བོད་ཀྱི་ན་གཞོན་གསར་པའི་ཚབ་མཚོན་ཞིག་གི་ཆ་ནས། ཨ་ཅག་ཚན་སྡེབ་ཀྱིས་རྒྱལ་ཡོངས་སུ་ཆེས་དགའ་བསུ་ཐོབ་པའི་གཞས་པ་རྩེར་སོན་ཅན་དང་། གླུ་གཞས་གར་སྟེགས་སུ་མི་རིགས་ཀྱི་ཁྱད་ཆོས་ཆེས་འབུར་ཐོན་གྱི་ཚན་སྡེབ། ཤར་ལྷོ་གླུ་གཞས་རིམ་སྒྲིག་དམངས་གཞས་གསར་པའི་གླུ་མ། ཀྲུང་གོའི་གསེར་གྱི་འོད་སྡེར་བྱ་དགའ་སོགས་གླུ་གཞས་སྒྱུ་རྩལ་ཐད་ཀྱི་བྱ་དགའ་དང་མཚན་སྙན་གཟི་བརྗིད་གང་མང་བླངས་ཡོད་ལ། དགེ་ཕན་བྱ་གཞག་གི་ཐད་ལ་དཀའ་སྤྱད་རྒྱུན་འཁྱོངས་བྱས་ཏེ། དགེ་ཕན་དང་བྱམས་སེམས་ཀྱི་ཆེད་དུ་པེ་ཅིང་གི་བྱ་ཚང་ལུས་རྩལ་ར་བར་འཁྲབ་སྟོན་བྱས་པའི་གྲངས་ཉུང་མི་རིགས་ཀྱི་ཚན་སྡེབ་ཐོག་མར་གྱུར། དུས་ཡུན་རིང་པོར་ཁོར་ཡུག་སྲུང་སྐྱོབ་དང་དགེ་ཕན་བྱ་གཞག་རྒྱུན་འཁྱོངས་བྱས་པའི་ཀྲུང་གོའི་ཕུལ་དུ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཐོག་མའི་ཚན་སྡེབ་ཏུ་གྱུར།
2016ལོའི་ཟླ་11པར། ཨ་ཅག་ཚན་སྡེབ་《ཀྲུང་གོའི་མི་རིགས།》དུས་དེབ་ཀྱི་ཕྱིར་འགྲེམ་པར་གཞིའི་མདུན་ཤོག་མི་སྣ་རུ་བདམས་ཐོན་བྱུང་སྟེ། གླུ་གཞས་འཁྲབ་སྟོན་ལས་རིགས་ཀྱི་ཆེད་མཁས་པ་དང་ཀློག་པ་པོ་རྣམས་ཀྱིས་ཀྱང་དོ་སྣང་ཆེན་པོ་བྱས། དྲི་ཟའི་གདངས་དབྱངས་ལྟ་བུའི་ལྷན་སྐྱེས་ཀྱི་སྐད་ངག་ལྡན་པའི་བོད་ཀྱི་བུད་མེད་ཚད་སྡེབ་འདི་ཉིད་བར་སྐབས་ཤིག་ལ་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་གར་སྟེགས་སུ་དྲག་ཏུ་འཚེར་ཞིང་དུས་ནམ་ཡང་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་གླུ་གཞས་རིག་གནས་རྒྱ་ཁྱབ་དང་དར་སྤེལ་གཏོང་བཞིན་ཡོད།
2016ལོའི་ཟླ་1པོར། ཨ་ཅག་ཚན་སྡེབ་ཀྱིས་《འགྱུར་མེད་ཀྱི་ང་།》ཞེས་པའི་གཞས་རྐྱང་གསར་པ་དངོས་སུ་འགྲེམ་སྤེལ་བྱས་ཤིང་དེ་དུས་ཀྱི་གླེང་བྱ་གཙོ་བོ་ཞིག་ཏུ་གྱུར། བྱེད་སྒོ་ཆེ་གྲས་དང་ཁྱབ་བསྒྲགས་གང་མང་གི་ཡུལ་དངོས་སུ་མི་རྣམས་ཀྱིས་ཤེས་ཡོད་པ་བཞིན། ཨ་ཅག་ཚན་སྡེབ་དེ་སྔར་གྱི་སྤུན་གསུམ་ནས་གཅིག་ཉུང་དུ་གྱུར་འདུག དེ་བཞིན་དགའ་མོས་པ་མང་པོ་ཞིག་གིས་དྲ་སྟེང་ནས་ཐེ་ཚོམ་དང་དྲི་བ་སོགས་ཀྱི་སྐད་འཇོག་མང་པོ་བྱས། དེར་བརྟེན་ཨ་ཅག་ལྷ་མོ་དང་ཨ་ཅག་སྒྲོལ་མ་གཉིས་ཀྱིས་ལོ་གསར་གྱི་འགོ་མར་གཞས་རྐྱང་དེ་བརྒྱུད་ནས་ཁོ་ཚོའི་བསམ་པའི་ཚོར་ཤེས་དང་སྐབས་དེའི་གླུ་གཞས་སྒྱུ་རྩལ་གྱི་བརྒྱུད་རིམ་གསལ་པོར་མངོན་པར་བྱས་འདུག
བོད་ཁུལ་ནས་ཡོང་བའི་བུད་མེད་ཚན་སྡེབ་དེས། ཆེས་ཐོག་མའི་གླུ་གཞས་བརྩམས་ཆོས་《ཕ་རིའི་སྤང་གི་སྟེང་ན།》དང་《ཨ་ཅག》《རྟག་བརྟན་གྱི་མཛེས་སྡུག》《ཁྱེད་དང་འཕྲད་པ།》དང་སྐབས་གཅིག་ལ་ཚ་ཚ་འུར་འུར་དུ་གྱུར་བའི་ཆེད་བསྒྲིགས་《ཟླ་འོད་སྟེང་དུ་སྐྱོད་པ།》སོགས་ནས་ད་ལྟའི་གཞས་རྐྱང་གསར་པ་《འགྱུར་མེད་ཀྱི་ང་།》སོགས་ཀྱི་བར་དུ་སྒྱུ་རྩལ་ལམ་བུ་སྔར་ལས་ཁོད་ཡངས་སུ་གྱུར་བཞིན་པ་དང་གླུ་གཞས་ཀྱི་རྣམ་པ་དང་རང་སེམས་ཀྱི་ཚོར་བ་ཡང་དེ་བཞིན་སྲ་བརྟན་དུ་གྱུར་ཞིང་། ཐེངས་འགའི་མི་སྣ་བཀོད་སྒྲིག་གི་འགྱུར་ལྡོག་ལས་ཁོ་ཚོར་ཕྱིར་དྲན་ཟབ་མོ་ཞིག་བཞག་ཡོད། ལྷག་པར་དུ་སྒྱུ་རྩལ་ལམ་བུའི་དུས་རིམ་སྔ་མར་དཀའ་ཁག་དང་འགྲན་རྩོད་ཆེ་འབྲིང་ཆུང་གསུམ་ལ་འཕྲད་མྱོང་ཞིང་ལས་རིགས་ཁྲོད་ཀྱི་སྒྱུ་རྩལ་པ་རྒན་གྲས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་རིན་ཐང་ཅན་ཡང་གནང་མྱོང།
《འགྱུར་མེད་ཀྱི་ང་།》ཞེས་པའི་གཞས་རྐྱང་དེའི་གླུ་ཚིག་བཞིན། ཁྱོད་ཉིད་གང་དུ་གནས་རུང་། འཇའ་ཚོན་སྣ་ལྔ་ང་ཡི་བཞིན་རས་ཡིན། འགྱུར་མེད་ཀྱི་ང་། ནམ་ཡང་ཕྱིར་ནུར་མི་བྱ། དགའ་བའི་འཛུམ་གྱིས་ཁེངས་ཤིང་། མེ་ཏོག་སྐལ་བཟང་སྤང་ཐང་ཡུལ་དུ་ཁྱབ། འགྱུར་མེད་ཀྱི་ང་། རྟག་ཏུ་ཁེར་རྐྱང་མི་ལུས། གང་ལྟར་ང་ཡི་བློ་ལ། བརྩེ་བའི་ཉིད་ཀྱིས་གདུང་གྲོགས་གཏན་དུ་ཡོད། ཅེས་པ་ལས། ལས་མོ་གཉིས་ཀྱི་འབྲལ་མེད་ཀྱི་ཆོད་སེམས་དང་ནམ་ཡང་རྒྱབ་སྐྱོར་ཡོད་པའི་མི་རྣམས་ལ་དྲིན་དྲན་གྱི་སེམས་པ་ཟབ་མོ་ཞིག་མཚོན་འདུག དེ་བཞིན་ཨ་ཅག་ཚན་སྡེབ་ཀྱི་དོ་སྣང་ཚད་དང་ཤུགས་རྐྱེན་དེ་མཆོང་སྐྱོད་ཀྱི་སྐས་རིམ་ཞིག་ཏུ་སླེབས། དེ་ལ་ཀྲུང་གོའི་སྦྲགས་སྲིད་པར་དེབ་ཏུ་བདམས་ཐོན་བྱུང་བར་མ་ཟད་པར་དེབ་ཏུ་བཀོད་པ་ནི་ར་སྤྲོད་ཅིག་ཅིས་ཀྱང་མིན། ཨ་ཅག་ལྷ་མོ་དང་ཨ་ཅག་སྒྲོལ་མ་བུ་མོ་སྤུན་གཉིས་ཚན་སྡེབ་དེའི་གཙོ་ཤུགས་བྱས་ཏེ་ནམ་ཡང་རྣམ་པ་གསར་པའི་སྒོ་ནས་རང་གི་ཐོག་མའི་སེམས་འདུན་ཏེ་གླུ་གཞས་ལ་བཅངས་བའི་འཁྲེང་སེམས་ཟབ་མོ་མཚོན་ཡོད། །