བཤིན་ཡང་གཙང་འགྲམ་སྲོད་ཁར་སྐྱེལ་ཆང་བབས། །
དམར་སེར་སྟོན་ལོ་སྒྲོལ་སྔོན་མེ་ཏོག་ལྷན། །
སྐྱེལ་མི་རྟ་བཤོལ་ཕེབས་མི་གྲུ་ལ་ཞུགས། །
ཞིམ་ཞིམ་སྐྱེམས་ཆང་གླེགས་རྒྱུད་སྒྲ་ཡི་ཉམས། །
ར་རོའི་སྟབ་སྟབ་ཕན་ཚུན་གྱེས་པའི་སྐབས། །
ཡམ་ཡམ་གཙང་རླབས་ཟླ་འོད་སིལ་མར་གྱུར། །
གཙང་ངོགས་པི་ཝང་སྒྲ་དབྱངས་རིམ་གྱིས་བཅར། །
སྐྱེལ་མགྲོན་གཉིས་པོ་སླར་ཡང་ངམ་ངམ་ཧང་། །
རམ་རམ་སྒྲ་ལས་སུ་ཞིག་ཉམས་ཀྱིས་འདྲི། །
པི་ཝང་སྒྲ་མཚམས་སྨྲ་འདོད་ནང་ནས་ཆད། །
གྲུ་ཆུང་རིམ་གྱིས་འགྲམ་བཅར་སྤྱན་མགྲོན་བྱེད། །
ཤག་ཤག་ཆང་བླུགས་ སྒྲོན་འོད་སྐྱིད་སྟོན་འཚོགས། །
སྟོང་ངམ་ཁྲི་ཡི་མཚམས་འདྲི་ད་གཟོད་བྱེད། །
གཞོགས་འདེགས་པི་ཝང་ངོས་ཕྱེད་བསྒྲིབས་པས་ཁེབས། །
ལག་སོར་རྒྱུད་སྐུད་རན་འཐེན་རེས་དང་འགར། །
གདངས་རྟ་མ་བསྒྱུར་གོང་ནས་ཡ་ཁོག་སེམས། །
རྒྱུད་རྒྱུད་སྐྱོ་ཕྲེང་དབྱངས་དབྱངས་སུན་པའི་ཉམས། །
མི་ཚེའི་མི་འདོད་གཉེར་མ་བརྩི་བ་བཞིན། །
གདོང་སྨད་ལག་སོར་འགུལ་བས་འཕྲོ་འཕྲོར་རྡུང་། །
གངས་དཀར་སེམས་སུ་ཤར་ཚད་ལྷུག་པར་གྲོལ། །
མཉེན་དང་ལྕུག་གིས་ཡང་ཡང་ལྡེམ་པ་ན། །
དར་ཟབ་བྲོ་གདངས་དབྱངས་དྲུག་རྟར་དྲངས་ནས། །
འདེགས་པའི་ང་རོ་ཤག་ཤག་དྲག་ཆར་ཉམས། །
ཕབ་པའི་དབྱངས་ངག་གསང་གཏམ་ཤུབ་བུ་ལྟར། །
ཝུན་ཝུན་ཀྲང་ཀྲང་འདེགས་དང་འཇོག་པའི་དབྱངས། །
ཆེ་ཆུང་རིན་ཆེན་གཞོང་པར་བྱུར་བླུགས་ལྟར། །
མཚམས་ཀྱི་འཇོལ་དབྱངས་ཆུ་སྐྱེས་ཡུ་བའི་གསེབ། །
ཀླུང་གི་ཆུ་སྒྲ་འཁྱགས་རོམ་རུམ་གཟིམས་དང་། །
ཆུ་མིག་འཁང་རུམ་གདངས་སྐད་སྲུབས་སུ་ཆད། །
ཆད་པའི་དབྱངས་ངག་ཆེ་ནས་ཆུང་མནལ་ལྷན། །
འཁང་དང་སུན་མནར་ཉམས་ཤིག་ངང་གིས་སྐྱེས། །
དེ་དུས་ངག་མེད་ངག་ལས་ལྷག་པ་ནི། །
དངུལ་བུམ་བརྡོལ་ལས་ཆུ་བཅུད་བཞུར་བ་དང་། །
འབུམ་རྫོང་དགྲ་གདོང་རལ་ཁས་གཤགས་པ་བཞིན། །
གདངས་ཀྱི་རོལ་མཇུག་སེམས་གཤིས་རི་མོ་དངོས། །
རྒྱུད་སྐུད་བཞི་ དབྱངས་ རས་ཡོལ་གཤགས་ཇི་ལྟར། །
ཤར་ནུབ་གྲུ་རྣམས་འཇམ་ཇག་འཇམ་ཇག་གེར། །
གཙང་ དབུས་སྟོན་ཟླའི་གཟུགས་འདི་འབའ་ཞིག་དཀར། །
སླར་ཡང་ལྷོད་ལྷོད་གདངས་ཀྱི་རྟ་ལས་ནི། །
ཆས་རྣམས་བདེར་བཅོས་གདོང་འདི་ཡར་བཏེགས་ནས། །
མ་གཞི་རྒྱལ་སའི་འབངས་མི་དཀྱུས་མ་སྟེ། །
ཁྱིམ་གཞིས་ཤ་མོའི་བང་སོའི་འདབ་རོལ་ན། །
བཅུ་གསུམ་ལོ་ནས་པི་ཝང་རོལ་དབྱངས་ཤེས། །
མིང་དུ་གྲགས་པའི་རོལ་ཁྱུ་དང་པོར་གྲགས། །
གདངས་ཀྱི་གར་ རེར་སུས་ཀྱང་ཞུམ་ཞིང་གུས། །
འགྲོས་ཀྱི་ཆ་བྱད་སྟོན་ཀའི་བུ་མོར་འགྲན། །
དུར་སྲུང་ གསར་བུས་ལག་རས་ཐོབ་ཏུ་རྩོད། །
གར་རེར་ལེ་བརྒན་ཟ་འོག་སྒོ་ཕྱིར་འགེངས། །
ཁྲ་ཅན་སྤྲིན་རིས་སྐྲ་ཤད་ས་ལ་སིལ། །
དམར་སྨུག་ཤམ་བུས་དང་བའི་ཆང་མདོག་བསླད། །
ད་ལོ་འཛུམ་ཉམས་སང་ལོར་དེ་དེ་བཞིན། །
སྟོན་ཟླ་དཔྱིད་རླུང་འཇམ་པོ་འཕྲོ་དང་འཕྲོར། །
མིང་ཆུང་དམག་ཞུགས་རྒས་འཁོགས་ངང་གིས་ཤི། །
ནུབ་དང་སྔ་དྲོ་དུ་མས་ལང་ཚོ་རྒུད། །
སྒོ་ཕྱིར་འགག་པའི་མགྲོན་རྣམས་རིམ་གྱིས་ཡལ། །
ལོ་ནར་སོང་ཚེ་ཚོང་པའི་བདག་མོ་བྱས། །
ཚོང་པས་ཁེ་སྤོགས་འབའ་ཞིག་ཉིད་ལས་མིན། །
སྔུན་ཟླར་ཆུ་ལམ་ཇ་ཚོང་བྱེད་དུ་ཕྱིན། །
འོང་བའི་རེ་སྒུག་གྲུ་ཁར་སྟོང་སྟོང་ངེ། །
གྲུ་ཡི་ཟུར་རྣམས་ཟླ་འོད་བསིལ་ལྷང་ལྷང་། །
དགུང་ཞིག་རྨི་ལམ་ནང་ནས་གཞོན་དུས་སླེབས། །
རྨི་ལམ་མིག་ཆུ་དམར་པོས་སྔས་འབོལ་བསླད། །
སྐྱོ་བའི་པི་ཝང་དབྱངས་ཤིག་ལྷང་ལྷང་དང་། །
དེ་ཡི་སྨྲེ་སྔགས་ཉིད་ཀྱང་གསལ་མ་གསལ། །
ཡུན་རིང་སྡུག་གིས་མནར་བ་འདྲ་བ་ལ། །
འཕྲད་འཕྲད་སྔར་འདྲིས་ཡིན་མིན་ཅི་ཕྱིར་དགོས། །
ཁོ་མོ་ན་ལོ་རྒྱལ་ས་ནས་བྲལ་ཏེ། །
འབྱུང་འཁྲུགས་ལུས་བཅས་འགོལ་བོར་བཤིན་ཡང་བསྡད། །
ས་འདི་གླུ་དང་གར་ལས་རྒྱང་ཆད་པས། །
ཁྱུད་ཁོར་བར་དུ་སྨྱུག་རྒྱུད་སྒྲ་ཙམ་དབེན། །
འདུག་གནས་ཡུལ་གྱི་གཤོང་སར་དང་ཉེ་བས། །
འདབ་དང་སྨྱུག་རྫོབ་ཁྱིམ་གྱི་སྒོ་ཕྱིར་གང་། །
དེའི་ནང་ཉིན་དང་མཚན་གྱི་ཁོར་མོ་ལ། །
བྱ་དང་སྤྲེལ་རྣམས་སྐྱོ་དབྱངས་ཡང་ནས་ཡང་། །
དཔྱིད་ཆུ་འདབ་ལྡན་སྟོན་ཟླ་མཁའ་ན་མཛེས། །
བསྙལ་བཟང་ཞིམ་ཆང་གྲོགས་མེད་གཅིག་པུས་འཐུང་། །
ལ་གླུའི་ ཡུལ་ཚོའི་འཕྲེད་གླིང་རྗེས་ཙམ་མེད། །
ཨོ་ཨོ་ཚུར་ཚུར་རྣ་བ་ཚ་བའི་རྒྱུ། །
དེང་ནུབ་སྐྱེས་བུས་པི་ཝང་སྒྲ་བསྒྲགས་པས། །
དྲི་ཟའི་རོལ་བཞིན་རྣ་བར་སྙན་རྒུས་སིམ། །
མ་བཞག་པི་ཝང་དབྱངས་རྟའི་རམ་ བཏེགས་ནས། །
སྐྱེས་བུ་ཁྱེད་ལ་པི་ཝང་མ་གར་བསྟན། །
དེ་ལ་སེམས་འགུལ་རེ་ཞིག་ཧད་དེ་ལུས། །
འདུག་བཞིན་རྒྱུད་འཐེན་རྒྱུད་སྐུད་བྲེལ་དོར་ཕྱིན། །
སྐྱོ་བའི་ཉམས་ཀྱིས་མིག་སྔའི་གཏམ་ལས་བརྒལ། །
ཡོད་ཚད་མིག་གི་མཆི་མ་ཡང་ཡང་འཐོར། །
དེའི་ནང་མིག་ཆུ་སུ་ཞིག་མང་བརྟག་རྗེས། །
ཅང་ཀྲོས་རུ་དཔོན་སྔོ་འགག་མིག་ཆུས་གཤེར། །