རྟའུ་རྫོང་ཞི་བདེ་ཤང་གདོང་ལེན་གྲོང་སྡེ་ཡིས་ཏང་འཛུགས་སྐྱོང་བྱས་ནས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུ་བསྐྲུན།
སྟོན་ཟླའི་རྟའུ་རྫོང་གི་ནམ་མཁར་སྔོ་ཞིང་དྭངས་ལ་ས་གཞིར་གསེར་མདོག་གིས་བརྒྱན་ཏེ་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྷུག་གེར་ལྡེམ་ཞིང་། གྲོ་ནས་སྲན་གསུམ། ཡུངས་དཀར་སོགས་ཀྱི་འབྲས་བུ་ལ་ལོ་ལེགས་གཡུར་དུ་སྨིན་ཞིང་མཐོ་སྒང་གི་འབྲུ་མཛོད་ཅེས་པའི་མིང་གི་སྙན་པ་ལྷག་ཏུ་རྒྱས། ས་ཆ་འདི་རུ་གདོང་ལེན་གྲོང་སྡེ་ཞེས་པའི་སྡེ་བ་ཞིག་ཡོད་ལ། གྲོང་སྡེ་འདིས་ཡུལ་མཐོ་སྒང་འདིའི་ས་ཆར་ངོ་མཚར་བའི་མཚར་སྒྲུང་ཞིག་གསར་གཏོད་བྱས་དང་བྱེད་བཞིན་ཡོད་པ་རེད།
མཚར་སྒྲུང་འདིའི་རྒྱབ་ཕྱོགས་ཀྱི་གསང་བ་འཚོལ་ཞིབ་བྱ་ཆེད། སྤྱི་ཟླ་9ས་11ཉིན་གསར་འགོད་པ་ཚོགས་པ་ཞིག་ས་གནས་འདི་ལ་ཆེད་དུ་ཕྱིན་ནས་ཡུལ་དངོས་སུ་བཅར་འདྲིའི་ལས་ཀ་སྤེལ་བ་རེད། རྟའུ་རྫོང་ཞི་བདེ་ཤང་གི་གདོང་ལེན་གྲོང་སྡེ་ནས་གདོང་ལེན་པ་སྐོར་ཅིག་ལ་ཐད་ཀར་ཐུག་ཕྲད་བྱས་ཤིང་། ཁོ་ཚོས་ཅི་ལྟར་གུང་ཁྲན་ཏང་གི་དཔེ་བཟང་སྣེ་ཁྲིད་དང་། དཔེ་སྟོན་གྱི་རེ་བ་ནན་པོ། འགན་ཁུར་བའི་འདུ་ཤེས་སོགས་ཀྱི་ཆོད་སེམས་སྐྱེས་ཡོད་པ་སོགས་ལ་རྒྱུས་ལོན་ཟབ་མོ་བྱས་པ་ཡིན་ལ། ཁོ་ཚོས་དབུལ་ཐར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ལམ་བུ་རུ་མང་ཚོགས་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་དཔལ་ཡོན་གྱི་ཡུལ་སྐོར་དཔེ་སྟོན་གྲོང་སྡེ་གསར་སྐྲུན་བྱས་དང་བྱེད་བཞིན་འདུག
འབའ་ཐང་རྫོང་གིས་གནས་སྤོ་དབུལ་སྐྱོར་བྱས་ནས་དབུལ་ཕོངས་མི་སེར་ཕྱུག་འགྱུར་རྨང་གཞི་བཏིང་།
ཟླ་བ་9པའི་ཚེས་12ཉིན། འབའ་ཐང་རྫོང་རྡོ་གཞོང་ཤང་བར་ཤོག་གྲོང་སྡེའི་དབུལ་ཕོངས་དུད་ཚང་ལྷ་མོ་ཚང་སྡོད་ཁང་གསར་པ་རུ་སྤོས་ཤིང་། ཁོ་མོ་དང་འདྲ་བའི་རྡོ་གཞོང་ཤང་གི་གྲོང་སྡེ་ཡོངས་ཀྱི་གཞིས་ཆགས་བཀོད་སྒྲིག་བྱ་ཡུལ་དུ་མུ་མཐུད་ནས་སྡོད་ཁང་གསར་པ་ནང་སྤོ་བའི་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་43ཡོད་པ་རེད།
འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་ལྕམ་པ་གདན་གྲོང་སྡེའི་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ཅ་ལག་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་རྣམས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕར་འགྲོ་ཚུར་འོང་བྱེད་པ་དང་། ཨར་ལས་པ་ཚོས་ལས་ལ་བྲེལ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ་འཛུགས་སྐྲུན་བྱེད་བཞིན་འདུག འདི་ནི་རྫོང་དེའི་ཆེས་ཆེ་བའི་གནས་སྤོ་བཀོད་སྒྲིག་བྱེད་པའི་ལས་གཞི་སྟེ་རྡོ་གཞོང་ཤང་གི་གྲོང་སྡེ་ཡོངས་ཀྱི་གནས་སྤོ་ལས་གྲྭ་ཡིན་པ་རེད།
རྡོ་གཞོང་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྐལ་བཟང་ཟླ་བས་གསར་འགོད་པར་བཤད་དོན། ལས་གཞི་འདི་ལེགས་གྲུབ་བྱུང་རྗེས། འབའ་ཐང་རྫོང་གི་གྲོང་ཁུལ་དང་སྤྱི་ལེ་ཉིས་བརྒྱ་ལྷག་རྒྱང་བའི་རྡོ་གཞོང་ཤང་གི་དབུལ་ཕོངས་ཀྱི་ཡིག་ཚགས་བྱང་བུ་ཡོད་པའི་མང་ཚོགས་ཀྱི་དུད་ཚང་45དང་ས་གཤིས་ཀྱི་གནོད་སྐྱོན་ཐེབས་པའི་དུད་ཚང་75བཀོད་སྒྲིག་བྱ་རྒྱུ་རེད། མིག་སྔར་ལས་གཞིའི་ཁང་པ་49ཡི་ཨར་ལས་མཇུག་སྒྲིལ་ཡོད་ཅིང་། ཁང་པ་གཞན་དག་རྣམས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད། ཡིག་ཚགས་བྱང་བུ་ཡོད་པའི་དབུལ་ཕོངས་མང་ཚོགས་ཀྱི་དུད་ཚང་45སྡོད་ཁང་གསར་པའི་ནང་སྤོས་ཚར་བ་རེད། །
འབའ་ཐང་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་རིམ་སྤར་ཇེ་མགྱོགས་སུ་བཏང་།
ཟླ་བ9པའི་ཚེས12ཉིན་གྱི་སྔ་དྲོར། འབའ་ཐང་རྫོང་སྐོར་བྲོ་ཁྲོམ་ལམ་གྱི་ཨར་ལས་རྒྱལ་ཡུལ་དུ་འཕྲུལ་འཁོར་གྱི་སྒྲའི་ཁེངས་པའི་ཁྲོད་དུ་ཨར་ལས་བཟོ་པ་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་ཨར་ལས་བྱེད་བཞིན་པའི་རྣམ་པ་མངོན་བཞིན་པ་རེད།
ལས་གཞི་དེའི་སྤྱིར་གཉེར་པ་ཝང་ཡུས་ཧྲེང་གིས་ལས་གཞི་འདི་འབའ་ཐང་རྫོང་གི་གྲོང་ཁྱེར་དང་གཞུང་ལམ་བསྒྱུར་བཀོད་དང་རྒྱས་སྐྲུན་བྱ་རྒྱུའི་ལས་གཞིའི་ཡ་གྱལ་ཞིག་ཡིན་པས། ལེགས་འགྲུབ་ངང2017ལོའི་ཞིང་ཆེན་རིམ་པའིpppཡི་དཔེ་སྟོན་ལས་གཞི་རུ་སྙན་ཞུ་བྱེད་ཐུབ་པ་བྱུང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར1.1ཙམ་གཏོང་འཇོག་བྱས་པ་དང་། རྫོང་གི་གྲོང་ཁུལ་དང་འབྲེལ་བ་ཡོད་པའི་གཞུང་ལམ10ཡི་སྤྱིའི་རིང་ཚད་སྤྱི་ལེ5.5ཡོད་པ་རེད། ཨར་ལས་ལེགས་འགྲུབ་བྱུང་རྗེས་འགྱིག་སྣུམ་ལམ་བསྐྲུན་རྒྱུ་དང་། གྲོང་ཁྱེར་གྱི་རིམ་པ་སྤར་རྒྱུ། གནམ་གཤིས་ཀྱི་ཆ་རྐྱེན་དང་འཕྲོད་པའི་གྲོང་ཁྱེར་གྱི་འདུ་ཤེས། གྲོང་ཁྱེར་གྱི་སྐྱེ་ཁམས་འགན་སྲུང་བྱ་རྒྱུ། སྐུད་པ་ཡོད་ཚད་སྦུ་གུ་དང་ས་འོག་སྦས་པ་བཅས་བྱས་ནས་གཅིག་གྱུར་གྱིས་དོ་དམ་དང་འཁོར་སྐྱོད་ཚོང་གཉེར་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།།
བཅར་འདྲི་ཚོགས་པ་དང་པོའི་གྲུབ་མིས་རྟའུ་རྫོང་དུ་བཅར་འདྲི་བྱེད་བཞིན་པ།
བཅར་འདྲི་ཚོགས་པ་གཉིས་པའི་གྲུབ་མིས་འབའ་ཐང་རྫོང་དུ་བཅར་འདྲི་བྱེད་བཞིན་པ།
བཅར་འདྲི་ཚོགས་པ་གསུམ་པའི་གྲུབ་མིས་བྲག་འགོ་རྫོང་དུ་བཅར་འདྲི་བྱེད་བཞིན་པ།
(ཡེ་མགོན་དང་ཨོ་རྒྱན། བདེ་ཆེན། དབྱངས་ཅན་བཅས་ཀྱིས་བསྒྱུར།)