དཔལ་ཡུལ་རྫོང་གིས་མུ་མཐུད་ནས་ཁོར་ཡུག་གཙང་སྦྲའི་ལས་ཀར་ནུས་ཤུགས་འདོན་གང་ཐུབ་བྱས།

ཕུན་ཚོགས་སྒྲོལ་མས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-21


        ཉེ་ཆར། དཔལ་ཡུལ་རྫོང་གིས་ཞིང་ཆེན་རིམ་པའི་རྫོང་གི་གྲོང་ཁུལ་གསར་འཛུགས་བྱེད་པའི་ལས་ཀར་སྐུལ་འདེད་གཏོང་ཆེད། འབྲེལ་ཡོད་ཚོགས་འདུའི་སྙིང་དོན་དང་ལས་ཀའི་བཀོད་སྒྲིག་ལྟར། རྫོང་དང་ཡུལ་ཚོ། གྲོང་སྡེ་ཚང་མས་སེམས་ཤུགས་གཅིག་སྒྲིམ་གྱིས་རང་རེའི་འཚོ་གནས་བྱེད་སའི་ཁོར་ཡུག་གཙང་སྦྲ་བྱ་རྒྱུའི་ལས་ཀར་ནུས་ཤུགས་གང་ཡོད་འདོན་པ་རེད།
        ཡུལ་ཚོ་ཁག་གི་སྡེ་འདུག་ལས་བྱེད་པས་གཙོ་འགན་ཁུར་ནས། གྲོང་སྡེ་དེ་གའི་མི་ཚང་མ་ལ་བདེ་ཐང་སློབ་གསོ་དང་རང་སོ་གནས་སའི་ཁྱིམ་གཞིས་དྲོན་མོ་འདི་སྲུང་སྐྱོང་བྱ་དགོས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་སྐབས། པད་ལུང་གྲོང་པའི་གྲོང་མི་ཚེ་རིང་དཔལ་མོས་ང་ཚོས་དུས་རྒྱུན་རང་གི་ཁང་པའི་ནང་གི་གཙང་སྦྲ་བཟོ་རྒྱུར་གཟབ་ནན་བྱས་པ་མ་གཏོགས། རང་གི་ཁང་པའི་ནང་གི་གད་སྙིགས་ཁྱེར་ནས་གྲོང་སྡེའི་འདབས་དང་ཞིང་ཁའི་བར། སྲང་ལམ་འགྲམ། ཡང་ན་ལུང་པའི་ཆུ་ཕྲན་ནང་དུ་འཕེན་རྒྱུར་གོམས་པ་དང་། ལས་སྟངས་འདིར་ལུང་པ་གཞན་དང་ཡང་ན་ས་ཆ་གཞན་ནས་ཡོང་བའི་མི་རྣམས་ཀྱིས་མཐོང་སོང་ན། ང་ཚོ་རང་ཉིད་ཀྱི་སྤྱོད་ཚུལ་ཞན་པ་དང་གོམས་གཤིས་བཙོག་པ་ཆགས་ཡོད་པ་མཚོན་པར་མ་ཟད། ཁ་སང་དེ་རིང་གི་ནད་ངན་མང་བོ་ཞིག་ལུང་པ་འདི་ལས་ཐོན་ན་མ་གཏོགས་གཞན་ཅི་ཡང་འགྲུབ་ས་མ་རེད། ད་ནི་ལས་བྱེད་པའི་སྒྲོག་འགྲེལ་ནང་བཞིན་ལུང་པར་གཙང་སྦྲ་ལ་འཛེམ་དགོས་ས་རེད་ཅེས་ཚོགས་འདུའི་ནང་དུ་ཟེར་བཞིན་འདུག
        རྫོང་དེའི་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་ཁོར་ཡུག་གཙང་སྦྲ་བྱེད་པའི་ཆེད་ལས་སྤྱི་གཉེར་ཁང་གིས་གཙོ་འགན་ཁུར་ནས། གྲོང་པའི་གཙང་སྦྲ་ཐད་མི་རྣམས་ཀྱིས་ཉིན་མོའི་མི་དང་མཚན་མོའི་ཁྱི་ཡིས་རང་གི་ས་མཚམས་ཀྱི་གཙང་སྦྲ་ལ་བལྟས་ཏེ། སྔོ་སངས་སངས་ཀྱི་ཨ་སྔོན་འོག་ཏུ་མཐོ་སྒང་གི་དྲི་མེད་དྭངས་གཙང་གི་གྲོང་ཁྱེར་མནལ་མ་ཞིག་མངོན་བཞིན་འདུག
        ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་རྫོང་ཡོངས་ཀྱི་ཡུལ་ཚོ་ཁག་དང་གྲོང་སྡེ་ཁག་གིས་ཁོར་ཡུག་གཙང་སྦྲའི་ལས་ཀ་ནི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས། ཁང་པའི་ལྟག་འོག་དང་ཕྱི་ནང་། ལམ་ཁར། ཆུ་ཁའི་འགྲམ། སྤང་ཐོག་ཏུ་ཆེད་དུ་སོང་སྟེ། ཁོར་ཡུག་བཅོས་སྐྱོང་གི་ལས་ཀར་ནུས་ཤུགས་འདོན་གང་ཐུབ་བྱེད་པ་དང་། རང་གི་འཚོ་རྟེན་གྱི་གནས་འདིར་སྲུང་སྐྱོབ་བྱེད་དགོས་པའི་འདུ་ཤེས་ཉིན་རེ་བཞིན་ཇེ་ཆེ་དང་ཇེ་བརྟན་དུ་འགྲོ་བཞིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1