གངས་ལྗོངས་ཉི་གཞོན་དྲ་བ་བའི་འཕྲིན།(གསར་འགོད་པ་ཚུལ་ཁྲིམས་བཟང་པོ།)སྤྱི་ཟླ་9ཚེས་5ཉིན། སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་། ཐེངས་འདིའི་ཚོགས་འདུ་སི་ཁྲོན་ཏང་གི་དུས་དེབ་ཁང་གི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་འགན་གཉེར་བྱས།
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་ཡིས་ཤིས་ཚིག་འབུལ་བཞིན་པ།
པེ་ཅིང་དང་ལྷ་ས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ནས་ཕེབས་པའི་ཚགས་པར་ཁང་དང་། དུས་དེབ། རྒྱང་བསྒྲགས། བརྙན་འཕྲིན། དྲ་ཚིགས་བཅས་ཀྱི་ལས་ཁུངས་དྲུག་བཅུ་ཙམ་གྱི་མི་བརྒྱ་ལྷག་ཚོགས་འདུ་ཞུགས་ཡོད།ཐེངས་འདིའི་ཚོགས་འདུ་ནི་སྐབས་སྔོན་མ་གང་ལས་གཞི་རྒྱ་དང་ཁྱབ་ཁོངས་ཆེ་ཞིང་། རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་ཐོག་ཞུགས་མཁན་ལས་ཁུངས་དང་མི་གྲངས་ཆེས་མང་བའི་ཚོགས་འདུ་ཞིག་ཀྱང་རེད།
སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱིའི་འགན་འཛིན་པ་ཀྲང་ཙེ་ཀང་གིས་གཏམ་བཤད་གནང་བཞིན་པ།
ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཀྲའོ་དང་། སི་ཁྲོན་ཏང་བདེ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་གཉེར་དཔོན་ཀྲང་ཙེ་ཀང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན། རྒྱལ་ཡོངས་བོད་སྐད་ཐ་སྙད་ཚད་ལྡན་ཅན་གྱི་ལས་ཀའི་ཨུ་ཡོན་ལྷན་ཁང་གི་དྲུང་གཞོན་ཀྲུའུ་ཝེ་བཅས་ཚོགས་འདུས་ཐོག་ཞུགས་ལ་ཤིས་ཚིག་ཕུལ། སི་ཁྲོན་ཏང་བདེ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྱིས་གཏམ་བཤད་གནང་བཞིན་པ།
ཚོགས་འདུའི་ཡུལ་དངོས།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར། དཀར་མཛེས་ཉིན་རེའི་ཚགས་པར། རྔ་པའི་ཉིན་རེའི་ཚགས་པར། ཀན་ལྷོའི་ཉིན་རེའི་ཚགས་པར་དང་གངས་རྒྱན་ན་ཆུང་ཚགས་པར། ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་གྱི་བོད་སྐད་ཚན་ཁག ཨ་མདོ་བརྙན་འཕྲིན་ཁང་། ཁམས་པ་བརྙན་འཕྲིན་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ། ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་ཚིགས། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སོགས་དང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། སྦྲང་ཆར། བོད་ལྗོངས་ཞིབ་འཇུག བོད་ལྗོངས་སློབ་གསོ། གངས་རྒྱན་མེ་ཏོག མི་རིགས། གངས་ལྗོངས་ཉི་གཞོན། ཁ་བཏགས་དཀར་པོ། གངས་དཀར་རི་བོ་སོགས་རྒྱལ་ནང་གི་བོད་ཀྱི་ཚགས་པར་དང་གསར་འགྱུར་དྲ་བ་གཙོ་བོ་དག་དང་དུས་དེབ་ཁང་། བརྙན་འཕྲིན་དང་རླུང་འཕྲིན་བཅས་འཕྲིན་སྦྱོར་ལས་ཁུངས་དྲུག་ཅུ་ལྷག་ཚོགས་འདུར་ཞུགས་ཡོད །ཉིན་གསུམ་གྱི་རིང་ལ་ཚོགས་ཞུགས་ལས་ཁུངས་སོ་སོས་ཉེ་བའི་ལོ་གཅིག་རིང་གི་ཕུལ་བྱུང་གསར་འགྱུར་དང་དཔྱད་རྩོམ་དཔྱད་འདེམས་དང། ཐ་སྙད་གསར་པ་གཅིག་བསྒྱུར་བྱ་རྒྱུ་རེད་ལ། གཞན་ཡང་། སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་སོགས་འཚོགས་ནས་བོད་སྐད་འཕྲིན་སྦྱོར་ལས་རིགས་ཐུན་མོང་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་རེད། ད་དུང་ཁྲེན་ཏུའུ་ཕྱོགས་ཀྱི་བོད་ཀྱི་རིག་གནས་རྟེན་གཞི་ཁག་ཅིག་ལ་བཅའ་འདྲི་ཞུ་རྒྱུ་རེད།
ཚོགས་ཞུགས་མི་སྣའི་མཉམ་པར།