༄༅།། དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་དབར་གྱི་འབྲེལ་བའི་སྐོར་མདོ་ཙམ་གླེང་བ།

སྒྲོལ་དཀར་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 09-12


—— གཏམ་དཔེ་དང་དཔེ་ཆོས་དཔེར་དྲངས་ནས་གླེང་བ།    
 བོད་ལྗོངས་ཉིན་རེའི་ཚགས་པར། སྒྲོལ་དཀར་འཚོ།
        དམངས་ཁྲོད་རྩོམ་རིག་ཅེས་པ་ཡོངས་གྲགས་སུ། ངལ་རྩོལ་མི་དམངས་ཀྱིས་ངག་ཐོག་ནས་གསར་རྩོམ་བྱས་ཤིང་། མང་ཚོགས་ཀྱི་འཚོ་བ་དང་། བསམ་བློའི་འདུ་ཤེས། མཛེས་དཔྱོད་ལྟ་བ་བཅས་མཚོན་པའི་ངག་ཐོག་གི་རྩོམ་རིག་གི་རྣམ་པ་ཞིག་ལ་ངོས་འཛིན་ཞིང་། དེ་ལ་ངག་ཐོག་རང་བཞིན་དང་། འགྱུར་བའི་རང་བཞིན། རྒྱུན་འཛིན་གྱི་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། རྩོམ་པ་པོའི་རྩོམ་རིག་ཡིན་ན་རྩོམ་མཁན་རང་ཉིད་ཀྱིས་སྤྱི་ཚོགས་འཚོ་བར་ཟབ་ཞུགས་བྱས་པའི་མྱོང་བ་དང་། ཡང་ན་སྤྱི་ཚོགས་འཚོ་བ་ལས་བྱུང་པའི་བསམ་བློ་གསར་པ་དེ་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ལས་སྨིན་པའི་མཚོན་ཐབས་སྣ་ཚོགས་དང་སྦྲགས་ཏེ་ཡིག་ཐོག་ཏུ་ཕབ་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པས། བསྟན་དོན་འཚོ་བ་དངོས་ལས་ཤུགས་ཆེ་ཞིང་གཏིང་ཟབ་པ་དང་། ལྷག་པར་དུ་རྩོམ་རིག་སྤྱིའི་འཕེལ་རིམ་ལོ་རྒྱུས་ནས་བསམ་གཞིག་བྱེད་དུས། དམངས་ཁྲོད་རྩོམ་རིག་ནི་འགྲོ་བ་མིའི་རིགས་བྱུང་བ་དང་བསྟུན་ནས་བྱུང་བའི་རྩོམ་རིག་གི་རྣམ་པ་ཆེས་སྔ་ཤོས་ཡིན་ཞིང་། དེས་དུས་ཚོད་ངེས་ཅན་ཞིག་གི་ནང་། མིའི་བསམ་བློའི་ལོངས་སྤྱོད་ཐད་ཞབས་འདེགས་ཚད་མེད་ཞུས་ཡོད་པ་མ་ཟད། རྩོམ་པ་པོའི་རྩོམ་རིག་གི་གསར་རྩོམ་དང་འཕེལ་རྒྱས་ཀྱི་ཕྱོགས་ལ་ཡང་རྨང་གཞིའི་ཆ་རྐྱེན་མི་དམན་པ་ཞིག་བསྐྲུན་ཡོད། རྩོམ་པ་པོས་དམངས་ཁྲོད་རྩོམ་རིག་གི་སྙིང་བཅུད་དང་ལེགས་ཆ་སླར་ཡང་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པ་དང་། རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་བརྗོད་བྱ་དང་རྗོད་བྱེད་གཉིས་ནས་དམངས་ཁྲོད་རྩོམ་རིག་གི་དགེ་མཚན་མཐོར་འདེགས་དང་དར་ཁྱབ་ཏུ་གཏོང་བཞིན་མཆིས། འདིར་སྐབས་སུ་བབ་པའི་གླེང་བྱ་རུ་གཏམ་དཔེ་དང་དཔེ་ཆོས་གཉིས་ཀྱི་ཐ་སྙད་གྲུབ་སྟངས་དང་ཁྱད་ཆོས། བྱེད་ནུས་འདོན་སྟངས་བཅས་གཙོར་བཟུང་ནས་དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་དབར་གྱི་འབྲེལ་བ་རགས་ཙམ་གླེང་བར་བྱའོ།
དང་པོ། གཏམ་དཔེ་དང་དཔེ་ཆོས་གཉིས་ཀྱི་ཐ་སྙད་གྲུབ་སྟངས་ལས་ཕྱི་མས་སྔ་མར་ལད་མོ་བྱས་ཡོད་པ།
        “དེའང་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས། བོད་ཀྱི་ཆབ་སྲིད་ནི་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའང་མདོར་ན་བོད་ཀྱི་མེས་པོ་རྣམས་ཀྱི་བསྲེགས་བཅད་བརྡར་གསུམ་ལས་བྱུང་བའི་འཚོ་བའི་ཉམས་མྱོང་དང་རིག་པའི་ཐབས་ལ་བརྟེན་པ་ཡིན་ལ། དེ་ལྟ་བུའི་འདས་སོང་གི་ཤེས་བྱ་དག་བརྒྱུད་སྤྲོད་བྱེད་ཐབས་གཙོ་བོ་ནི་དམངས་རྩོམ་ལས་མ་འདས། དེའི་ཕྱིར་དེང་དུས་ཀྱི་བོད་རིག་པའི་དཔྱད་འཇོག་གི་ཁྲོད་ན་ཅུང་སྣང་ཆུང་གི་ཚུལ་ལ་གནས་པའི་དམངས་རྩོམ་འདིའི་ནང་བག་ལ་ཉལ་བའི་རིན་པོ་ཆེ་དུ་མ་ཞིག་འདུག་པས། བོད་རིགས་ཀྱི་འཚོ་བའི་གོམས་གཤིས་དང་། བསམ་བློ། མཛེས་དཔྱོད་ཀྱི་ལྟ་བ། ཕྱི་སྣོད་ཀྱི་ཁོར་ཡུག་དང་ནང་བཅུད་ཀྱི་སེམས་ཅན་སོགས་ལ་རྒྱུས་ལོན་དོན་དང་མཐུན་པ་ཞིག་བྱེད་འདོད་ན། ངེས་པར་དུ་བོད་ཀྱི་ཕ་མེས་ཡང་མེས་ནས་བརྒྱུད་པའི་དམངས་རྩོམ་འདི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ལ་འཛིན་དགོས་སེམས”ཞེས་དམངས་ཁྲོད་རྩོམ་རིག་ལ་གདེང་འཇོག་མཐོ་པོ་གནང་བ་བཞིན་དུ། རྩོམ་པ་པོའི་རྩོམ་རིག་སྣང་ཆུང་གི་ཚུལ་དུ་བཞག་སྟེ་དོ་སྣང་མ་བྱས་ན་ག་ལ་འགྲིག ངག་ཐོག་རྩོམ་རིག་གི་ཉིང་བཅུད་ཡིག་ཐོག་ཏུ་གསོག་འཇོག་དང་ཉར་ཚགས་བྱེད་པ་ལ་རྩོམ་པ་པོའི་རྩོམ་རིག་གིས་བསུབ་ཏུ་མེད་པའི་ཕན་ནུས་བསྐྲུན་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། དེར་བརྟེན། དེ་གཉིས་གནས་བབ་གཅིག་ཏུ་བཞག་སྟེ་ཞིབ་འཇུག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ།
        ད་ལྟ་མང་པོ་ཞིག་གིས་དོ་སྣང་མ་བྱས་པ་སོགས་ཀྱི་དབང་དུ་སོང་ནས་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པའི་གཏམ་དཔེ་དང་རྩོམ་པ་པོའི་རྩོམ་རིག་གི་ཁོངས་སུ་གཏོགས་པའི་དཔེ་ཆོས་གཉིས་ཀྱི་ཁྲོད་དུ་ཡང་ཤེས་བྱ་མང་པོ་ཡོད། དེས་ན་དེ་གཉིས་ལ་ཞིབ་འཇུག་དང་ཤེས་རྟོགས་ཟབ་མོ་ཞིག་བྱེད་རྒྱུ་ནི་དོན་སྙིང་ལྡན་པ་ཞིག་རེད། དཔེར་ན། གཉིས་ཀ་སྟབས་བདེ་ལ་བརྗིད་ཆགས་པའི་སྙིང་བསྡུས་ཀྱི་རྩོམ་རིག་གི་རྣམ་པ་ཞིག་ཡིན་མོད། གཅིག་ལ་གཏམ་དཔེ་དང་གཅིག་ལ་དཔེ་ཆོས་ཞེས་ཐ་སྙད་གྲུབ་སྟངས་ནས་ཐ་དད་པ་ཞིག་ཆགས་འདུག དེའི་རྒྱུ་མཚན་གང་ལགས་ཤེ་ན། གཙོ་བོ་བྱུང་བའི་དུས་སྐབས་མི་གཅིག་པས་ཡིན་སྙམ། གཏམ་དཔེ་བྱུང་དུས་ལ་གཏན་འཁེལ་རང་བཞིན་གྱི་ལོ་ཚིགས་ཞིག་འདྲེན་མི་ཐུབ་རུང་། ཏུན་ཧོང་གཏེར་ཡིག་ཁྲོད་དུ་ཉར་བའི་སུམ་པའི་གཏམ་དཔེ་ཕྱོགས་བསྒྲིགས་ལ་གཞིགས་ན། ཕལ་ཆེར་བསྟན་པ་སྔ་དར་གྱི་སྐབས་སུ་བྱུང་བར་འདོད། ནང་དོན་ཐད་ལ་བརྟགས་ན་གཙོ་བོ་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གྱི་ཐོན་སྐྱེད་ངལ་རྩོལ་དང་རང་བྱུང་ཁམས་དང་འཐབ་རྩོད་བྱེད་པ་སོགས་ཀྱི་ཉམས་མྱོང་བརྗོད་པ་གཙོ་བོར་གྱུར་ཡོད། དཔེ་ཆོས་ཀྱི་མཚན་གཞི་རུ་དྲངས་མང་བའི་བཀའ་གདམས་པའི་དགེ་བཤེས་རྗེ་པོ་ཏོ་བའི་དཔེ་ཆོས་ཡིན་ཏེ། ཕལ་ཆེར་བསྟན་པ་ཕྱི་དར་སྐབས་སུ་བྱུང་ཞིང་བརྗོད་བྱ་གཙོ་ཆེ་བ་ནང་བསྟན་གྱི་དགོངས་དོན་དྲིལ་བསྒྲགས་བྱས་འདུག་སྙམ། དེ་བས། སྔ་མ་གཏམ་དཔེ་ཡིས་འཇིག་རྟེན་སྲིད་ལུགས་ཀྱི་ཕྱོགས་ལ་ཐོན་པའི་བྱེད་ནུས་གཏིང་ཟབ་པ་དང་གཏམ་གླེང་མཛེས་པར་བྱེད་པའི་ནུས་པ་ཐོན་ནས། རྩོམ་པ་པོས་དེའི་དགེ་མཚན་ཡོངས་དང་ལེན་དང་བསྲེགས་བཅད་བརྡར་གསུམ་གྱིས་དཔེའི་སྒོ་ནས་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པར་དམིགས་ནས་དཔེ་ཆོས་ཞེས་བཏགས་པ་མིན་ནམ་སྙམ། 《དཔེ་ཆོས་ཚིག་མཛོད》ལས། “དུས་རབས་བཅུ་གཅིག་པའི་དགེ་བའི་བཤེས་གཉེན་པོ་ཏོ་བ་མཚན་དངོས་རིན་ཆེན་གསལ་དུ་འབོད་པ་མཆོག་གིས། བརྡ་སྤྲོད་པར་དཔེ་ཆོས་ཀྱི་ནུས་པ་ཆེ་བར་མཐོང་ནས། སློབ་མ་རྣམས་ལ་བཀའ་གདམས་པའི་བྱང་ཆུབ་ལམ་རིམ་འཆད་ཉན་མཛད་པའི་གོ་རིམ་དུ་བབ་དང་བསྟུན་ནས། དཔེ་ཆོས་གང་མང་སྦྱར་ནས་གསུངས་པས། ཚིག་ཉུང་ལ་དོན་རྒྱས་པ། བློ་ལ་འཛིན་བདེ་ཞིང་། རྒྱུད་ལ་གཟུངས་ཐེབས་པའི་གོ་ཆེན་པོ་ཆོད་པར་གྲགས། ཁོང་གི་སློབ་མ་བྲག་དཀར་བ་དག་གིས་གསུང་སྒྲོས་དེ་རྣམས་བསྡུས་ནས། འཆད་ཉན་བྱས་པའི་བྱང་ཆུབ་ལམ་རིམ་གྱི་ཟིན་བྲིས་ཕྱོགས་བསྒྲིགས་བྱས་ཤིང་མཚན་བྱང་ལ་དཔེ་ཆོས་རིན་ཆེན་སྤུངས་བ་ཞེས་གསོལ”ཞེས་གསུངས་པ་ལ་གཞིགས་ན་བརྗོད་བྱའི་ཆོས་ཀྱི་དོན་སྟོན་པར་དམིགས་ཡོད་པ་ཤེས་སླ། དེ་ལྟར་ན། སྔ་མ་འཚོ་བའི་ཉམས་མྱོང་མདོར་བསྟན་པ་གཙོར་དམིགས་ནས་འཇིག་རྟེན་རྒད་པོའི་དཔེ་ལྟར་ན་འདིའོ་ཞེས་གོ་སླ་བ་དོན་སྒྲིལ་བ་ཡིད་ལ་འཇགས་བདེ་བའི་ངང་གཏམ་དཔེ་ཞེས་པ་དང་། ཕྱི་མ་ནང་བསྟན་གྱི་དགོངས་དོན་སྒྲོག་པར་དམིགས་ཏེ་དཔེ་ཆོས་ཞེས་བཏགས་སོ།
གཉིས་པ། གཏམ་དཔེ་དང་དཔེ་ཆོས་གཉིས་ཀྱི་ཁྱད་ཆོས་མངོན་སྟངས་ནས་སྔ་མས་ཕྱི་མར་ཤན་ཤུགས་ཐེབས་ཡོད་པ།
        དེ་ཡང་གཏམ་དཔེ་ནི་དམངས་ཁྲོད་དུ་བྱུང་བའི་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་རྩོམ་ལུས་ཐུན་མོང་མ་ཡིན་པ་ཞིག་སྟེ། གཏམ་བཤད་པའམ་རྩོམ་རིག་འབྲི་བའི་སྐབས་སུ་གཏམ་དཔེ་དང་འབྲེལ་ནས་བསྟན་དོན་གང་ཞིག་མཚོན་པར་བྱས་ན། བརྗོད་བྱེད་ཀྱི་ཚིག་གསོན་ཉམས་ལྡན་ཞིང་དགའ་སྐྱོ་ཆགས་སྡང་གི་བརྩེ་དུང་གསལ་པོ་མཚོན་ཐུབ་པ། ཀློག་མཁན་དང་ཉན་མཁན་གྱི་ཡིད་ལ་དོན་གྱི་འབྲས་བུ་རྡོག་རྡོག་ཅི་ཞིག་ཤོད་ཀྱིན་ཡོད་པ་འཇགས་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང་། ཕྱོགས་གཞན་ཞིག་ནས་བརྗོད་ན་གཏམ་དཔེ་ནི་མི་རིགས་རིག་གནས་ཀྱི་སྙིང་བཅུད་ལྟ་བུ་ཡིན་པས་སྒྱུ་རྩལ་རྩོམ་རིག་ཁྲོད་དུ་བཀོལ་སྤྱོད་བྱས་པ་ཅུང་ཟད་མང་།  དཔེར་ན། “《ཏུན་ཧོང་གཏེར་ཡིག》གི《བཙན་པོ་རིམ་བྱུང་གི་ལོ་རྒྱུས》དང《སུམ་པའི་གཏམ་དཔེ》《ཕུ་ནུའི་མདོ》སོགས་སུ་ཡོངས་ཁྱབ་ཏུ་གཏམ་དཔེ་བཀོལ་ཡོད་པ་དང་། དུས་རབས་བཅུ་གཅིག་པར་བྱུང་བའི《དཔེ་ཆོས་རིན་ཆེན་སྤུངས་བ》དང་། 《གླིང་གེ་སར་རྒྱལ་པོའི་སྒྲུང》 དུས་རབས་བཅོ་ལྔ་པར་བྱུང་བའི《མི་ལ་རས་པའི་རྣམ་ཐར》དང་། དུས་རབས་བཅུ་དགུ་པར་བྱུང་བའི《བྱ་སྤྲེལ་གཏམ་རྒྱུད》སོགས་སུ་ཡང་གཏམ་དཔེ་རྒྱ་ཆེར་བཀོལ་ཡོད”ཅེས་གསུངས་པ་ལ་གཞིགས་ན། དེ་དག་གིས་བོད་ཀྱི་གཏམ་དཔེ་ལ་གཙིགས་ཆེན་བྱེད་པ་མཚོན་ཐུབ་པ་མ་ཟད། དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་དང་བོད་སྐད་ཀྱི་བརྡ་སྤྲོད་ནུས་པ་སྔར་བས་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་རྒྱན་སྤྲས་ཡོད་པའང་སྨྲོས་མ་དགོས། འོན་ཀྱང་ད་ལྟ་མི་མང་པོ་ཞིག་གི་བསམ་པར་གཏམ་དཔེ་དང་དཔེ་ཆོས་གཉིས་ཀ་གཅིག་མཚུངས་སུ་འདོད་པའི་ལྟ་བ་འཛིན་གྱིན་འདུག་མོད། དེ་ལ་དགེ་བའི་བཤེས་གཉེན་ཆེ་མོ་དཔའ་རིས་སངས་རྒྱས་མཆོག་གིས“དཔེ་ཆོས་དང་གཏམ་དཔེ་གཉིས་འདྲ་བར་སྣང་ཡང་། དོན་ལ་ཁྱད་པར་ཆེ་སྟེ། སྤྱིར་དཔེ་ཆོས་མིང་གི་ཁོངས་སུ་གཏོགས་པ་དང་། གཏམ་དཔེ་ཚིག་གི་ཁོངས་སུ་གཏོགས་པ་ཡིན། དེ་ཡང་ཚིག་གི་སྦྱོར་བར་བལྟོས་ན། དཔེ་ཆོས་ཕལ་ཆེར་ཚེག་བར་ཉུང་ཞིང་། མིང་གི་ཚོགས་པའི་ཆ་དང་ལྡན་པའི་ཚིག་རྐྱང་པ་ཡིན་ལ། གཏམ་དཔེ་ཆེར་ཚེག་བར་ཅུང་ཟད་མང་ཞིང་། ཟླ་བོ་སྦྱར་བའི་ཚིག་སྦྲགས་མ་ཡིན། ཚིག་ཤུལ་གྱི་དོན་ལ་བལྟོས་ན། དཔེ་ཆོས་ཕལ་ཆེར་བརྗོད་བྱའི་དོན་དུ་དཔེ་དྲངས་པ་དང་། གཏམ་དཔེ་ཕལ་ཆེར་ཉམས་མྱོང་མདོར་བསྟན་པ་ཡིན། འབྱུང་ཁུངས་ལ་བལྟོས་ན། དཔེ་ཆོས་ཕལ་ཆེར་ཡིག་སྐད་ལས་བྱུང་ཞིང་། གཏམ་དཔེ་ཕལ་ཆེ་ཁ་སྐད་ལས་བྱུང་བ་ཡིན”ཞེས་གསུངས་པ་དང་། གཞན་ཡང“དཔེ་ཆོས་དང་གཏམ་དཔེ་ལ་ཆ་འདྲ་བ་མང་མོད། མི་འདྲ་བ་ཡང་མང་པོ་ཡོད། གཅིག ནང་དོན་གྱི་ཐད་ནས། དཔེ་ཆོས་མང་ཆེ་བ་ཡིག་སྐད་དང་གཏམ་དཔེ་ཕལ་ཆེ་བ་ཡུལ་སྐད་ལས་བྱུང་། ཚིག་རྨ་གསོ་དཀའ། ལྟ་བུ་དཔེ་ཆོས་དང་། ཚིག་ངན་མཚོན་ཆ་མིན་ཡང་། མི་སྙིང་དུམ་བུར་གཏུབ་ཀི་ལྟ་བུ་གཏམ་དཔེ་ཡིན། དེ་བས་དཔེ་ཆོས་ལ་ཡིག་སྐད་ཀྱི་ཁྱད་ཆོས་ལྡན་པ་དང་། གཏམ་དཔེ་ལ་ཡུལ་སྐད་ཀྱི་ཁྱད་ཆོས་ལྡན། དཔེ་ཆོས་ཕལ་ཆེར་བརྗོད་བྱ་དཔེ་དོན་དུ་དྲངས་པ་སྟེ་བརྗོད་བྱ་ལྷ་ཆོས་ཀྱི་སྐོར་བཤད་པ་ཡིན། དཔེར་ན། སྒུར་ཆུང་། ལྟ་བུ་ནི་འཕགས་པ་སྒུར་ཆུང་གི་གཏམ་རྒྱུད་དྲངས་པ་བརྒྱུད་ནས་ལས་རྣམ་སྨིན་གྱི་སྐོར་བཤད་པ་ཡིན། གཏམ་དཔེ་ནི་ཕལ་ཆེར་ཉམས་མྱོང་བསྟན་པ་ཡིན་ཏེ། དཔེར་ན། མི་བརྒྱ་དྲིས་ན། དོན་བརྒྱ་རྟོགས་ལྟ་བུ། འོན་ཀྱང་གཉིས་ཀའི་དཔེ་འཇོག་ས་འདྲ་བ་ཡིན། གཉིས། རྣམ་པའི་ཐད་ནས། དཔེ་ཆོས་ནི་ཕལ་ཆེར་མིང་གི་ཁོངས་སུ་གཏོགས་ལ། གཏམ་དཔེ་ནི་ཚིག་གི་ཁོངས་སུ་འདུས་པ་མང་། དཔེར་ན། པོ་ཏོ་བའི་དཔེ་ཆོས་ཕལ་ཆེར་ཚེག་བར་གཅིག་ནས་བཞི་ཅན་དང་དཔའ་རིས་སངས་རྒྱས་ཀྱི་དཔེ་ཆོས་ཕལ་ཆེར་ཚེག་བར་བཞི་རུ་ངེས། གཏམ་དཔེ་ནི་མང་ཆེ་བ་ཚིག་གི་ཁོངས་སུ་གཏོགས་ལ། ཚེག་བར་བཅུ་ཡན་ཆད་དུ་ཡོད”ཅེས་དེ་གཉིས་ཀྱི་ཁྱད་པར་གསལ་བོ་བསྟན་པ་ཇི་བཞིན། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་པ་དང་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་དོན་དངོས་འཚོ་བ་བཀོད་འབྲི་དང་གསལ་མཚོན་བྱས་པ་མཚུངས་ཀྱང་། ཚིག་གི་རིང་ཐུང་དང་བློ་ལ་ངེས་དཀའ་སླ་སོགས་ལ་ཞིབ་ཏུ་དཔྱད་ན་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད།
        འདིར་གཏམ་དཔེ་དང་དཔེ་ཆོས་གཉིས་ཀྱི་ཁྱད་པར་དང་སོ་སོར་མངའ་བའི་ཁྱད་ཆོས་གླེང་བ་སྔོན་དུ་སོང་ནས། སྔ་མས་ཕྱི་མར་ཤན་ཤུགས་ཐེབས་དོན་གང་ཡིནཤེ་ན། གཅིག གཏམ་དཔེ་དཔེ་ཆོས་ལས་བྱུང་སྔ་བ་དང་། རྩོམ་ལུས་ཀྱི་རྣམ་པ། སྐད་ཆའི་སྦྱོར་སྟངས་སོགས་ཀྱང་སྔ་མོ་ནས་གཏན་ཆགས་རང་བཞིན་ཅན་དུ་གྱུར་ཡོད་པ། གཉིས། ཚིག་གི་སྦྱོར་བ། འབྱུང་ཁུངས་སོགས་ནས་གཏམ་དཔེ་དང་དཔེ་ཆོས་གཉིས་ལ་ཁྱད་པར་ཤོར་ཡོད་ཀྱང་། མཐའ་གཅིག་ཏུ་ཐ་དད་པར་སྣང་ཞེ་ན་ཆད་མཐར་ལྷུང་ཡོད་པར་བསམས། དཔེ་ཆོས་ལ་ལ་གཏམ་དཔེ་སྒྲིག་ཚུལ་དང་འདྲ་བར་སྣང་ཡོད་པ་ལ་བལྟས་ན། དཔེ་ཆོས་ལས་ད་དུང་གཏམ་དཔེའི་གྲིབ་གཟུགས་མངོན་བཞིན་འདུག དེ་བས། ཁྱད་ཆོས་སྟེང་ནས་གཏམ་དཔེ་ཡིས་དཔེ་ཆོས་ལ་ཤན་ཤུགས་ཐེབས་ཡོད་སྙམ།
གསུམ་པ། གཏམ་དཔེ་དང་དཔེ་ཆོས་གཉིས་ཀྱི་བྱེད་ནུས་འདོན་སྟངས་ནས་གཅིག་ལ་གཅིག་བརྟེན་གྱི་སྣང་ཚུལ་མཐོང་བ།
        གཏམ་དཔེ་དང་དཔེ་ཆོས་གཉིས་ནི་དུས་ཀྱི་འཕེལ་རྒྱས་དང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་དགོས་མཁོ་སྐོང་བར་དམིགས་ནས་གསར་རྩོམ་མཛད་པའི་སྟབས་བདེ་ལ་བརྗིད་ཆགས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པ་མ་ཟད། གཅིག་ནི་དམངས་ཁྲོད་ཀྱི་ཁོངས་གཏོགས་དང་གཅིག་ཤོས་ནི་རྩོམ་པ་པོའི་རྩོམ་རིག་གི་ཁོངས་གཏོགས་ཡིན་པས། དེ་གཉིས་བར་ལ་འབྲེལ་བ་ངེས་ཅན་ཞིག་ལྡན་པ་མཁས་པའི་དབང་པོ་དོར་ཞི་མཆོག་གིས“ཕྱི་སྣོད་འཇིག་རྟེན་ནང་བཅུད་སེམས་ཅན་གྱི།། རིགས་གཟུགས་རང་བཞིན་རྣམ་འགྱུར་ཁྱད་ཆོས་དང་།། བསམ་པའི་འདུ་ཤེས་ཁྱད་པར་མཐའ་ཡས་པ།། རྩོམ་རིག་གཏེར་བརྒྱ་བརྡོལ་བའི་འབྱུང་ཁུངས་ཡིན” ཞེས་གསར་རྩོམ་གང་ཞིག་མཛད་ཀྱང་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ལས་འདའ་མེད་པ་དང་། རྩོམ་རིག་གཏེར་བརྒྱ་བརྡོལ་བའི་འབྱུང་ཁུངས་ཡང་སྤྱི་ཚོགས་འཚོ་བ་ཡིན་གསུངས་འདུག་པ་དཔེར་ན། གཏམ་དཔེ་དང་དཔེ་ཆོས་གང་ཞིག་ཡིན་རུང་མཚོན་བྱ་དང་ཞབས་འདེགས་ཞུ་ཡུལ་སྤྱི་ཚོགས་འཚོ་བ་དང་ཀློག་པ་པོ་ཡིན་ལ། ཕྱི་རོལ་གྱི་དངོས་པོའི་ཆོས་ཉིད་ལ་སོགས་པར་གནད་ལ་འཕིགས་པའི་ཞིབ་དཔྱད་དང་སྒྱུ་རྩལ་གྱི་ཚད་མཐོའི་ཕྱོགས་བསྡུས་བྱས་པ་མ་ཟད། མང་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་ཡོངས་རྫོགས་བརྗོད་བྱར་འདྲེན་པ་ལྟ་བུའི་ནང་དོན་ཕུན་སུམ་ཚོགས་པའི་གཏམ་གྱི་ཉིང་བཅུད་ཅིག་ཡིན་སྟབས། མི་རྣམས་ཀྱི་ཡུན་རིང་འཚོ་བའི་ལག་ལེན་གྱི་ཞུན་བརྡར་འོག་རང་ཤུགས་སུ་རྩོམ་རིག་གསར་རྩོམ་གྱི་བརྗོད་བྱར་འགྱུར་བ་དང་། དེའི་ཁྲོད་དུ་བསམ་བློའི་སློབ་གསོ་གཏོང་བའི་ཆ་མི་ཉུང་བ་ཞིག་འདུས་ཡོད་ལ། དེ་དག་གིས་ང་ཚོར་ལེགས་ཉེས་དབྱེ་འབྱེད་ཇི་ལྟར་བྱ་དགོས་པར་མཛུབ་སྟོན་གནང་གི་ཡོད། ལྷག་པར་དུ་བརྗོད་བྱའི་ཚིག་སྦྱོར་བདེ་ཞིང་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་གཏམ་དཔེ་དང་དཔེ་ཆོས་གཉིས་ཀས་གཅིག་ལ་གཅིག་བརྟེན་དང་གཅིག་རམ་གཅིག་འདེགས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། ཡང་སྒོས་སུ་སྐྱེ་བོ་ཡོངས་ཀྱི་བསམ་བློའི་སློབ་གསོའི་ཐད་ལ་ནུས་པ་གལ་ཆེན་ཞིག་ཐོན་དང་འདོན་བཞིན་ཡོད་པས། གཤམ་དུ་དཔེ་མཚོན་རང་བཞིན་གྱི་གཏམ་དཔེ་དང་དཔེ་ཆོས་འགའ་བཀོད་ནས་རགས་ཙམ་གླེང་བར་བྱས་ན། མིའི་སྤྱོད་ལམ་གྱི་ཐད་ནས། 《ས་སྐྱ་ལེགས་བཤད》དུ། ཚིག་རྨ་གསོ་དཀའ་ཞེས་དཔེ་ཆོས་དེ་དམངས་ཁྲོད་ཀྱི་གཏམ་དཔེ་ཚིག་ངན་མཚོན་ཆ་མིན་ཡང་། མི་སྙིང་དུམ་བུར་གཏུབ་ཀི། ཞེས་པའི་ཚིག་གི་སྦྱོར་བ་བསྡུས་ནས་ཁ་ངན་ཚིག་ངན་མཚོན་ཆ་མིན་རུང་མིའི་སེམས་ལ་བཟོད་པར་དཀའ་བའི་སྡུག་བསྔལ་ཞིག་དང་སོས་པར་དཀའ་བའི་རྨ་ཁ་ཞིག་བཟོས་བྱུང་བས། སྨྲ་ལྕེ་རྒོད་ཀྱང་ཚོད་འཛིན་དགོས་པ་དང་ལེགས་པར་འཆད་དགོས་པའི་བསླབ་བྱ་གནང་ཡོད། ད་དུང་ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ། ཞེས་བྱ་བ་གང་ཡིན་ཡང་མི་མང་པོའི་བློ་གྲོས་བཏོན་ན་ཐབས་ཤེས་མང་པོ་ཡོང་བའི་དཔེ་ཇི་བཞིན། 《ས་སྐྱ་ལེགས་བཤད》ལས། རང་གིས་ལེགས་པར་ཤེས་ན་ཡང་།། བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ།། མི་གང་གྲོས་ལ་མི་དགའ་བ།། འགྱོད་པ་རིན་གྱིས་ཉོ་བ་ཡིན།། ཞེས་པར་བཀོད་པ་དང་། 《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》ལས། བྱེ་བྲག་ཕྱེད་པའི་བློ་ཡོད་ཀྱང་།། བྱ་བ་གྲོས་ཀྱིས་བསྒྲུབ་པར་བྱ།། འགྲུབ་འགྱུར་ཁོ་ནར་མ་ཟད་ཀྱི།། མ་འགྲུབ་ན་ཡང་མཛེས་པ་ཡིན།། ལྟ་བུ་དང་། མི་བརྒྱ་སེམས་གཅིག རྟ་བརྒྱ་འགྲོས་གཅིག་ཅེས་མང་པོ་བློ་མཐུན་པའི་དཔེ། བུ་རབ་ཚིག་ཐོག འཕར་བ་རྗེས་ཐོག་ཅེས་བུ་བཟང་པོ་ཁ་བཤད་དོན་ལ་གནས་པ་དཔེར་བཞག་ནས་འཕར་བ་རྗེས་ཐོག་རེད་ལ་སོགས་གཏམ་དཔེ་དང་དཔེ་ཆོས་གཉིས་ཀའི་མཉམ་བཀོལ་བྱས་ཏེ་མི་སེམས་འགུལ་བའི་བསླབ་བྱ་དང་ཉམས་མྱོང་། གནས་ལུགས་སོགས་མང་པོ་བརྗོད་ཡོད་པས། དེ་གཉིས་ཀྱིས་གཅིག་ལ་གཅིག་བརྟེན་དང་གཅིག་གི་ལེགས་ཆ་གཅིག་གིས་བླངས་ནས་ནང་བསམ་པའི་དཔལ་ཡོན་མཐོར་འདེགས་ཐད་ལ་རིན་བྲལ་གྱི་བྱེད་ནུས་བཏོན་འདུག
        མདོར་ན། དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པའི་གཏམ་དཔེ་དང་རྩོམ་པ་པོའི་རྩོམ་རིག་གི་ཁོངས་སུ་གཏོགས་པའི་དཔེ་ཆོས་གཉིས་ལ་ཐ་སྙད་གྲུབ་སྟངས་དང་ཁྱད་ཆོས། བྱེད་ནུས་འདོན་སྟངས་བཅས་ཕྱོགས་གསུམ་ནས་དབྱེ་ཞིབ་དང་དཔྱད་པ་རགས་ཙམ་བཏང་ཡོང་དུས། དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཉིས་བར་གྱི་དངོས་ཤུགས་ཀྱི་འབྲེལ་བ་དེ་ཡང་མངོན་སུམ་དུ་རྟོགས་ཐུབ། དེ་ལ་རླབས་ཆེན་གྱི་རྩོམ་པ་པོ་ཀོར་ཅིས“རྒྱལ་ཁབ་སོ་སོའི་རླབས་ཆེན་གྱི་སྙན་ངག་པའི་ཕུལ་བྱུང་སྙན་རྩོམ་དེ་དག་དམངས་ཁྲོད་ཀྱི་མཉམ་སྡེབ་གསར་རྩོམ་གྱི་ནོར་མཛོད་ལས་སྙིང་བཅུད་བླངས་པ་ཡིན་ལ་སྔར་ནས་ད་བར་ནོར་མཛོད་དེས་སྙན་ངག་པར་གསོན་ཉམས་ལྡན་པའི་གཟུགས་བརྙན་དང་དཔེ་མཚོན་མཐའ་དག་མཁོ་འདོན་བྱས་པ་ཡིན”ཞེས་དམངས་ཁྲོད་རྩོམ་རིག་གིས་རྩོམ་པ་པོའི་རྩོམ་རིག་ལ་ནང་དོན་དང་རྣམ་པ། རྗོད་བྱེད་ཚིག་གི་མཛེས་པ་བཅས་ལ་མཐུན་རྐྱེན་གྱ་ནོམ་པ་གནང་ཡོད་པ་དང་། གཞན་ཡང“དམངས་ཁྲོད་རྩོམ་རིག་ནི་རྩོམ་རིག་བང་མཛོད་ནང་གི་ཆེས་ཁྱད་དུ་འཕགས་པའི་ནོར་བུ་ཞིག་ཡིན། དེ་ལས་མང་དག་ཅིག་ང་ཚོས་ད་ལྟའང་མིག་གི་ལོངས་སུ་སྤྱོད་རྒྱུ་བྱུང་བ་ནི་དམངས་ཁྲོད་རྩོམ་རིག་ཁོ་རང་ལ་འཚོ་གནས་ཀྱི་ནུས་པ་ཡོད་པ་ལ་བརྟེན་པ་ཙམ་མ་ཟད། རྩོམ་པ་པོ་དང་རྩོམ་པ་པོའི་རྩོམ་རིག་གིས་ཕན་ནུས་ངེས་ཅན་བཏོན་ཡོད་པར་བརྟེན་པ་ནི་བཟློག་ཏུ་མེད་པའི་བདེན་པ་ཞིག་ཡིན” ཞེས་གསུངས་པ་ནི་དོན་གནད་དུ་ཐིངས་པའི་ལེགས་བཤད་དུ་འཁུམས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1