གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ་ཚེ་འཛིན་སྒྲོལ་དཀར།)སྤྱི་ཟླ་9པའི་ཚེས་13ཉིན་གྱི་དགོང་མོར། སྐབས་དང་པོའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ལི་ཐང་དུ་སྤེལ་ཞིང་། ཐེངས་འདིའི་སྙན་ངག་དུས་ཆེན་ནི་ལི་ཐང་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་གསར་འགྱུར་ཅུས། དཀར་མཛེས་ཁུལ་གླུ་གར་ཚོགས་པ་དང་ལི་ཐང་རྫོང་ཏང་ཨུ་དྲིལ་བསྒྲགས་པུའུ་བཅས་ཀྱིས་འགན་སྒྲུབ་གནང་བ་རེད།
ཐེངས་འདིའི་འགོ་ཚུགས་མཛད་སྒོ་ནི་ནང་དོན་བཞིས་གྲུབ་པ་སྟེ། ལི་ཐང་གི་དྲན་པ་དང་ལི་ཐང་གི་སྐྱེ་འགྲོ། ལི་ཐང་ནས་འཕྲད་པ། ལི་ཐང་གི་རྫོགས་ལྡན་བཅས་ཡིན་ལ། མཛད་སྒོའི་སྟེང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་ནང་དོན་ལ་འོད་གཟུགས་སྒྲ་སོགས་དེང་རབས་གར་སྟེགས་ཀྱི་ཁྱད་ཆོས་སྤྲས་ནས་ཕྱོགས་སོ་སོའི་སྙན་ངག་པ་དང་ཞིབ་འཇུག་པ་དག་གི་མིག་གི་དགའ་སྟོན་དུ་བསྟར། གཞན་བོད་ཀྱི་གླུ་མ་གྲགས་ཅན་འཇམ་དབྱངས་སྒྲོལ་མ་དང་ཨ་ཅག་ཚན་སྡེབ། བསམ་ཁོ་སོགས་ཀྱི་སྙན་མོ་ངག་གི་འགྱུར་ཁུགས་ཀྱིས་ཕྱོགས་ཡོང་མགྲོན་པོའི་ཡིད་སེམས་འཕྲོག
མ་འོངས་པའི་ཉིན་གཉིས་ཀྱི་རིང་། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དཔྱད་གླེང་ཚོགས་འདུ་དང་རྟ་རྒྱུག་འཁྲབ་སྟོན། ཁམས་པའི་རྩོམ་པ་པོའི་སྒྲུང་རིང་དཔྱད་གླེང་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།།