ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ལ་ཐུག་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་རྒྱང་སྒྲོག་དྲ་བ། སྤེལ་དུས། 09-20


        ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཞུགས་པའི་འཐུས་མིར་ཐུག་འཕྲད་གནང་པར་མ་ཟད་གཏམ་གལ་ཆེན་བཤད། ཁོང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ནི་གནས་ལུགས་ངོ་མ་ཡིན་པ་དང་བརྟན་འཇགས་ཀྱང་གནས་ལུགས་ངོ་མ་ཡིན་ལ། འཕེལ་རྒྱས་དང་བརྟན་འཇགས་གཉིས་ཀ་དམ་འཛིན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅོས་སྐྱོང་བགྲོད་ལམ་དུ་སྐྱོད་དགོས་པ་དང་ཏང་གི་མགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་དེ་སྤྱི་ཚོགས་བཅོས་སྐྱོང་ཁྱད་སྟོབས་སུ་བསྒྱུར་དགོས་ལ། སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅན་དང་ཚན་རིག་ཅན། རིག་ནུས་ཅན། ཁྲིམས་སྐྱོང་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱོད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་མུ་མཐུད་ནས་འཐུས་ཚང་དུ་བཏང་ནས། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་སྤྱི་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པ། རྒྱལ་ཁབ་ཀྱིས་ཡུན་སྐྱོང་བདེ་འགོད་བྱེད་པ་འགན་སྲུང་བྱེད་དགོས་ཞེས་བསྟན། 
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་གཉིས་ཀ་ཐུག་འཕྲད་ལ་ཞུགས།
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་སོགས་གསེར་ལྡན་ཚོམས་ཁང་དུ་ཕེབས་ཏེ་འཐུས་མི་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་བར་མ་ཟད་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག 
        ཚོགས་ཆེན་སྟེང་ཞི་ཅིན་ཕིང་གིས་གཏམ་བཤད་སྐབས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་སྟེང་དུ་དཀའ་སྤྱད་སྒོས་བྱ་བ་སྒྲུབ་པའི་བློ་མཐུན་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་བཤད་རྒྱུར། བློ་མཐུན་རྣམས་ཀྱིས་རང་རང་གི་ལས་གནས་སུ་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་དང་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབུར་ཐོན་བྱས་རྗེས་བཞག་པ་ནི་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་ཚད་ཤིང་ཡིན་པ་དང་སྤྱི་ཚོགས་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་མིག་དཔེ་ཡིན། ཐེངས་འདིའི་གཟེངས་བསྟོད་ཀྱིས་སྲོལ་བཟང་དར་སྤེལ་བྱེད་པ་དང་རྒྱལ་ཡོངས་ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་ལྕི་མོ་དང་གཟི་བརྗིད་འགན་འཁྲི་དང་ལེན་བཟང་བོ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཅེས་བསྟན། 
        ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ་དེ་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ་འགན་འཁྲིའི་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་དངོས་འབེབས་བཟང་བོ་བྱེད་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་རང་བཞིན་གྱི་གནད་དོན་དུ་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ལ། ཕྱོགས་བསྡུས་བཅོས་སྐྱོང་འཐབ་ཕྱོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ། ཁོ་ཚོར་རྩ་འཛུགས་ཕྱོགས་ནས་རྒྱབ་སྐྱོར་ཐོབ་པ་དང་བྱ་བའི་ཕྱོགས་ནས་གྲུབ་འབྲས་ཐོབ་པ། འཚོ་བའི་ཕྱོགས་ནས་བདེ་སྐྱིད་ལྡན་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས་པར་མ་ཟད། ཡིད་ཆེས་བརྟན་པའི་སྒོ་ནས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དུ་འཇུག་དགོས་ཞེས་བསྟན། 
        མིན་ཅན་ཀྲུའུ་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་སྟོད་ཚོགས་ཆེན་སྟེང་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྤྱིའི་རེ་བ་གསལ་བོར་ཤེས་པར་བྱས་ཏེ། ཕྱོགས་གཅིག་ནས་བདེ་འཇགས་སྲུང་སྐྱོབ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་ཕྱོགས་གཞན་ཞིག་ནས་རྨང་གཞི་བརྟན་པོར་འདིང་བ་དང་ཡུན་རིང་ལ་འཆར་འགོད་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་ཅན་དང་ཚན་རིག་ཅན། རིག་ནུས་ཅན། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཧུར་ཐག་སྒོས་སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས་ཞེས་བཤད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1