ཉེ་ཆར། བོད་རིགས་ཀྱི་རྒྱལ་འཛུགས་དམག་དཔོན་ཨ་པ་ཨ་བློའི་ཚ་བོ་ལི་ཐང་ཨ་འཕེལ་དང་ངོ་ཐུག་ཁ་བརྡ་བྱ་བའི་གོ་སྐབས་ཤིག་འཕྲད་སོང་། ཁོས་ཨ་པ་ཨ་བློའམ་མིང་གཞན་ཧང་ཀྲེང་ཆིང་(黄正清)སྐོར་གྱི་ངོ་མཚར་བའི་གཏམ་རྒྱུད་མང་དག་ཞིག་དང་། ད་དུང་ཁོ་ཚོ་རྗེས་རབས་པ་ཚོས་དྲན་གསོ་ཁང་ཞིག་འཛུགས་རྒྱུའི་གྲ་སྒྲིག་བྱ་བཞིན་ཡོད་པ་དང་། ད་ལོའི་ཟླ་བ་བཅུ་པ་ཙམ་དུ་ཨ་པ་ཨ་བློ་འདས་ནས་ལོ་20འཁོར་བའི་དྲན་གསོའི་བྱེད་སྒོ་ཞིག་སྤེལ་གྲབས་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་སོང་།
ཀན་ལྷོའི་ཕྱོགས་སུ་སྐད་གྲགས་ཧ་ཅང་ཆེ་བའི་ཨ་པ་ཨ་བློའམ་མིང་ངོ་མར་བློ་བཟང་ཚེ་དབང་དང་། རྒྱ་མིང་ལ་ཧང་ཀྲེང་ཆིང་(黄正清)ཟེར་བའི་མི་འདི་ནི་དེང་རབས་བོད་ཀྱི་ཆབ་སྲིད་ཐད་ཀྱི་མི་སྣ་གྲགས་ཅན་གྱི་གྲས་ཤིག་ཡིན་ཞིང་།
ཨ་པ་ཨ་བློ་སྔོན་བླ་བྲང་དགོན་དུ་བསྐྱོན་པའི་སྐུ་པར།
ཕིན་ཏའེ་ཧུའེ་(彭德怀)དང་ཞི་ཀྲུང་ཞུན་(习仲勋)སོགས་ཀྱིས་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་གསར་བརྗེའི་ལམ་ཕྱོགས་སུ་སྐྱོད་པའི་མིག་དཔེ་རུ་བརྩི་གནང་མཛད་ཡོད། ཁོང་ང་ཚོ་དང་ཁ་བྲལ་ནས་མི་ལོ་20ཙམ་སོང་རུང་། ཀྲུང་གོ་མི་དམངས་དང་ལྷག་པར་དུ་ཀན་ལྷོའི་རྩྭ་ཐང་ཐོག་གི་མི་དམངས་ཀྱིས་ཁོ་རང་དུས་ནམ་ཡང་བརྗེད་མེད་པ་རེད། མི་བརྗེད་པའི་རྒྱུ་མཚན་ཡང་ཁོང་གིས་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་གནང་ཕྱིར་ཁོང་གི་ནུ་བོ་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་དང་ལྷན་དུ་གནམ་གྲུ་30དང་། རྟ་ཆིག་སྟོང་། ལུག་ལྤགས་ཁྲི་གཅིག་བཅས་ཞལ་འདེབས་ཕུལ་བ་དང་།
ཀན་ལྷོའི་རྩྭ་ཐང་ཐོག་གི་མི་རྣམས་ཀྱི་སྣེ་ཁྲིད་ནས་མྰ་ཅྰ་ཅུན་(马家军)ལ་མཐའ་གཅིག་ཏུ་འགོག་རྒོལ་བྱས་ཏེ་ཀན་ལྷོ་མི་དམངས་སྡུག་བསྔལ་ལས་བསྐྱབས་པས་ཚང་མས་ཁོང་ལ་ཨ་པ་ཨ་བློའམ་དཔོན་དྲིན་ཆེན་ཞེས་འབོད་པ་རེད།
རྗེས་རབས་པ་ཚོས་ཕ་ཡུལ་ལི་ཐང་དུ་ཨ་པ་ཨ་བློའི་དྲན་གསོ་ཁང་ཞིག་སྐྲུན་རྩིས་ཡོད།
ད་ལོ་ནི་ཨ་པ་ཨ་བློ་འདས་ནས་ལོ་20འཁོར་བ་ཡིན་པས་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་དང་མཉམ་ལས་རོགས་རེས་དང་། སྐྱིད་སྡུག་མཉམ་རོལ་བྱས་མྱངས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་གཅེས་མི་སྣ་དེ་ལ་དྲན་གསོ་ཟབ་མོ་ཞུ་ཆེད། ཨ་པ་ཨ་བློའི་ཚ་བོ་ལི་ཐང་ཨ་འཕེལ་གྱི་འབོད་སྐུལ་དང་། ལི་ཐང་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་དམག་དཔོན་ཧང་ཀྲེང་ཆིང་གི་དྲན་གསོ་ཁང་ཞིག་དང་ཞིབ་འཇུག་ཁང་ཞིག་འཛུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཨ་མྱེ་ཨ་པ་ཨ་བློའི་རིག་དངོས་བསྡུ་ཉར་བྱ་ཆེད་ལི་ཐང་ཨ་འཕེལ་གྱིས་ལོ་གསུམ་ཙམ་རིང་དུ་ཀན་ལྷོ་དང་། མགོ་ལོག མཚོ་སྔོན་སོགས་ཀྱི་དགོན་སྡེ་108དང་། སྡེ་ཤོག་དང་ཚོ་པ་236ཙམ་དུ་སོང་ནས་ཨ་པ་ཨ་བློས་སྤྱད་མྱངས་པའི་རིག་དངོས་1700ལྷག་དང་ད་རུང་པར་རིས་འགངས་ཆེན་སོགས་བསྡུ་ཉར་བྱས་ཡོད།
ལི་ཐང་ཨ་འཕེལ་གྱིས་ངོ་སྤྲོད་བྱས་པར་ལྟར་ན། ཨ་པ་ཨ་བློ་འདས་ནས་ལོ་20འཁོར་བ་དང་སྐུ་འཁྲུངས་ནས་ལོ་114འཁོར་བར་དྲན་གསོ་ཞུ་ཆེད། ལེའུ་སོ་གཉིས་ཙམ་ཡོད་པའི་མུ་འབྲེལ་བརྙན་འཕྲིན་རིང་མོ་ཞིག་ཕབ་སྐྲུན་བྱེད་བཞིན་ཡོད་པ་དང་། ཀན་ལྷོ་ཏང་གི་ལོ་རྒྱུས་གཞུང་སྒྲུབ་ཁང་གིས་འགོ་འཛིན་བྱས་ནས་དམག་དཔོན་ཧང་ཀྲེང་ཆིང་ཞེས་པའི་དཔེ་དེབ་ཞིག་ཀྱང་པར་སྐྲུན་བྱེད་བཞིན་ཡོད། ད་དུང་ལོ་མཇུག་ཙམ་དུ་ཁྲེང་ཏུའུ་རུ་དམག་དཔོན་ཧང་ཀྲེང་ཆིང་འདས་ནས་ལོ་20འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཞིག་ཀྱང་འཚོག་རྒྱུ་རེད་ཟེར།
ལི་ཐང་དུ་འཁྲུངས་ཤིང་ཀན་ལྷོ་རུ་འཚར་ལོངས་བྱུང་བའི་རྒྱལ་འཛུགས་དམག་དཔོན་ཆེན་མོ།
ཕིང་ཏའེ་ཧའེ་ཡིས་ཨ་པ་ཨ་བློའི་འོས་ལངས་སྔོན་སྐྱོད་མི་སྣ་གལ་ཆེན་དང་མཇལ་ཕྲད་གནང་བ། གཡས་ནས་རིམ་ལྟར་ཕིང་ཏའེ་ཧའེ་དང་ཨ་པ་ཨ་བློའི་གཉེར་པ། ཨ་པ་ཨ་བློའི་དྲུང་ཡིག་དང་སྔོན་སྐྱོད་མི་སྣ་བཅས་ཡིན།
ཨ་པ་ཨ་བློའམ་ཧང་ཀྲེང་ཆིང་ནི་རྒྱལ་ཁབ་འཛུགས་མཁན་གྱི་དམག་དཔོན་ཆེན་མོའི་གྲས་ལས་ཀན་སུའུ་ས་གནས་ཀྱི་བོད་རིགས་དམག་དཔོན་ཆེན་མོ་གཅིག་པུ་དེ་རེད། ཁོང་གི་མི་ཚེ་གཅིག་ལ་ཆིང་རྒྱལ་རབས་དང་། མིང་གོ ཀྲུང་གོ་གསར་པ་བཅས་ཀྱི་དུས་རབས་གསུམ་བརྒལ་མྱངས་པས་ཁོང་གི་མི་ཚེ་ནི་ཁྱད་མཚར་བ་དང་ངོ་མཚར་བའི་གཏམ་རྒྱུད་ཀྱིས་ཕྱུག་པའི་མི་ཚེ་ཞིག་རེད།
1903ལོར་ཁོང་སི་ཁྲོན་ལི་ཐང་རྫོང་གི་ཚེར་མ་གྲོང་དུ་སྐྱེས། དེ་ནས་1920ལོར་ནུ་བོ་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་པ་བསྟན་པའི་རྒྱལ་མཚན་དང་ལྷན་དུ་ཀན་ལྷོའི་བླ་བྲང་དུ་གནས་སྤོས་རྗེས་བླ་བྲང་དུ་ལས་ཀ་ཕྲན་བུ་བསྒྲུབས། 1924ལོར་པཎ་ཆེན་རིན་པོ་མཇལ་བའི་གོ་སྐབས་དང་བསྟུན་ནས་མི་བརྒྱ་ལྷག་ལས་གྲུབ་པའི་བླ་གྲྭ་འཐུས་ཚབ་ཚོགས་པ་ཁྲིད་ནས་ལན་ཀྲུའུ་རུ་ལིང་ཧའེ་ཅུན་(宁海军)གྱི་ནག་ཉེས་ཐེར་འདོན་བྱེད་སྐབས་སུ་གུང་ཁྲན་ཏང་མི་ཞོན་ཞ་ཧྥུ་(宣侠夫)སོགས་དང་འབྲེལ་བ་ཆགས་ནས་བསམ་བློའི་ཐད་ཡར་ཐོན་ཆེན་པོ་བྱུང་ནས་ཡར་ཐོན་གྱི་བྱ་འགུལ་ནང་དུའང་ཞུགས་པར་མ་ཟད། ཁོ་རང་གིས་བོད་དམངས་རིག་གནས་སྐུལ་སྤེལ་ཚོགས་པ་ཞེས་པ་དེ་བཙུགས་ཏེ་སྔོན་རྗེས་སུ་བླ་བྲང་དང་མགོ་ལོག་སོགས་སུ་སློབ་གྲྭ་མང་དག་བཙུགས་ནས་ས་གནས་དེ་དག་ལ་མི་རིགས་སློབ་གསོའི་སྒོ་ཆེན་ཕྱེས།
1928ལོར་བླ་བྲང་དུ་ཧྥན་དམག་(番兵)གི་དམག་སྤྱི་དང་། 1934ལོར་བླ་བྲང་གི་བདེ་སྲུང་སི་ལིང་པུའུ་ཡི་དམག་སྤྱིའི་འགན་བཞེས། 1944ལོར་དམག་དོན་གྲོས་གཅོད་ཁང་གི་ཧྲའོ་ཅང་ཞེས་པའི་དམག་དཔོན་ཆེན་མོའི་ཐོབ་རྟགས་བླངས། 1949ལོའི་ཟླ་བ8པར་ཁོའི་དཔུང་དམག་དང་བཅས་པས་འོས་ལངས་བྱས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཨུ་ཡོན་དང་། ཀན་སུའུ་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ། ནུབ་བྱང་དམག་གི་ཆབ་སྲིད་ཨུ་ཡོན་དང་། ཕྱུགས་ལས་པུའུ་ཡི་པུའུ་ཀྲང་གཞོན་པ། མི་རིགས་དོན་བྱེད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས། 1953ལོར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཇག་བཅོམ་བཀོད་འདོམས་པུའུ་ཡི་དམག་སྤྱི་གཞོན་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན། ཀན་ལྷོ་ཡན་ལག་དམག་ཁུལ་གྱི་དམག་སྤྱིའི་འགན་བཞེས། 1955ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཧྲའོ་ཅང་ཞེས་པའི་དམག་དཔོན་ཆེན་མོའི་ཐོབ་རྟགས་གནང་།
ཁོང་གིས་བླ་བྲང་གི་གྲྭ་སེར་གྱི་སྣེ་ཁྲིད་ནས་ཁྲུང་ཆིང་དུ་གནམ་གྲུ་30ཞལ་འདེགས་ཕུལ་ནས་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་གནང་།
རི་འགོག་དམག་འཁྲུག་སྐབས་སུ་གནམ་གྲུ་གཅིག་ཞལ་འདེགས་ཕུལ་མཁན་ལའང་སྐད་གྲགས་ཅི་འདྲ་ཆེན་པོ་ཐོབ་བཞིན་ཡོད། འོན་ཏེ། རི་འགོག་དམག་འཁྲུག་སྐབས་སུ་ཨ་པ་ཨ་བློས་སྔོན་རྗེས་སུ་ཐེངས་གསུམ་དུ་ཟོག་500དང་། རྟ་1000དང་།
ལུག་ལྤགས་10000ཞལ་འདེབས་ཕུལ་བ་དང་།
དམག་སྤྱི་ཨ་པ་ཨ་བློའི་སྐུ་པར།
1943ལོར་ཡང་ཁོ་རང་སྐུ་དངོས་བླ་བྲང་གི་གྲྭ་སེར་གྱི་སྣེ་ཁྲིད་དེ་ཁྲུང་ཅིང་དུ་སོང་ནས་རྒྱལ་ཁབ་ལ་གནམ་གྲུ་30ཞལ་འདེགས་ཕུལ་ཏེ་ཨ་མདོའི་ས་ཁུལ་གྱི་བོད་རིགས་སྤུན་ཟླས་རི་འགོག་དམག་འཁྲུག་ལ་རྒྱབ་སྐྱོར་བྱ་བའི་ཆོད་སེམས་བཏོན་པ་རེད།
ཨ་པ་ཨ་བློའི་ནུ་བོ་ནི་བླ་བྲང་གི་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་པ་ཡིན་པས་1940ལོར་ཨ་པ་ཨ་ཨ་བློའི་ཁྲིད་སྟོན་སློབ་གསོ་འོག་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་པ་ལྷ་ས་ནས་སྦྱོང་མཐར་ཕྱིན་རྗེས་ཕྱིར་བླ་བྲང་དུ་ཕྱག་ཕེབས་གནང་རྗེས་རི་འགོག་གི་བྱེད་སྒོ་ནང་དུ་ཞུགས་ཏེ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་ཀྱི་མི་དམངས་རྣམས་ལ་མཐུན་སྒྲིལ་དམ་ཟབ་སྒོས་རི་འགོག་ལ་རྒྱབ་སྐྱོར་བྱ་དགོས་པའི་དྲིལ་བསྒྲགས་ཤུགས་ཆེན་གནང་།
1941ལོར་འཇམ་པའི་དབྱངས་སྐུ་ཕྲེང་ལྔ་པས་བླ་བྲང་འོག་གི་དགོན་སྡེ་108སྐུལ་སློང་བྱས་ཏེ་རི་འགོག་དམག་འཁྲུག་གི་གཡུལ་སའི་དཔོན་དམག་ལ་མཚམས་འདྲི་ཞུ་བའི་སྐུ་ཚབ་ཚོགས་པ་ཁྲུང་ཅིང་དུ་བཏང་། ལོ་གཉིས་ཀྱི་རྗེས་སུ་ཁོང་གི་ཕུ་བོ་ཨ་པ་ཨ་བློས་སྣེ་ཁྲིད་གནང་བའི་དགོན་སྡེ་དང་མི་སེར་གྱི་སྐུ་ཚབ་ཚོགས་པ་ཁྲུང་ཆིང་དུ་མངགས་ནས་གཡུལ་འགྱེད་ས་ཁུལ་སོ་སོའི་དཔོན་དམག་ལ་འཚམས་འདྲི་ཞུས། ད་དུང་ཁོང་གིས་རྩ་འཛུགས་གནང་ནས་གནམ་གྲུ་30ཞལ་འདེབས་སུ་ཕུལ་ནས་མཐའ་ཁུལ་མི་དམངས་ཀྱིས་རྒྱལ་ཁབ་ལ་ཞལ་འདེབས་ཆེས་མཐོ་བ་ཕུལ་བའི་ཟིན་ཐོ་བསྐྲུན་པ་རེད།
ཁོང་དང་བཅིངས་འགྲོལ་དམག་གི་བྱེས་འཐབ་དམག་ཤོག་དང་པོའི་དམག་སྤྱི་ཕིན་ཏའེ་ཧུའེ་དང་ཞི་ཀྲུང་ཞུན་སོགས་དང་གྲོགས་པོར་གྱུར།
1949ལོར་མི་དམངས་བཅིངས་འགྲོལ་དམག་གིས་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པའི་ནུབ་མོར། འོས་ལངས་བྱས་པའི་ཨ་པ་ཨ་བློ་བཅིངས་འགྲོལ་བཏང་མ་ཐག་པའི་ལེན་ཀྲུའུ་རུ་ཕྱིན་ཏེ་བཅིངས་འགྲོལ་དམག་གི་བྱེས་འཐབ་དམག་ཤོག་དང་པོའི་དམག་སྤྱི་ཕིན་ཏའེ་ཧུའེ་དང་ཧའོ་ལུང་།
ཨ་པ་ཨ་བློ་སྐུ་སྨད་དུ་ཞི་ཀྲུང་ཞུན་དང་མཇལ་ཕྲད་གནང་བ།
ཞི་ཀྲུང་ཞུན་སོགས་ཀྱིས་མཇལ་འཕྲད་གནང་། ཞི་ཀྲུང་ཞུན་གྱིས་ཁོང་ལ་གསུངས་རྒྱུར། ངེད་གཉིས་ངོ་འཕྲད་བྱུང་བ་ཐེངས་དང་པོ་ཡིན་རུང་ངས་སྔོན་ནས་ཁྱོད་ཀྱི་གནས་ཚུལ་མང་པོ་ཐོས་མྱངས། ད་ལྟ་ང་ཚོ་དངོས་སུ་འབྲེལ་བ་བྱུང་བས་ང་རང་ལྷག་ཏུ་དགའ་སྤྲོ་སྐྱེས་སོང་ཟེར། ཕིན་ཏའེ་ཧུའེ་ཡིས་མཚན་གཅིག་ཏུ་ཏང་གི་མི་རིགས་སྲིད་ཇུས་སྐོར་ཡང་ཡང་འགྲེལ་བཤད་གནང་བ་དང་། མི་རིགས་ཁག་མཐུན་སྒྲིལ་བྱས་ཏེ་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཏུ་བསྐྱོད་དགོས་པའི་སྐུལ་མ་གནང་བ་དང་།
ཁོའི་རེ་བ་ལྟར་སློབ་སྦྱོང་ནང་ཞུགས་ནས་མུ་མཐུད་དུ་བསམ་བློའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཚུལ་གསུངས་པ་དང་། ཨ་པ་ཨ་བློས་ཀྱང་བླ་བྲང་ཕྱོགས་ཀྱི་གནས་ཚུལ་སྙན་ཞུ་ཕུལ་བ་དང་། གསར་བརྗེའི་ལས་དོན་ནང་ཞུགས་འདོད་པའི་བསམ་ཚུལ་བཏོན། རྩ་འཛུགས་ཀྱིས་ཁོ་རང་ཀན་སུའུ་ཞིང་ཆེན་ནང་ལས་དོན་བཀོད་སྒྲིག་བྱས། རྗེས་མར་ཁོ་རང་དབུ་ཁྲིད་དེ་དག་དང་བློས་ཐུབ་ཀྱི་གྲོགས་པོ་བཟང་པོ་གྱུར།
ཁོང་གིས་ཀན་ལྷོའི་ཁུལ་དཔོན་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་དཔོན་གཞོན་པའི་འགན་བཞེས།
1953ལོའི་ཟླ་བ་10པའི་ཚེས་1ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་སྐབས་ཨ་པ་ཨ་བློ་ཁུལ་དཔོན་དུ་བསྐོས། ལོ་དེའི་དགུན་དུས་སུ་ནུབ་བྱང་དམག་གི་ཆབ་སྲིད་ཨུ་ཡོན་ལྷན་ཁང་དེ་ནུབ་བྱང་དམག་གི་སྲིད་འཛིན་ཨུ་ཡོན་ལྷན་ཁང་དུ་བསྒྱུར་ནས་ཁོང་གིས་ཀྲུའུ་ཞི་གཞོན་པའི་འགན་བཞེས། 1954ལོར་ཁོང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་སྐབས་མའོ་ཙེ་ཏུང་གིས་ཆེད་དུ་མཇལ་འཕྲད་གནང།
1995ལོའི་ཟླ་10པའི་ཚེས་1ཉིན་ཨ་པ་ཨ་བློ་རྒྱལ་འཛུགས་དམག་དཔོན་ཆེན་མོར་བསྐོས་པའི་མཉམ་པར།
1954ལོར་ཁོང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའ་ཞི་གཞོན་པའི་འགན་བཞེས། རིག་གནས་གསར་བརྗེའི་སྐབས་སུ་མནར་གཅོད་དྲག་པོ་ཐེབས། 178ལོར་ཡང་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དུ་བསྐོས། 1979ལོར་ཀན་སུའུ་ཞིང་ཆེན་གྱི་ཞིང་དཔོན་གཞོན་པར་བསྐོས། 1996ལོར་ཀྲུང་དབྱང་གིས་ཞིང་དཔོན་རིམ་པའི་ཐོབ་ཐང་སྤྲད། 1997ལོའི་ཟླ་བ་10པའི་ཚེས་6ཉིན་ལན་ཀྲུའུ་རུ་འདས། སྐབས་དེ་དགུང་ལོ་95ཡིན།
ཨ་པ་ཨ་བློའམ་ཧང་ཀྲེང་ཆིང་ནི་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་དང་མཉམ་ལས་རོགས་རེས་དང་། སྐྱིད་སྡུག་མཉམ་རོལ་བྱས་མྱངས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་གཅེས་མི་སྣ་གྲགས་ཅན་ཞིག་རེད། ནུབ་བྱང་གྲངས་ཉུང་མི་རིགས་ས་ཁུལ་དང་ལྷག་པར་དུ་བོད་རིགས་མི་དམངས་ཁྲོད་དུ་ཚད་མཐོན་པོའི་ཤུགས་རྐྱེན་བཞག་ཡོད། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་ས་ཁུལ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་མི་སེར་གྱི་བདེ་སྡུག་སེམས་སུ་བཞག་ནས་མི་དམངས་ལ་ཞབས་འདེགས་ཅི་ནུས་བསྒྲུབས། ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་ཡང་དག་བྱས་ཏེ་མི་རིགས་མཐུན་སྒྲིལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ད་ལྟ་ཀན་ལྷོའི་ཕྱོགས་ཀྱི་མི་སེར་ཚོས་དཔོན་དྲིན་ཆེན་ཞེས་མཐེ་བོང་གནམ་ལ་བསྒྲེངས་ནས་བསྟོད་བསྔགས་དང་རྗེས་དྲན་ཞུ་བཞིན་ཡོད། །