ལོ་དེའི་དགུན་ཁར།

སྤྱང་རྒྱལ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-23


        དབྱིན་ཡིག་ཉན་འབྲི་བྱས་ཚར་སོང་། འཚོགས་ཐེངས་གཉིས་པ་དང་གསུམ་པ་ལ་ང་ཚོར་རང་སྦྱོང་བྱེད་དུ་བཅུག གནམ་གཤིས་སམ་ཅི་ཞིག་གི་དབང་གིས་ཡིན་པ་ཧ་གོ་མ་བྱུང་མོད། གང་ལྟར་ལུས་ཡོངས་ངལ་དུབ་ཀྱིས་ཁེངས་ཏེ་དངོས་ནས་ཆད་ནི་ཞིག་རེད། དགྲ་འདུལ་ངའི་འདུག་གྲོགས་ཡིན་ལ་ཁོ་ལའང་ཕལ་ཆེར་དཔེ་ཆར་ལྟ་འདོད་མེད་པ་འདྲ། དེ་ནས་ངེད་གཉིས་མ་གྲོས་གཅིག་མཐུན་ངང་ལབ་གླེང་བྱས་པ་ཡིན། དགྲ་འདུལ་གྱིས་ང་ལ་རང་གི་ཉེ་ལམ་གྱི་གཏམ་རྒྱུད་བཤད་པ་འདི་ལྟར་ཏེ།

        ཁ་བའི་འདབ་མས་སྒེག་ཉམས་སྟོན་པ་བཞིན་ཕར་གཡོ་ཚུར་གཡོའི་ངང་དལ་བུར་མར་འབབ་ཀྱིན་འདུག་ལ། ངས་མྱུར་དུ་སུམ་རྟགས་ཀྱི་དཔེ་ཆ་རུམ་ལ་བཅུག་ནས་ཡུལ་ཚོའི་སློབ་ཆུང་གི་ཕྱོགས་སུ་བརྒྱུགས། ང་ཚོའི་ཡུལ་ཚོ་ནས་དབྱར་གནང་དང་དགུན་གནང་གི་སྐབས་སུ་སུམ་རྟགས་དང་། ལོ་རྒྱུས། ཚད་མ་སོགས་ལ་གསབ་སྦྱོང་འཚོགས་པ་རེད། ང་སློབ་ཁང་དུ་ཐོན་དུས་སློབ་ཁྲིད་འགོ་བརྩམས་ཟིན་ལ་ང་ཅུང་རྗེས་སུ་ལུས་འདུག ད་དུང་ང་ནམ་རྒྱུན་སྡོད་ས་རུ་མི་གཞན་པ་ཞིག་བསྡད་འདུག་ལ་ངས་མྱུར་དུ་ཚབ་བེ་འཚུབ་བེའི་ངང་ནས་ཕར་ལྟ་ཚུར་ལྟ་ཞིག་བྱས་པ་ན། དྲ་མའི་འགྲམ་དུ་བུ་མོ་ངོ་ཞང་གོར་གོར་དང་མིག་ཆེ་ཞིང་ཆ་ག་ཅན། སྐྲ་ལོ་ནག་ཅིང་རིང་ཐུང་ཚད་དང་ལྡན་པ། གཟུགས་པོ་ཅུང་རིང་ལ་ཚོ་སྐམ་རན་པ། ད་དུང་བྲང་སྐྱེས་རབ་ཏུ་སྨིན་པ་ཅན་ཞིག་ཡོད་པ་དེའི་གམ་དུ་སྡོད་དགོས་བྱུང་། དེ་ལྟར་སྣ་ལ་ཞིམ་པའི་ཁོ་མོའི་དྲི་ངད་ཀྱི་གམ་ནས་སྔ་དྲོའི་སློབ་ཁྲིད་གྲོལ་སོང་། ཡིན་ནའང་ངའི་དེ་རིང་གི་སློབ་ཁྲིད་དག་ཟིན་བྲིས་སུ་གཅིག་ཀྱངབཀོད་མ་ཐུབ། རྒྱུ་མཚན་ང་ད་ནངས་ཁྱིམ་ནས་འོང་དུས་སྨྱུ་གུ་འཛིན་རྒྱུ་བརྗེད་སོང་བས་ཡིན། ངས་ནག་པང་ལ་ཅེར་ནས་སྡོད་སྐབས་འགྲམ་གྱི་བུ་མོ་དེས་ལྷད་མ་འདྲེས་ཤིང་སྙིང་ལ་རྗེ་བའི་འཛུམ་ཆུང་ཞིག་དང་ལྷན་དུ་མོ་རང་གི་ཟིན་དེབ་དང་སྨྱུ་གུ་གཉིས་ངའི་ཅོག་ཙེའི་སྟེང་དུ་བཞག་ནས་བཤད་རྒྱུར”དེ་རིང་གི་ཟིན་བྲིས་ངས་ཚང་མ་ཟིན་དེབ་ངོས་ལ་བྲིས་ཡོད། ཁྱོད་རང་གིས་ཕོབས་ནས་ཟིན་དེབ་ཕྱི་དྲོ་སྤྲོད་དང་ཆོག”ཅེས་བཤད་ནས་སུམ་རྟགས་ཀྱི་དཔེ་ཆ་མཆན་འོག་ཏུ་བཅུག་ནས་གླུ་དབྱངས་ཤིག་ལ་ཉན་ཞོར་དུ་བུད་སོང་། ངས་མྱུར་དུ་དེ་རིང་གི་ཟིན་བྲིས་དག་མར་ཕབས་རྗེས་ཁྱིམ་དུ་དྲོས་ཇ་འཐུང་དུ་སོང་བ་ཡིན་ལ་ལམ་བར་ཧྲིལ་བོར་ད་བྱས་ཀྱི་སྙིང་ལ་ཟུག་པའི་འཛུམ་མདངས་དེ་རྐྱང་རྐྱང་མིག་ལམ་དུ་འཁོར་ནས་ཁྱིམ་དུ་ཇི་ལྟར་ཐོན་པ་ཧ་གོ་མ་བྱུང་། ངས་དྲོས་ཇ་བཏུང་ཚར་རྗེས་སེམས་སུ་མྱུར་དུ་གསབ་སྦྱོང་ལ་འགྲོ་དགོས་པའི་ཚོར་བ་ཞིག་ངང་གིས་སྐྱེས་འོང་ལ། ཅི་ཞིག་གིས་བསྒུག་ཡོད་པ་ལྟ་བུའི་སྣང་བ་ཞིག་ཡུན་གྱིས་འབུས་ནས་ཐོན་བྱུང་། ངའི་ཚོར་བ་དང་སྣང་བའི་ཀློང་ནས་ལུས་པོ་ལ་ཁ་ལོ་བསྒྱུར་མ་ཐུབ་ཅིང་རང་དབང་མེད་པར་སློབ་གྲྭའི་ཕྱོགས་སུ་སྙིང་ལ་ཕོག་པའི་འཛུམ་ཆུང་དེ་དྲན་ནས་ཆས་སོ།།

        ང་རང་ཁ་བའི་ཁྲོད་དུ་གོམ་པའི་ཧྲིག་སྒྲ་དང་འགྲོགས་ནས་སློབ་གྲྭ་ནང་དུ་ཐོན་དུས་ར་བའི་ནང་དུ་ཁངས་ལས་མཐོང་རྒྱུ་མི་འདུག་ལ་ཡོད་ཚད་སྐྱ་སིང་ངེར་ཅི་འདྲའི་སྟོང་བ་ཞིག ང་རང་ཐད་གར་སློབ་ཁང་ནང་དུ་སོང་ནས་དྲ་མའི་འགྲམ་དུ་འགྲེང་ནས་བསྡད་དེ་སྔ་དྲོའི་བུ་མོ་དེའི་སྐྱེ་གཟུགས་དང་བྱད་བཞིན་ལ་ཕྱིར་དྲན་བྱེད་སྐབས་གཞི་ནས་ཡིད་དུ་འོང་བ་ཞིག་ཡིན་པ་ཚོར། དེ་དང་ལྷན་དུ་ངའི་སེམས་སུ་མྱུར་དུ་མོ་དང་འཕྲད་འདོད་ཀྱི་འདུན་པ་ཞིག་འགོག་མེད་སྐྱེས་བྱུང་། དེ་ལྟར་ཟླ་བ་གཅིག་ཙམ་འཆར་སྣང་དང་རྨི་ལམ་གྱི་ཁྲོད་ནས་དྲན་པ་དང་རྣམ་དག་ལ་འདྲེས་ནས་ཡལ། ཟླ་གཅིག་ཙམ་གྱི་རིང་དུ་ངས་མོ་ལ་རྒྱུས་ལོན་བྱས་པ་ནི་མོའི་མིང་ལ་ལྷ་མོ་སྒྲོལ་མ་དང་གཡག་ནག་སྡེ་བ་གོང་མ་ནས་རེད། དོ་དགོང་ཡང་ང་རང་སྔར་ལྟར་མག་མོོག་གི་ཟླ་འོད་འོག་ཏུ་གཡག་ནག་སྡེ་བ་གོང་མར་མིག་དང་སེམས་ཀྱི་དབང་བོ་ཤོར་ཞིང་ཡིད་ན་བསྒོམས་པའི་མཛའ་ན་མོའི་ཕྱོགས་སུ་རྨི་ལམ་ཉུལ།
        ཉི་འོད་ཀྱི་ཟེགས་མ་ལྷོད་ཀྱིས་ས་སྟེང་ལ་ཁྱབ་ཅིང་ངའང་མལ་ལས་ལངས་ཏེ་ནངས་ཇ་བཏུང་རྗེས་སློབ་གྲྭའི་གཞོགས་སུ་སོང་། ང་རང་ཐད་ཀར་སློབ་ཁང་ནང་དུ་སོང་ནས་རང་གི་སེམས་ན་འཁྱིལ་བའི་དྲན་པའི་འདུན་པ་དང་དུང་བའི་རྣམ་དག་སོགས་འདི་ལྟར་ཤོག་ངོས་ལ་ཕབས་ནས་ལྷ་མོ་སྒྲོལ་མར་སྤྲད། "ཁྱོད་བདེ་མོ། ཁོ་བོའི་དང་ཐོག་ཁྱོད་མཐོང་བ་ནས་བཟུང་སེམས་སུ་གར་ཡོང་མ་ཤེས་པའི་དྲན་གདུང་ཞིག་ཡུན་གྱིས་འབུས་ནས་ཐོན་ལ། མིག་ལམ་དུ་ཡལ་རྒྱུ་མེད་པའི་འཛུམ་མདངས་ཤིག་གཏན་དུ་བརྐོས་ནས་བུད་སོང་། ཁྱོད་ཀྱིས་ང་ལ་ཟིན་བྲིས་གཡར་བའི་ཉིན་མོ་དེ་ནས་བཟུང་ཡིད་ལ་བརྗེད་ཐབས་མེད་པའི་བག་ཆགས་ཟབ་མོ་ཞིག་བཞག་སོང་ལ། ཁྱོད་དང་འཕྲད་ཐེངས་རེར་མེ་དཔུང་དང་ཉི་འོད་ཀྱིས་གཙེས་པ་བཞིན་ལུས་ཡོངས་རྔུལ་ཆུས་བརླན་ཞིང་སྤངས་བར་བྱས། དེ་རིང་སྤོབས་སེམས་ལ་སྙིང་སྟོབས་ཀྱི་གོ་ཆ་སྤྲད་ནས་སེམས་ཀྱི་ཡོད་ཚད་དང་བློ་ཡི་ཐམས་ཅད་འདར་མ་འདར་ངང་ཤོག་ངོས་སུ་བཤུས་ནས་ཁྱོད་ལ་བཤད་པ་ལགས།" ངའི་གདོང་ལ་འགྲམ་ལྕག་ཅིག་གཞུས་པ་ལྟར་ཚ་ལམ་ལམ་ངང་སྔ་དྲོའི་སློབ་ཁྲིད་འདའ་བར་བྱས། སློབ་ཁྲིད་གྲོལ་རྗེས་ལྷ་མོ་སྒྲོལ་མས་ཀྱང་འཚབ་བེ་ཚུབ་བེའི་ངང་ངའི་ཅོག་ཙེའི་སྟེང་དུ་ཤོག་ལྷེབ་ཅིག་བཞག་ནས་བུད་སོང་ཞིང་ཤོག་ལྷེབ་དེའི་ངོས་སུ་འདི་ལྟར་བྲིས་འདུག “ཁྱོད་ཀྱིས་ང་ལ་འདི་ལྟ་བུའི་རྣམ་དག་ཅིག་བཅོལ་བར་དངོས་གནས་བཀའ་དྲིན་ཆེ། འོན་ཀྱང་ང་ལ་དོན་དེའི་ཕྱོགས་སུ་དེ་འདྲའི་སྤྲོ་བ་མེད་པས་དགོངས་དག་ཞུ་”ཞེས་བཀོད་འདུག དེ་མཐོང་རྗེས་ངའི་བློ་ངོགས་སུ་སྐྱོ་སྣང་ཞིག་ཁད་ཀྱིས་འཇབ་ནས་ཐོན་བྱུང་ལ་ཅང་མ་འགོར་བར་འགོག་མེད་ཀྱི་སྤོབས་པ་ཞིག་ཀྱང་སྐྱེས་བྱུང་། དེ་ནས་ང་ཉིན་གུང་ཁྱིམ་དུ་དྲོས་ཇ་འཐུང་གི་མ་སོང་བར་ཕྱི་དྲོ་མོ་ཕྱིར་ཡོང་བར་བསྒུགས་ནས་བསྡད་པ་ཡིན། དེ་ལྟར་རེ་སྒུག་དང་ལྷག་བསམ་གྱི་ཀློང་ནས་ཕྱི་དྲོའི་སློབ་ཁྲིད་ཀྱང་རླུང་བུ་བཞིན་ཕྱོགས་ངེས་མེད་ཅིག་ཏུ་ཡལ། སློབ་གྲོགས་དག་རང་རང་གི་ཁྱིམ་དུ་ལོག་སོང་ལ་ལྷ་མོ་སྒྲོལ་མས་ཟིན་བྲིས་ལ་དག་བཅོས་བྱེད་བཞིན་འདུག དེ་ནི་ང་ལ་མཚོན་ན་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་པ་ངས་ཀྱང་ལོས་ཤེས། མོས་ཟིན་བྲིས་ལ་དག་བཅོས་བྱས་ཚར་ཏེ་འགྲོ་གྲབས་བྱས།
        སྐབས་དེར་ངས་ཡིད་ཀྱི་སྤོབས་པ་མཐའ་དག་ངག་ལ་དྲངས་ནས་མོའི་ལག་པའི་བཟུང་ནས་འདི་ལྟར་བཤད། "ལྷ་མོ་སྒྲོལ་མ། ཁྱོད་དངོས་གནས་ང་ལ་སྤྲོ་བ་ཅི་ཡང་མེད་དམ། ངས་བཤད་པ་ཐམས་ཅད་སྙིང་དམར་རྗེན་མའི་ངོས་ན་དོད་པའི་སྐད་ཆ་གསོན་པོ་ཡིན་ལ། ངས་ཁྱོད་ལ་གཏད་པ་ནི་རྣམ་དག་གི་ལྷག་བསམ་རྡོག་གཅིག་ལས་ལྷད་ལ་བསྲེས་པའི་གཡོ་ཁྲམ་ནི་ཅིས་ཀྱང་མ་ཡིན་ནོ།།" ཞེས་བཤད། མཚམས་དེར་མོའི་མཁུར་ཚོས་གཉིས་ནི་དམར་པོ་ཀུ་ཤུ་ལྟར་གྱུར་སོང་ལ་ཚུལ་དེ་ནི་སྔར་བས་ཀྱང་སྙིང་ལ་རྗེ་བོ་ཞིག མོས་ཅི་ཡང་མ་བཤད་པར་ཐད་ཀར་སློབ་གྲྭའི་སྒོ་ཆེན་ལ་ཁ་གཏད་ནས་བརྒྱུགས་སོང་། དེ་དུས་ངས་སྐད་ཅོལ་ཆེན་པོས་”ལྷ་མོ་སྒྲོལ་མ། ང་ཁྱོད་ལ་དགའ། ང་ནམ་ཡང་ཁྱོད་ལ་དུང་"ཞེས་བཤད་པ་ཡིན། སྤྲིན་ནག་གི་ཡོལ་བས་ཉི་མའི་འོད་ཟེར་བསྒྲིབས་ཤིང་གྲིབ་མའི་ལག་པའང་ནུབ་རིའི་ངོས་ནས་ཚུར་ལ་བསྲིང་འོང་གིན་འདུག དེ་དང་བསྟུན་ནས་ངས་ལྗིད་ཏིག་ཏིག་གི་གོམ་རེ་རེ་བཞིན་སྤོས་ནས་ཁྱིམ་དུ་ལོག
        ཕྱིར་ཉིན་ང་རང་སྔ་མོ་ནས་ཡར་ལངས་ཏེ་མགྱོགས་པོར་ནངས་ཇ་བཏུང་ནས་ལྷ་མོ་སྒྲོལ་མ་ཡོང་སའི་ལམ་ཁར་སོང་ནས་མོ་ཡོང་བར་བསྒུག་བསྡད་པ་ཡིན། གཟུགས་མེད་ཀྱི་ཙག་ངར་དང་སྙིང་རྗེ་མེད་པའི་གྲང་རླུང་དག་གིས་མགོ་བོ་ཡུན་གྱིས་མར་མནན། ལྷ་མོ་སྒྲོལ་མས་ལོ་རྒྱུས་དཔེ་ཆ་ལག་ཁུག་ཅིག་ཏུ་བསྡུས་ནས་ཕར་གཡུག་ཚུར་གཡུག་བྱེད་ཞོར་ཚུར་འོང་གིན་འདུག མོས་ང་མཐོང་དུས་མགོ་བོ་ཅུང་ཙམ་སྨད་ནས་སྔར་བཞིན་ངའི་ཕྱོགས་སུ་འོང་། མོ་ངའི་འགྲམ་དུ་ཐོན་རྗེས་ངས་ངག་ནས་"ཨེ་འཁྱག་གི"ཅེས་ཤོར་སོང་། མོས་ཅུང་ངོ་ཚ་བའི་ཉམས་དང་བཅས་མགོ་བོ་གཡུག་གཡུག་བྱས། དེ་ནས་ངེད་གཉིས་ཀྱིས་ཕན་ཚུན་ལ་ཅི་ཡང་མ་བཤད་པར་སློབ་གྲྭའི་ཕྱོགས་སུ་བསྐྱོད། ཡུད་ཙམ་སོང་རྗེས་མོས་རུམ་ལ་ལག་མྱོང་ཙམ་བྱས་ནས་ཕོད་མི་ཕོད་ངང་ང་ལ་ཡང་ཤོག་ལྷེབ་ཅིག་སྦྱིན། དེའི་འདི་ལྟར་བཀོད་འདུག”ངས་ཁྱོད་དང་ལེན་བྱེད་ཆོག”ཅེས་བྲིས་འདུག ངས་རང་ཉིད་ཀྱི་མིག་ལ་ཡིད་མ་ཆེས་ཤིང་ཡང་བསྐྱར་ཐེངས་གཅིག་བལྟས་པས་སྔར་བཞིན་”ངས་ཁྱོད་དང་ལེན་བྱེད་ཆོག་”ཅེས་གྲལ་འགྲིག་ལ་མིག་ཏུ་མཛེས་པའི་ཡིག་འབྲུ་རྡོག་པོ་འགའ་འཛུམ་དམུལ་དམུལ་ངང་གསལ་འདུག སྐབས་དེར་ང་རང་དགའ་བ་འབུམ་གྱིས་མྱོས་ཏེ་ཁོ་མོའི་ལག་པའི་བཟུང་སྟེ་"ཁྱོད་ཀྱིས་ངོ་མ་ང་དང་ལེན་བྱས་པ་ཨེ་ཡིན་"ཞེས་དྲིས། མོས་ངའི་རྣམ་འགྱུར་དེ་མཐོང་རྗེས་མིག་མཐའ་རུ་མཆི་མ་ཞིག་ངང་གིས་འཁྱིལ་ནས་ཐོན་ལ་རེ་ཞིག་ཅི་ཡང་མ་བཤད་པར་ངའི་གདོང་ལ་ཅེར་ནས་ལུས། མོའི་མིག་མདངས་ལ་བལྟས་ན་ང་ལ་ཁྱོད་ཅི་འདྲའི་གླེན་པ་ཞིག་རེདའང་ཟེར་བ་དང་ཀུན་ནས་མཚུངས་། ངས་མགྱོགས་པོར་མོའི་གདོང་གི་མཆི་མ་དག་ཕྱེས་ནས་”ངས་ནམ་ཡང་ཁྱོད་ཉིད་བློ་ཡི་ཟབ་སར་སྦས་ནས་བརྗེད་མི་སྲིད”ཅེས་བཤད་ཅིང་མོའི་ལག་པའི་བཟུང་ནས་སློབ་གྲྭའི་ཕྱོགས་སུ་སོང་། ཉི་མ་དེ་ནས་བཟུང་ངའི་སེམས་སུ་བྱ་བ་ཞིག་ལེགས་འགྲུབ་བྱུང་བ་བཞིན་སྤྲོ་སྣང་ཞིག་ཡལ་མེད་དུ་སྐྱེས་འོངས་ལ་དེ་ནི་ཅི་འདྲའི་སྨྲ་སྒོར་ཡོང་དཀའ་བའི་ཚོར་བ་ཞིག་རེད།
        སང་ཉིན་ནས་བཟུང་ཡང་སློབ་སྐབས་གསར་བ་ཞིག་གི་འགོ་ཚེས་ནི་རེད། ང་དེ་རིང་རྫོང་མཁར་དུ་ཡོད་ལ་སང་ཉིན་མིང་ཐོ་འགོད་རྒྱུ་རེད། ངས་ཁ་པར་ཡར་བླངས་ནས་ལྷ་མོ་སྒྲོལ་མའི་ཨང་གྲངས་བཙལ་ཏེ་མོ་ལ་ཁ་པར་བཏང་། འོན་ཀྱང་མོས་ཁ་པར་ལ་ཉན་མ་བྱུང་། ངས་སྔར་ལྟར་ལན་འགར་བཏང་ཡང་ཉན་མཁན་ཡོད་མ་བྱུང་། སྐབས་དེར་དུས་ཚོད་བཅུ་གཉིས་སུ་སླེབས་འདུག ཡིན་ཡང་ང་བློ་མ་བདེ་བར་རྫོང་མཁར་ནས་ཡུལ་ཚོ་རུ་མོ་ལ་བལྟ་རུ་སོང་། ང་མག་མོག་གི་ཟླ་འོད་འོག་ཏུ་ནག་ཡོར་ཡོར་ངང་གྲང་རླུང་གདོང་གིས་བསུས་ཏེ་སོང་བ་ཡིན། ང་རང་ཅི་འདྲ་སོང་ཡང་ལམ་ཐག་དེ་འདྲ་རིང་བ་བཞིན་ཐོན་རྒྱུ་མི་འདུག་ལ་དེ་ནི་ཕལ་ཆེར་ངའི་སེམས་འཚུབ་པས་དང་ནི་ཡིན་རྒྱུ་རེད། ཟླ་བ་ནུབ་རིའི་ཕག་ལ་ཡིབས་ནས་བུད་སོང་ལ་ང་རང་ད་གཟོད་དུས་ཡུལ་ཚོར་ཐོན་པ་ཡིན་ཞིང་སྐབས་དེར་དུས་ཚོད་བཞི་བར་སླེབས་འདུག ངས་བྲེལ་བྲེལ་ཚུབ་ཚུབ་ངང་ནས་ཡང་བསྐྱར་ལྷ་མོ་སྒྲོལ་མར་ཁ་པར་ཞིག་བཏང་བ་ཡིན། སྐབས་དེར་མོས་གཉིད་མ་སད་ཀྱི་ངང་ནས་ཁ་པར་ལ་ཉན་བྱུང་། ངས་མོ་ལ་གོང་གི་བྱུང་ཚུལ་དེ་དག་བཤད་རྗེས་མོས་ང་ལ་སྙིང་རྗེ་བའམ་ཡང་ན་མོ་རང་ཉིད་ལ་སེམས་འགུལ་ཐེབས་པ་ཅི་ཡིན་ཧ་མ་གོ་མོད། གང་ལྟར་མོ་ངུ་མ་ལུགས་ཀྱི་ཚུལ་དུ་"ཁྱོད་ད་ལྟ་གང་ན་ཡོད་"ཟེར། ངས་"ང་ད་ལྟ་ཁྱོད་ཚང་གི་ར་སྒོ་རུ་ཡོད"ཅེས་བཤད་རྗེས་མོས་ལན་དུ་ཅི་ཡང་བཤད་མ་བྱུང་། ཡུད་ཙམ་འདས་རྗེས་ཙིར་སྒྲ་ཞིག་དང་ལྷན་དུ་མོ་ཚང་གི་ར་སྒོ་ཕྱེས་བྱུང་ལ་ནང་ནས་ལྷ་མོ་སྒྲོལ་མ་བུད་བྱུང་། མོ་ཐད་ཀར་ཚུར་བརྒྱུགས་འོང་སྟེ་ངའི་བྲང་ཁར་མགོ་བོ་གླན་ནས་ཡིད་ཚིམ་པ་ཞིག་ངུས་རྗེས་གཞི་ནས་ཁ་གྲག་བྱུང་། མོས་བཤད་པར"ཁྱོད་དངོས་ནས་གླེན་པ་ཞིག་རེད"ཟེར། ངས་མོའི་གདོང་ལ་ཅེར་ནས"ཅི་ལ"ཞེས་མ་རངས་པའི་ཉམས་བསྟན། མོས་མི་སེམས་བསླུ་བའི་འཛུམ་མདངས་ཤིག་དང་ལྷན་དུ་”ད་ཅི་ངས་ཁ་པར་ལ་མ་ཉན་པ་ནི་ང་གཉིད་སོང་ནི་ཡི་རྒྱུ་རེད། ཁྱོད་ངོ་མ་གླེན་པ་ཞིག་རེད་"ཅེས་ངའི་ཕྲག་པར་མགོ་བོ་གླན་ཏེ་མིག་གིས་སྐར་ཚོགས་ལ་བལྟས་ནས་དེ་ལྟར་ལབ་བྱུང་། སྐབས་དེར་ངས”དེ་ང་གླེན་དྲགས་ནི་མ་རེད། ང་ཁྱོད་ལ་དགའ་དྲགས་པས་རེད་”ཅེས་རང་དབང་མེད་པར་ངག་ནས་ཤོར་སོང་། དེ་ལྟར་ངེད་གཉིས་ཀྱིས་ཁྲ་ལམ་ལམ་གྱི་སྐར་ཚོགས་འོག་ནས་དགོད་སྒྲ་དང་རྣམ་དག་ལ་འགྲོགས་ནས་ལྷད་མེད་པའི་ལབ་གླེང་སྣ་ཚོགས་བྱས། མཚན་མོ་དེ་ངའི་སེམས་སུ་དུ་ཞོ་ལྟར་བསྙལ་ནས་སྒུལ་མ་མྱོང་ལ་རུམ་དུ་ཉར་ནས་དོར་ཐབས་མེད།
དགྲ་འདུལ་གྱིས་བཤད་མཚམས་དེར་ཐོན་དུས་ཏག་ཏག་སློབ་ཁྲིད་གྲོལ་བའི་དྲིལ་བརྡའང་གྲག་བྱུང་ངོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1