གུ་འབུས་འགོ་རྩོམ་ཞིང་ཡིད་ཀྱི་བུང་བ་པད་དཀར་ཚལ་ལ་འཁོར་རེས་བྱེད། ཐ་ན་མིག་གི་ཟུར་མདའ་འཕེན་སྟངས་དང་། གཏམ་གྱི་སྒོ་མོ་འབྱེད་སྟངས་ཀྱི་རྣམ་འགྱུར་ཚུན་ཆད་ཕན་ཚུན་ཡིད་ལ་ཆེས་མཛེས་པའི་དཔལ་དུ་གྲུབ།
དཔྱིད་ཟླ་འབྲིང་པོ་ཚེས་སོང་། ཕྱོགས་ཀུན་ཏུ་རྩྭའི་ལྗང་མྱུག་མཆེ་བ་ལྟར་འབུས་ཤིང་ལྕང་མ་དང་གླང་མ། ཁམ་སྡོང་། གྲོག་ག། ཐང་ཤིང་། གསོམ་པ། བེ་ལོ་སོགས་ལས་ཐིའུ་སྐྱ་ཐག་གེར་གྱུར་ཅིང་འགའ་ཞིག་ལ་ལོ་མ་ཕྲན་བུ་མངོན། མི་རྣམས་སོ་ནམ་ལ་བྲེལ་ཞིང་སློག་རྒྱག་པ་དང་། ཤལ་བ་དྲུད་པ། ལུད་དབོར་ཞིང་གཏོར་བ་དང་། ས་བོན་འདེབས་པ་སོགས་གཅིག་རྗེས་གཉིས་མཐུད་དུ་ལས་ཀ་ཟིང་ཆ་ཆེ་ཙམ་ལ་འཇུག་པའི་སྐབས་རེད། དགོན་པའི་ཆོས་མཚམས་ཉིན་ཉི་ཤུ་ལ་བཏང་། ཡོ་ཡོ་དོན་འགྲུབ་ཚང་དུ་ཇ་སྐོལ་རོགས་དང་ཤུལ་སྲུང་དུ་བསྡད་ནས་ཡོད། ཉིན་གཅིག་ཆོས་སྐྱིད་ལག་པའི་ཚིགས་འཁྲུགས་ནས་ལས་ཀ་ལ་འགྲོ་མ་ཐུབ། སྟབས་ཡག་གམ་ཉེས་སམ་ཅི། དེ་ནི་“དོར་མ་མེད་མཁན་དང་། གླ་ལྤགས་འཚོང་མཁན་གཉིས་ཐོད་ཐུག་པ་”ལྟར་གྱུར་པའི་ཉིན་མོ་རེད། ཁྱིམ་མི་རྣམས་ཞིང་ལས་ལ་སོང་། བྱིས་པ་གཉིས་ཀྱང་གཉིད་ཟིན། ཡོ་ཡོས་ཆོས་སྐྱིད་ལག་པ་ལ་འཕུར་མཉེད་ལྷོད་ཙམ་དང་འབྲེལ་ནས་ཤེད་ཤུགས་རན་པའི་སྒོ་ནས་འཐེན། ཆོས་སྐྱིད་ཀྱིས་ངོ་ཚའི་རྣམ་འགྱུར་འཛིན་བཞིན་“ཨ་ར།
ཨ་ར་”ཞེས་སྒྲ་སྒྲོག ཡོ་ཡོས་སྤོབས་པ་ཆེན་པོས་“ཨ་ལས་ ངས་ཁྱོད་ལ་ལག་སྲ་ཏོག་ཙམ་རེད་སོང་”ཟེར་ནས་མཁྲིག་མའི་ཚིགས་མཚམས་སུ་མཆུ་ཏོ་ཞིག་གཏུགས། དེ་ནི་མེ་ཚ་བའི་སྟེང་དུ་སྣུམ་བླུག་པ་ཇི་བཞིན་འདོད་པའི་མེ་ལྕེ་དྲག་ཏུ་གཡོ་བར་བྱེད། “དེ་འདྲ་མ་བྱེད་ངོ་རེ་ཚ”ཞེས་བརྗོད་དེ་ལག་པ་འཐེན་ཙམ་བྱས་ཀྱང་ཡོ་ཡོས་མ་བཏང་། ལག་པ་ཡ་གཅིག་གིས་མཇིང་པ་ནས་བསྐོར་ཏེ་ངས་ཁྱོད་ལ་དགའ་དྲགས་ནས་ཤི་ལ་ཁད་ཡིན་ཞེས་བརྗོད་དེ་སྲབ་མཐུག་རན་པའི་སྨྲ་བྱེད་ལ་སྦྲང་རྩི་འཇིབས་པ་ལྟར་ཤེད་ཀྱིས་ནུས་ཤིང་མཚམས་སྦྱོར་བར་བྱེད། སྐབས་དེར་ཡོ་ཡོའི་སྣང་བར་ཆོས་སྐྱིད་ནི་མཛེས་མའི་ནང་གི་མཛེས་མ་ཞིག་སྟེ། དཀར་འཇམ་བཞིན་རས་ལ་ དཔྲལ་བ་དབྱེས་ཆེ་ཞིང་དྭངས་གསལ་རི་དྭགས་མིག་ལྟར་མཛེས་པའི་སྤྱན་ཟུང་དང་། སྣ་བྱད་ལེགས་ཤིང་གཟེངས་མཐོ་བ། རབ་དཀར་མུ་ཏིག་གི་སོ་ཕྲེང་དབུས་སུ་སྲབ་འཇམ་ལྕེ་ཡིས་རོལ་རྩེད་ངོམས་པ། ནག་ཅིང་སྣུམ་པའི་མགོ་སྐྱེས་ལན་བུར་གཉིས་སུ་བསླེས་པ་ལ་སྐྲ་གཞུག་དམར་པོས་མཇའ་ཚོན་ལྟར་བཀྲ་བ། ཡངས་པའི་བྲང་གཞུང་ལ་……། ད་དུང་……། མདོར་ན་མཛེས་སྡུག་འཇོ་སྒེག་མ་ལུས་ལྷུན་གྱིས་གྲུབ་པའི་སྣང་བ་ཞིག་ཤར། སྙིང་གཏམ་དྲོན་མོ་ཕན་ཚུན་རྣ་བར་ཤབ་ཤུབ་ཀྱིས་བཟླས་པ་སོགས་སྔོན་འགྲོའི་བྱ་བ་རྣམས་སྔོན་དུ་བཏང་སྟེ་དགའ་བདེ་པདྨ་ཅན་གྱི་རྒྱ་མཚོ་དེར་དམ་ཉམས་མགོ་རིལ་ནི་ངང་པ་འཇུག་པ་ལྟར་བྱས་ཤིང་སྒྱུ་རྩལ་སྣ་མང་གིས་གཉིས་ཀའི་རེ་འདོད་བསྐངས། ཀྱེ་མ་ཀྱེ་ཧུད། སྡོམ་པའི་མགོ་བོ་དེ་ལྟར་བཅད་སོང་། ཚུལ་ཁྲིམས་ཀྱི་རས་གཞི་གློ་བུར་དུ་སྣག་ཚས་སྦགས། དམ་ཚིག་ཤེལ་དཀར་བུམ་པ་གས་སྲུབ་ཤོར། ནོངས་འགྱོད་དང་བཅས་ཏེ་གཟའ་ཕོག་པ་བཞིན་སྐད་ཅིག་ལ་ཅི་བསམ་འདི་དྲན་མེད་པར་གྱུར། ཕྱི་དྲོར་དགོན་ནང་དུ་ཐོན། འདུ་ཁང་གི་སྒོ་འཕྱོར་དུ་འཛུལ་ཏེ་ལྟུང་བཤགས་སྤྱི་བཤགས། སྡིག་སྦྱོང་གི་ཆོ་ག་དང་བརྐྱང་ཕྱག་མང་ཙམ་འཚལ། ཅི་སྟེ་དྲན་ཤེས་ཀྱིས་དབང་པོ་མ་བསྡམས་པའི་གང་ཟག་ལ་ནི་སེམས་རྣལ་དུ་འབེབས་ཐབས་བྲལ། གྱང་ལྡེབས་སུ་བྲིས་པའི་རྒྱལ་ཆེན་སྡེ་བཞིས་ཁྲོ་ཞིང་གཏུམ་པའི་ངང་ནས་སྡོམ་ཤོར་ཁྱོད་ཅིའི་ཕྱིར་འདིར་ཐོན་པ་ཡིན་ཟེར་བ་འདྲ་ཞིང་། སྲིད་པ་འཁོར་ལོ་ལས་གསལ་བའི་དམྱལ་བའི་བཙོ་སྲེག་ཚ་གྲང་གི་སྡུག་བསྔལ་མྱོང་མཁན་གྱི་རི་མོ་དྲུས་མ་དག་གི་ནང་རང་ཉིད་ཚུད་པའི་སྣང་བ་ཞིག་ཤར། དེ་དག་མཐོང་བའི་མོད་ལ་ དངངས་ཤིང་འཚབ་སྟེ་རེ་ཞིག་རི་མོ་བྲིས་པ་ལྟར་གྱུར། ཨ་ཞང་མཐུ་སྟོབས་ཀྱིས་“ཁྱོད་དེ་རིང་ངོ་མདོག་ཤོར་ལུགས་བལྟས་ན་ནད་ཅིག་ཐེབས་སམ་”ཞེས་དྲིས། “ཁོག་ནང་ཅུང་ཟད་གཟེར་སོང་”ཞེས་ལན་མདོར་བསྡུས་ཤིག་བཏབ་སྟེ་མལ་དུ་བསྡད། གཉིད་ཟེར་བ་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་སྤངས་པ་ལྟར་མགོར་ཡོངས་ཐབས་མེད་ལ་བློ་རིག་ཇེ་གྲུང་དུ་གྱུར་ཏེ་བསམ་བློ་འདྲ་མིན་འཁོར། སྡོམ་པ་ཤོར་བས་ཕ་མའི་ཆེད་དུ་གཡར་དམ་བྱས་པ་ལས་འགོངས་ཤིང་མི་མང་པོའི་རེ་བ་སྟོང་ཟད་དུ་གྱུར་སོང་སྙམ་ནས་སྐྱོ་བ་དང་། ཡང་ཡུན་རིང་ཆགས་པའི་སྙིང་སྡུག་མ་གང་གི་ཉིང་བཅུད་འཐུང་བའི་རེག་བདེ་ལ་བསམ་ནས་དགའ་བ་གྱུར། གཞན་གྱི་མིག་སྔར་སྔོ་ལོ་བསག་ཏུ་དོགས་ནས་གྲྭ་ཆས་གྱོན་ཏེ་དགོན་ནང་དུ་ཡུན་རིང་འདུག་འདོད་བྱུང་རུང་ཆོས་སྐྱིད་ཀྱིས་འགུག་པ་དང་དམ་ཉམས་མགོ་རིལ་གྱིས་རང་ཚོད་མ་ཟིན་རྐྱེན་ཡང་དང་ཡང་དུ་གྲོང་པའི་ཆོས་འཇུག་ཅིང་མཐར་མངོན་གསལ་གྱི་སྐྱ་སར་བབ། ཕ་མའི་གཅེས་ནོར་དུ་གྱུར་པའི་གཟི་ཆུ་མིག་གཉིས་པ་ཡང་ཆོས་སྐྱིད་ལ་སེམས་རྟེན་དུ་སྤྲད། དོན་འགྲུབ་ཚང་དུ་ཐོན་ནས་ཟླ་བ་དྲུག་ཙམ་གྱི་རྗེས་ནས་ཆོས་སྐྱིད་ཀྱིས་ཁ་གཡར་ས་མང་པོ་བཙལ་ནས་ཉལ་པོར་མི་བྱེད་པ་དང་། ཟག་བྱེད་ལ་རེག་དུག་དང་གྲང་གཉན་ཡོད་རབས་བཤད་དེ་སྨན་ཁང་དུ་ཁེར་འགྲོ་ཐེངས་མང་བྱེད། ཡོ་ཡོས་དོགས་པ་ཙམ་ཡང་མ་བྱས་པར་ཡིན་ཤག་ཤག་བྱས་ཀྱང་མཐར་ཤོག་བུས་མེ་གཏུམ་མི་ནུས་པའི་ཚུལ་ལྟར་ག་ཤེད་གཅིག་ནས་དགའ་རོགས་ཤིག་བཙལ་རབས་གོ། འཇམ་རྩུབ་གཉིས་ཆར་གྱི་ངག་ཚིག་གིས་དྲིས་ཀྱང་མཐར་འཐབ་ཚིགས་སུ་གྲུབ། ཆོས་སྐྱིད་ཀྱིས་“ཁྱོད་དང་མཉམ་དུ་མི་སྐྱེལ་དགོས་ན་མུ་གེས་ཤི་རྒྱུ་རེད་”ཅེས་སྨྲས་ཏེ་མཐར་བཟང་སྐོར་མའི་ཕོ་སར་དངོས་གྲུབ་ཟེར་བའི་རྒྱུ་ཆེན་སྐྱེས་ཡག་ཅིག་དང་མཉམ་དུ་བྲོས་སོང་། མདོར་ན། དོན་འགྲུབ་ཚང་གིས་བྱམས་པོ་བྱེད་པ་ནི་ཤན་པས་གཡག་གསོ་བ་བཞིན་དུ་གཟི་ལག་ཏུ་ལོན་པའི་གཡོ་སྒྱུ་བཤམས་པ་ཡིན་པར་ཤེས། དེ་ལྟ་བུའི་བརྒྱུད་རིམ་ཞིབ་ཅིང་ཕྲ་བ་ལ་བསམ་བློ་བཏང་ནས་དོན་འགྲུབ་ཚང་ལ་འཁོན་འཛིན། གཟི་ཆུ་མིག་གཉིས་པའི་རིན་ཐང་སོགས་ལ་བསམ་ནས་ཞེ་ནས་སྐྱོ་ཞིང་ངུ་སྐད་ཡིད་ཚིམས་པ་རེ་རྒྱག་གི་ཡོད་ཀྱང་དེ་དག་ནི་ཕྱིར་མི་ལྡོག་པའི་ས་རུ་དེངས།
འགྲོ་རོགས་གྲིབ་མ་ནག་རིལ་དང་ཉལ་རོགས་པུས་མོ་སྐྱ་རིལ་ཟེར་བ་མ་གཏོགས་ཁོ་ལ་སྙིང་ཉེ་མཁན་གཅིག་ཀྱང་མེད་ལ། སྔར་ཁོ་ལ་བུད་མེད་མང་པོས་མིག་བརྡ་ལག་བརྡ་སྟོན་པ་ནི་ཁོ་པའི་གཟི་ཡི་རིན་ཐང་ལ་དམིགས་ནས་ཡིན་པ་ལས་ཁོ་རང་ཉིད་ཀྱི་སྐྱེ་གཟུགས་ལ་སྨོན་ནས་མིན་ཚུལ་ལ་ངེས་པ་རྙེད། ཡིད་ཆེས་དང་འགྱོད་གདུང་། ཁོང་ཁྲོ་དྲག་པོ་ལངས་སྐབས་དོན་གྲུབ་ཚང་ལ་དམིགས་ནས། “ནད་ངན་གྱིས་ཤི་རྒྱུ་དང་། གྲི་ཤི་འགྲོ་བར་ཤོག་དང་། ཡུག་ས་ཐེངས་དགུ་ལྷག་པར་ཤོག་”ཅེས་དམོད་བོར་བཞིན་ཡོད། ཡོ་ཡོའི་འཚོ་བ་ལ་དཀའ་ཁག་ཅུང་ཟད་འཕྲད་པས་རླངས་འཁོར་བཙོངས།དེའི་རིན་གྱིས་འདྲུད་འཁོར་རྙིང་པ་ཞིག་ཉོས་ཤིང་ལྷག་མ་ཟས་གོས་ལ་སྤྱོད། འདྲུད་འཁོར་བཏང་ནས་ཞོར་ལས་ཅུང་ཟད་རེ་བསགས་ཐབས་བྱས་ཀྱང་སྟབས་མ་ལེགས་པ་ལ། འདྲུད་འཁོར་ནང་དུ་གདུང་མ་དབོར་འདྲེན་བྱེད་སྐབས་རི་ངོས་ལས་འགྲིལ།ཁོ་རང་མཆོངས་ཐུབ་པ་མ་གཏོགས་འདྲུད་འཁོར་གཏོང་ཐབས་མེད་པར་གྱུར། ཆག་རོ་ལྷག་མ་རྣམས་འཕྲུལ་རྟ་ཞིག་དང་བརྗེས།
ཨ་ཞང་མཐུ་སྟོབས་ཀྱིས་སེམས་ཀྱིས་མ་བཟོད་པར་ཁོ་རང་ལ་ཟས་ལྷག་ཕྲན་བུ་བྱུང་བ་རྣམས་ཡོ་ཡོ་ལ་འཕྲོད་པར་བྱེད། ད་དུང་ཡོ་ཡོའི་གྲོགས་པོ་གྲྭ་པ་འགའ་ཞིག་གིས་གྲོང་ཆོག་ལས་ཐོབ་པའི་དགུང་ཚིགས་དང་།སྒོར་མོ་བརྒྱ་ཁ་རེ་ཡོ་ཡོ་ལ་བྱིན།དེ་དག་ནི་དུས་སུ་བབ་པའི་ཆར་ལྟར་ཡིན་ལ་ཡོ་ཡོ་ལ་ཆེས་སེམས་སྐྱོ་བའི་གཞི་མར་འགྱུར་བྱེད་དེ་ཡང་རེད། ཁོ་གྲྭ་པ་ཡིན་དུས་ཨ་ཞང་མཐུ་སྟོབས་ལ་དེ་འདྲ་སྲི་ཞུ་བསྒྲུབས་མ་མྱོང་ཞིང་རོགས་པ་རྣམས་ལ་ཡང་ཕན་ཐོགས་མ་མྱོང་། རུ་ཁག་གཅིག་གི་ནང་དུ་དབུལ་སྐྱོར་བྱ་ས་གཙོ་བོ་དེ་ནི་ཡོ་ཡོ་ཡིན་ལ་ལོ་སར་གྱི་སྐབས་སུ་གྲོང་ཚོ་དེ་གའི་མི་རྣམས་ཀྱིས་ཁོ་ལ་ཟས་སྐལ་འཁྱེར་བཞིན་ཡོད། དེ་ལྟ་བུའི་འ་ཆད་འུ་ཐུག་གི་འཚོ་བ་སྐྱེལ་བའི་དུས་སུ་ཐོན་རུང་གཉེན་ཉེ་དང་མི་སྐོར་ཞིག་གིས་བཤད་ན། ཡོ་ཡོ་ལ་རོགས་མ་བྱས་པར་བསྐྱུར་དགོས་རྒྱུ་དེ་ཡིན། ཁོ་རང་དབང་རང་ལ་ཡོད་དུས་དགོན་པའི་བཀའ་ལ་མ་བརྩི། ཕ་མའི་ཁ་ཆེམས་མ་བསམ། ཉེ་བའི་ཁ་ལ་མ་ཉན། སུ་ཞིག་གི་ཁ་ལ་མ་ཉན་པར་འཁོར་བ་ནང་ལྕེབས་པ་རེད། ད་ནི་ཁོ་ལ་རྣམ་སྨིན་མྱོང་དུ་བཅུག་ནས་རང་མགོ་རང་ཐོན་ཨེ་ཡོང་བལྟ་རུ་བཅུག་དགོས་ཟེར། མདོ་མེད་འཁྱམ་པོའི་འཚོ་བ་སྐྱེལ་བའི་དུས་སྐབས་ཏེ། ཉིན་ཁར་ཐོབ་པའི་སྒོར་མོ་རྣམས་«བདེ་སྐྱིད་ཆང་ཁང་»ཞེས་པའི་ནང་དུ་ཞབས་ཕྱི་མ་དཀར་ཤ་དམར་མདངས་ཅན་འགའ་ཞིག་གི་ངོར་ངོ་སོ་མེད་པར་སྦི་རག་དང་བརྗེས་པའི་སྲོལ་ངན་ཞིག་ཆགས།
ཞག་གཅིག་ལ་《བདེ་སྐྱིད་ཆང་ཁང་》དུ་བདེ་སྐྱིད་ཕྲན་བུ་དོན་དུ་གཉེར་སྐབས་ཁོ་ལ་ནོམ་པ་ངོམ་རིན་ཡོད་པའི་རྒྱུ་དངོས་ཏེ་འཕྲུལ་རྟ་ནི་མིག་སྐྱག་ཕྱིས་པ་བཞིན་གར་སོང་ཆ་མེད་དུ་གྱུར། དེ་ནི་སྡུག་བསྔལ་གྱི་ཐོག་སྡུག་བསྔལ་བརྩེགས་པ་རེད། ཁོས་བསམ་པར།རང་ཉིད་ནི་ལས་ངན་ནང་གི་ལས་ངན་ཞིག་སྟེ། སྦོ་ཞབས་ཀྱི་རྒན་མོ་མི་དབང་བས་མི་ཚད་ད་ནི་རྐུབ་འོག་གི་འཕྲུལ་རྟ་ཡང་མི་དབང་བ་རེད། ངས་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ་ཞེས་མགོ་བོ་འཕུར་ཞིང་ཅ་ཅོ་སྒྲོག ཁོ་ལ་ངན་བཏགས་བཟོ་མཁན་གྱི་མི་དག་གིས། “ཡོ་ཡོ་མ་རེད་མེད་མེད་རེད། ཡོད་རྒྱུ་སྣ་ཁ་གཅིག་ཀྱང་མེད། ཁང་པ་ས་ཞིང་རྟ་ཟོག་མེད།། རྒན་མོ་བུ་ཕྲུག་གཅིག་ཀྱང་མེད་”ཟེར། ངོ་མ་རེད། ལོ་གཅིག་གཉིས་ཀྱི་གོང་དུ་ཅི་ཡང་ཡོད་ལ་ད་ལྟ་ཁོ་ལ་རྒྱུ་མེད། བླ་ཤོར། གཡང་ཉམས། སྡོམ་པ་ཤོར། མདོག་ངན། མདོར་ན་ཐན་སྣ་དགུ་འཛོམས་ཀྱི་དཔེ་ལྟར་རེད། དེ་ཡང་སྔོན་ཡོ་ཡོ་སྐྱ་སར་བབ་མ་ཐག་ཏུ་མི་ཚོའི་སྔུན་ན་ཡོ་ཡོས་འདི་སྐད་ཐལ་ཏེ། “ང་ཡོ་ཡོ་ཟེར་ན་ཡོད་པོ་ཡིན།། གཟི་ཁྲ་ཆུང་འཛམ་གླིང་གཡས་བཞག་ཡོད། ། གཞི་འཁོར་བ་རྒྱ་མཚོ་འདྲ་ཞིག་ཡོད། བཟའ་ཚེ་རོགས་འབྲུག་མོ་འདྲ་ཞིག་ཡོད་”ཟེར་ནས་ཧམ་པ་གང་ཆེ་བཤད་མྱོང་། མི་ཁ་གཏམ་ངན་སྣ་ཚོགས་ཀྱིས་སྒོ་ཀུན་ནས་གཙེས་ཤིང་ཚེ་འདིར་ལྟོ་གོས་གཏམ་གསུམ་ཞིག་ཡོད་པར་མ་བྱས་ན་མི་ཡི་སྔུན་ན་སྔོ་ལོ་བསགས་ནས་འདུག་དགོས་རྒྱུ་རེད་སྙམ། བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བསྒྲིམས་མཐར་ཐག་གཅོད་སྣ་ཁ་གསུམ་སྟེ། ཟླ་ཕོགས་ཉིས་སྟོང་ལྔ་བརྒྱ་ཅན་གྱི་ཝ་རི་སློབ་ཆུང་གི་བོད་ཡིག་དགེ་རྒན་དུ་འགྲོ་སར་ཨེ་རྙེད་བལྟ་རྒྱུ་དང་གཅིག ། ས་གཞན་དུའམ་རྒྱ་ཡུལ་དུ་སོང་ནས་རྐུ་བྱེད་པ་དང་གཉིས། ས་གཞན་དུ་སོང་ནས་བླ་རྫུན་བྱས་ཏེ་ཨ་མཆོད་ལ་འགྲོ་བ་དང་གསུམ་མོ།། ཐབས་དེ་གསུམ་ལས་གང་དགའ་འདེམས་སྐབས་སུ་ཕྱི་རོལ་དུ་མི་ཞིག་གིས་འབོད། མི་དེ་ནི་རྒྱ་རྐུན་གྲགས་ཅན་ཞིག་སྟེ་“མར་མགོ་”ཟེར་བ་དེ་རེད། ཁོ་ཆུང་དུས་ནས་དུད་ཚང་ཞིག་གི་སར་མར་བརྐུས་མྱོང་བས་མིང་ལ་མར་མགོ་ཞེས་ཐོགས། མར་མགོས་ཡོ་ཡོ་འབོད་དོན་ནི་སང་ཉིན་ཁོང་ཚང་གི་རྒྱ་རའི་ནང་དུ་ཨར་འདམ་ཞལ་དགོས་པས་གླ་རུ་ཤོག་ཅེས་པ་དེ་རེད། ཡོ་ཡོ་དེ་མུར་རྟེན་འབྲེལ་ལ་བརྟགས་ཏེ་མར་མགོའི་རྗེས་སུ་འབྲང་ན་དོན་ཞིག་འགྲུབ་པར་ཡིད་ཆེས་ཤིང་གོ་སྐབས་མ་ཤོར་བར་བྱ་དགོས་སྙམ། གཟའ་འཁོར་གཅིག་ཙམ་གྱི་རྗེས་སུ་ཡོ་ཡོ་ནི་མར་མགོ་དང་མཉམ་དུ་རྒྱ་ཡུལ་ལ་ཐོན་སོང་ཟེར། ཨ་ཞང་མཐུ་སྟོབས་ཀྱིས་ཕྲེང་བ་ལག་པས་འདེད་བཞིན་ཡོ་ཡོས་ལས་ཉེས་བྱ་ཉེས་བཟོས་ཏེ་བཙོན་ཁང་དུ་ལྷུང་བར་ངེས། ཨུ་ཧུ། མི་འདི་ཚོ་ཞེས་ཟེར་རོ།།