སྐབས་17པའི་བོད་སྐད་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-08


        སྤྱི་ཟླ་9པའི་ཚེས7ཉིན། སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་སྐད་འཕྲིན་སྦྱོར་མཐུན་འབྲེལ་ཚོགས་འདུ་དེ་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་རུ་བདེ་བླག་ངང་མཇུག་སྒྲིལ་ཞིང་།  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་གྱིས་ད་ཐེངས་བྱ་དགའ་ཐོབ་པའི་ཕུལ་བྱུང་གསར་འགྱུར་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  སི་ཁྲོན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་དཀོན་མཆོག་རྡོ་རྗེས་ཐ་སྙད་གསར་པ་གཅིག་གྱུར་བྱས་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན་གྱིས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ཁྱབ་བསྒྲགས་གནང་བ་དང་མཇུག་བསྡུ་བའི་གསུང་བཤད་གནང་།  སི་ཁྲོན་ཞིང་ཆེན་ཏང་དེབ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིང་གིས་མཇུག་སྒྲིལ་བའི་མཛད་སྒོར་གཙོ་སྐྱོང་གནང་།

        ཚོགས་འདུའི་ཐོག་ལོ་ངོ་གཅིག་རིང་གི་བོད་སྐད་འཕྲིན་སྦྱོར་ཁག་ཏུ་བཀོད་པའི་གསར་འགྱུར་དང་པར་ངོས།  དཔྱད་གཏམ། ཡིག་བསྒྱུར། སྒྲ་གཟུགས་སོགས་བསྡོམས་པས་བརྩམས་ཆོས310ལ་དཔྱད་འདེམས་བྱས་ཤིང་།  དེ་ལས་བརྩམས་ཆོས་222ལ་བྱ་དགའ་གནང་བ་དང་། ཐ་སྙད་གསར་པ220ཞིབ་བཤེར་ནན་ཏན་བྱས་ནས་མཇུག་མཐར་ཐ་སྙད་གསར་པ128གཅིག་གྱུར་གཏན་འབེབས་བྱས་པ་རེད། 

        ཚོགས་འདུ་བསྟུན་མར་ཉིན་གསུམ་ལ་འཚོགས་ཤིང་པེ་ཅིང་དང་ལྗོངས་ཞིང་ལྔ་ནས་ཕེབས་པའི་འཕྲིན་སྦྱོར་ལས་རིགས་ཁག་གི་ཚོགས་ཞུགས་མི་སྣས་འབྱུང་འགྱུར་གྱི་བོད་སྐད་འཕྲིན་སྦྱོར་དབྱར་མཚོ་ལྟར་རྒྱས་པའི་སླད་དུ་གཏམ་བཤད་དང་བགྲོ་གླེང་གལ་ཆེན་གནང་བ་མ་ཟད།  འཕྲིན་སྦྱོར་སྐོར་གྱི་འཆད་ཁྲིད་གལ་ཆེན་གནང་བ་དང་ཡུལ་དངོས་རྟོག་ཞིབ་ལའང་སོང་བ་རེད།   གཞན་ཡང་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་འཚོགས་ཤིང་།  ལས་ཁུངས་ཆེ་ཁག་འགའི་འཐུས་ཚབ་ཀྱིས་སོ་སོའི་ལས་ཁུངས་ཀྱི་གནས་ཚུལ་དང་མ་འོངས་པར་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐད་ལ་བསམ་འཆར་དང་རེ་བ་གལ་ཆེན་གནང་བ་རེད།  དེ་མིན་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དང་ལས་ཁུངས་དགུ་པར་བོད་ཡིག་འཕྲུལ་གློག་དུས་དེབ་ཀུན་འདུས་མཉམ་ལས་གྲོས་མཐུན་ཡིག་ཆར་མིང་རྟགས་བཀོད་པ་སོགས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཅིང་།  མ་འོངས་རྒྱལ་ཡོངས་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་། དམངས་འཚོ་བཅས་ལ་ཞབས་འདེགས་སྔར་ལས་ཀྱང་ལེགས་པར་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1