ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་པར་དགའ་བསུ་བྱེད་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས"ཏང་གི་བཀའ་དྲིན་གླེང་ཞིང་སྲོག་ཤིང་ལ་དགའ་བ། མཐུན་སྒྲིལ་གླེང་ཞིང་མེས་རྒྱལ་ལ་དགའ་བ། བྱས་རྗེས་གླེང་ཞིང་ཁྱིམ་གཞིས་ལ་དགའ་བ། ཤེས་རིག་གླེང་ཞིང་འཚོ་བ་ལ་དགའ་བ"ཡི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་སྟོན་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་གཙོ་གཉེར་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པ། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་གཉེར་འགན་ཁུར་ཤིང་། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པའི"ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ། བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་སྐབས་བཅུ་པ"ཉེ་སྔོན་པེ་ཅིང་གྲོང་ཁྱེར་གྱི་མི་རིགས་རིག་གནས་ཕོ་བྲང་དུ་སྤེལ་བ་རེད། ཐེངས་འདིའི་འགྲེམས་སྟོན་དུ་ཁྱོན་བསྡོམས་པར་རིས་བརྩམས་ཆོས་198བཀྲམས་ཡོད་ལ། དེའི་ཁྲོད་ཀྱི་བརྩམས་ཆོས་ཁག་གཅིག་ནི་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་དུ་ཚུད་པའི་བརྩམས་ཆོས་ལས་བདམས་པ་དང་། ཁག་གཅིག་ནི་པར་ལེན་རྩ་འཛུགས་ཨུ་ལྷན་གྱི་ཆེད་མངགས་འདོན་སྤྲོད་བྱས་པ་ལས་བདམས་པ་རེད།
2008ལོར། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པས་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་གསར་དུ་བཙུགས་པ་ནས་བཟུང་། རྒྱུན་པར་བོད་ལྗོངས་ས་གནས་སུ་འགྲེམས་སྟོན་བྱས་པ་རེད། ད་ལོར། བོད་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་བསུ་བའི་སྤྲོ་སེམས་དང་མེས་རྒྱས་དར་རྒྱས་གོང་འཕེལ་གྱི་ཡིད་འོང་རེ་སྨོན་མཚོན་ཆེད། པར་རིས་འགྲེམས་སྟོན་གྱི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་སྙན་ཞུ་ཕུལ་ནས་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་སྐབས་བཅུ་པ་ཐེངས་དང་པོར་རྒྱལ་ས་པེ་ཅིང་དུ་སྤེལ་བ་རེད།
སྐབས་འདིའི་བོད་ལྗོངས་ཇོ་རིའི་པར་ལེན་འགྲེམས་སྟོན་ནི་《འགོ་བརྗོད་》དང་། ལེའུ་དང་པོ་《བདེ་སྐྱིད་ཀྱི་ཁྱིམ་གཞིས་》ཞེས་པ། ལེའུ་གཉིས་པ་《ཞི་མཐུན་གྱི་ཁྱིམ་གཞིས་》ཞེས་པ། ལེའུ་གསུམ་པ་《མཛེས་སྡུག་གི་ཁྱིམ་གཞིས་》ཞེས་པ། 《མཇུག་བསྡུ་བ་》ཞེས་པ་བཅས་ཁག་ལྔ་ལས་གྲུབ་ཡོད་པ་རེད།།