ཞི་ཅིན་ཕིང་གིས་པ་ཞིའི་ཙུང་ཐུང་དང་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-04


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་བའི་ཚེས་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཕྱིའི་ཐང་ཆེན་ནས་མཛད་སྒོ་བསྡུས་ནས། པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མིས་ཞེ་ཨར.ཐི་མེ་ཨར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བར་དགའ་བསུ་བྱས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁབ་གི་ཀྲུའུ་རིན་ཝང་ཧུའུ་ཉིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆེན་ལིས་སོགས་ཀྱི་དགའ་བསུ་བྱེད་པའི་མཛད་སྒོར་ཞུགས། 
        ཐི་མེ་ཨར་དང་མཉམ་དུ་ཀྲུང་གོར་འཚམས་འདྲི་བྱས་པའི་མི་སྣ་ད་དུང་ཕྱི་འབྲེལ་པུའུ་ཀྲང་དང་ཀྲུང་གོར་སྡོད་པའི་དབུ་བཞུགས་བློན་ཆེན། འགྲིམ་འགྲུལ་དང་གྲུ་ཁ། དམངས་སྡོད་མཁའ་འགྲུལ་པུའུ་ཀྲང་། ཞིང་ལས་དང་མཁོ་འདོན་པུའུ་ཀྲང་སོགས་ཡོད། 
        དམག་དཔུང་རོལ་ཆའི་ཚོགས་པས་ཀྲུང་གོ་དང་པ་ཞི་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། རྟེན་འབྲེལ་མེ་སྒྱོགས་བརྒྱབ། 
        ཐི་མེ་ཨར་གྱིས་ཞི་ཅིན་ཕིང་གིས་འགྲོ་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་ལྟ་ཞིབ་བྱས། 
        རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཕྱིར་ལྟ་ཞིབ་སྟེགས་བུ་སྟེང་སོང་ནས་གཟབ་སྦྲེང་རུ་ཁག་གི་རྣམ་འབྱེད་རུ་སྟར་ལ་བལྟས། 
        དེའི་རྗེས། དམག་དཔུང་རོལ་ཆའི་ཚོགས་པས་རོལ་ཆའི་འཁྲབ་སྟོན་བྱས། 
        ཐི་མེ་ཨར་གྱིས་ཞི་ཅིན་ཕིང་གི་གདན་ཞུ་ལྟར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་ཡིན་ལ། ཐི་མེ་ཨར་ད་དུང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞཱ་མིན་གྲོས་མོལ་དང་གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་ལ་ཞུགས་རྒྱུ་རེད། 
        དགའ་བསུ་བྱེད་པའི་མཛད་སྒོ་མཇུག་བསྡུས་རྗེས། ཀྲུའུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཙུང་ཐུང་ཐི་མེ་ཨར་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་པ་ཞི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་མཐའ་གཅིག་ཏུ་འཐད་པ་བྱུང་བའི་ཚུལ་བསྟན། 
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པ་ཞི་བར་གྱི་འབྲེལ་བ་ནི་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡིན་པ་དང་། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་དང་པ་ཞི་བར་གྱི་མཉམ་ལས་ཐད་ནས་གཏན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་སོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། དངུལ་རྩའི་ཐད་ནས་མཉམ་གཤིབ་མཉམ་བསྐྱོད་ཀྱི་རྣམ་པ་བཟང་བོ་མངོན་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་འཁོར་བསྐྱོད་བཟང་བ་དང་། ཕྱོགས་གཉིས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་འཛམ་གླིང་ཧྲིལ་བོའི་གནད་དོན་གལ་ཆེན་ཐད་ནས་ བརྗེ་རེས་དང་མཐུན་སྦྱོར་བཟང་བོ་བྱས་ཟེར། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་དང་སྤྱི་ཡོངས་ཀྱི་ཟུར་སྣེ་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། པ་ཞི་ཕྱོགས་ཀྱིས་ཡུན་རིང་བོར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱས་ལ། མུ་མཐུད་དུ་ཀྲུང་གོ་དང་པ་ཞི་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་བཞིན་པའི་གནད་དོན་སྟེང་ནས་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་པ་ཞི་ཡི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཅིག་གྱུར་སྒོས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་སྤེལ་བ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་པ་ཞིའི་དངུལ་གཏོང་གྲོགས་པོའི་འཆར་གཞི་དང་མདུན་བསྐྱོད་འཆར་གཞི་བར་སྦྲེལ་མཐུད་བཟང་བོ་བྱས་ཏེ། ས་ཁུལ་བར་གྱི་མཉམ་འབྲེལ་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་ཉོ་ཚོང་རྒྱུན་མཐུད་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་པ་ཞི་བར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་སྐྲུན་ལས་རིགས། ཞིང་ལས། གཏེར་ལས། ནུས་ཁུངས། ཐོན་ནུས་དང་ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། རིག་གནས་དང་གསར་འགྱུར། གནས་སྐོར། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དགོས། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། རྨང་གཞིའི་རྒྱལ་ཁབ་བཞི། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་བར་གྱི་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་དམ་ཟབ་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་སོགས་རྒྱལ་སྤྱིའི་གནད་དོན་ཐད་ནས་མཐུན་སྦྱོར་གཞོགས་འདེགས་བྱ་དགོས་ཞེས་བསྟན། 
        ཐི་མེ་ཨར་གྱིས་བསྟན་དོན། པ་ཞི་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་བཟང་བ་དང་། པ་ཞི་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཀྱིན་ཡོད་ལ། པ་ཞི་ནི་རླབས་ཆེན་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་ཡིན། པ་ཞི་ཡིས་རྒྱལ་ཁབ་ཀྱི་བཅོས་བསྒྱུར་འཕེལ་རྒྱས་རྒྱུད་རིམ་ཁྲོད་ནས་ཀྲུང་གོའི་བར་གྱི་ཉོ་ཚོང་དང་དངུལ་གཏོང་། དངུལ་རྩ། ཞིང་ལས་སོགས་ཕྱོགས་མང་པོའི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད། པ་ཞི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞི་ནང་གི་ལངས་ཕྱོགས་མཐུན་ཞིང་། གནམ་གཤིས་འགྱུར་ལྡོག་དང་འཕེལ་རྒྱས་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ནས་བརྗེ་རེས་མཐུན་སྦྱོར་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། པ་ཞི་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཀྲུང་གོས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཞཱ་མིན་གྲོས་མོལ་བཟང་བོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱབ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ཤུགས་སྣོན་འདོད་ཅེས་བསྟན། 
        གྲོས་མོལ་མཇུག་རྫོགས་རྗེས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་མཉམ་དུ་ཐོན་ནུས་དང་གློག་རྡུལ་ཚོང་དོན། རྒྱུ་སྤུས་ཞིབ་བཤེར། གློག་ཤུགས། གནས་སྐོར། འཕྲོད་བསྟེན། དངུལ་བསྲེས། རིག་གནས་ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བཅུ་ལྷག་འགོད་པར་བདེན་དཔང་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1