ཕུར་བུ་རྡོ་རྗེ།
དེ་ཡང་ཉིང་ཁྲི་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོ་ཁུལ་ན་ཆགས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཤར་ན་ཆབ་མདོ་གྲོང་ཁྱེར་གྱི་དཔའ་ཤོད་རྫོང་དང་མཛོ་སྒང་རྫོང་། དེ་བཞིན་ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དང་ས་འབྲེལ་ཡིན་པ་དང་། ལྷོ་ངོས་ལ་འབར་མ་དང་རྒྱ་གར་གཉིས་དང་ས་འབྲེལ་ཡོད་པ་རེད། ནུབ་ངོས་ལ་ལྷོ་ཁ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར། བྱང་ངོས་ལ་ནག་ཆུ་ས་ཁུལ་གྱི་ལྷ་རི་རྫོང་དང་།
ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབར་དང་(ལྷོ་རོང་།)སོགས་དང་ས་འབྲེལ་ཡིན་པ་རེད། ཉིང་ཁྲི་གྲོང་ཁྱེར་དེ་བོད་རང་སྐྱོང་ལྗོངས་ཀྱི་ངོས་ནས་བཤད་ན། ས་བབ་དམའ་ཞིང་གནམ་གཤིས་དྲོ་བ། རྩྭ་དང་རྩི་ཤིང་འབེལ་བ། གཅན་གཟན་དང་རི་དྭགས་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ། ཡུལ་ལྗོངས་ཡང་ལྟ་ན་སྡུག་པའི་གྲོང་ཁྱེར་ཞིག་རེད། གྲོང་ཁྱེར་དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་11.4དང་མི་ཁྲི་20.3ཡོད། ཉིང་ཁྲི་ལ་ཀོང་པོ་ཡང་ཟེར། རྒྱུ་མཚན་ནི་ལོ་རྒྱུས་ཐོག་ལ་ཀོང་པོ་ཟེར་བ་དེ། དེང་སྐབས་ཀྱི་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཡིབ་ཆུས། སྨིན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་གི་ཆ་ཤས་བཅས་ལ་ཀོང་པོ་ཞེས་ཏེ། ཡུལ་གྱི་ཆགས་དབྱིབས་ཀོང་ཀོང་ཡིན་པས་ཀོང་རོང་ཡང་ཟེར། སྔོན་ཆད་ཀྱི་དེང་སྐབས་ང་ཚོས་མཐོང་རྒྱུ་ཡོད་པའི་དེ་མོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེའི་ཐོག་རྐོང་ཞེས་བྲིས་ཡོད། ད་ལྟ་ཉིང་ཁྲི་ཟེར་བ་དེ་བྲག་ཡིབ་ཆུས། སྨན་གླིང་རྫོང་། སྣང་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྤོ་བོ་རྫོང་། རྫ་ཡུལ་རྫོང་། མེ་ཏོག་རྫོང་སོགས་རྫོང་ཁག་6དང་ཆུས་1གི་སྤྱི་མིང་ལ་ཟེར། ཉིང་ཁྲི་ཟེར་བ་དེ་སྔོན་ཆད་གྲོང་ཚོ་ཆུང་ཆུང་གཅིག་གི་མིང་རེད། འོན་ཏེ་རྗེས་སུ་གྲོང་ཁྱེར་གྱི་མིང་ལ་ཆགས་པའི་རྒྱུ་མཚན་ནི་1960ལོ་ལ་དྭགས་ཀོང་སྤྱི་ཁྱབ་ཟེར་བའི་སྲིད་འཛིན་ལས་ཁུངས་ཤིག་བཙུགས་པ་དང་། ལོ་དེའི་ཟླ་བ་2པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉིང་ཁྲི་ཀྲོན་ཡོན་ཀུང་ཧྲུའུ་ཟེར་བའི་མིང་དེ་བྱས་ནས་བསྒྱུར།
ཉིང་ཁྲི་ཞེས་བསྒྱུར་དགོས་པའི་རྒྱུ་མཚན་གཙོ་བོ་དེ། སྐབས་དེའི་ཀྲོན་ཡོན་ཀུང་ཧྲུའུ་དེ་ཆགས་ས་ཉིང་ཁྲི་གྲོང་ཚོ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད་དེ། ཡིན་ནའང་ང་ཚོའི་ལང་ཀར་གཤེགས་པའི་མདོ་ལས། མིང་དུ་གདགས་པར་མ་གྱུར་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་བཏགས་པར་བྱ། །གསུངས་པ་ནང་བཞིན་མིང་དེ་དེ་འདྲ་བཏགས་པ་རེད་མ་གཏོགས། དངོས་གནས་ས་ཁྱོན་བྱེད་དགོས་ན། གཅིག་ནས་ཀོང་པོ་དེ་ས་རྒྱ་ཆེ་བ་དང་། གཉིས་ནས་ཉིང་ཁྲི་ཟེར་བ་དེ་རྒྱ་ཆུང་ཆུང་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་དེ་ས་བབ་དམའ་ཞིང་ནགས་ཚལ་གྱི་ཐོན་ཁུངས་འབེལ་བ། ཡུལ་ལྗོངས་མཛེས་པོ་དེ་འདྲ་ཞིག་ཡིན་པས། ཡུལ་དེ་དང་འབྲེལ་བའི་ཤུལ་བཞག་རིག་གནས་མང་པོ་ཡོད། ལྷོ་པ་མེས་པོའི་གཏམ་རྒྱུད་ཟེར་བའི་དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་ཤིག་ཡོད་དེ་རྒྱལ་ཁབ་རིམ་པའི་དམངས་ཁྲོད་རྩོམ་རིག་གི་གཟུགས་མེད་རིག་གནས་ཀྱི་ཁོངས་སུ་ཐོ་བཀོད་ཡོད་པ་རེད། ལྷོ་པ་ཟེར་བ་དེ་ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་རྫོང་། སྨན་གླིང་རྫོང་། རྫ་ཡུལ་རྫོང་བཅས་རྫོང་གསུམ་ནང་ཁྱབ་ཡོད། ལྷོ་པའི་མི་ད་ལྟ་འཛམ་གླིང་ཐོག་མི་གྲངས་ཁྲི་60ཙམ་ཡོད། དེའི་ནང་རང་རྒྱལ་མངའ་ཁོངས་སུ་མི་གྲངས་སྟོང་ཁ་ཤས་མ་གཏོགས་མེད། ལྷོ་པ་ཟེར་བ་དེ་ང་ཚོ་ཉིང་ཁྲི་གྲོང་ཁྱེར་གྱི་ནང་ལོགས་ལ་མཚོན་ན། དེང་སྐབས་མེ་ཏོག་རྫོང་ཟེར་བ་སྟེ་སྔོན་གྱི་པད་མ་བཀོད་དང་། ལྷོ་ཡུལ་ཞེས་པའི་ཁོངས་སུ་ཁྱབ་ཡོད། ཕྱིས་སུ་མོན་པ་གཞིས་ལྷོ་ཡུལ་ལ་སྤོས་ཏེ་ལྷོ་པ་ཡི་གཞིས་དེ་འདྲའི་ནང་ཆགས་པ་རེད། ལྷོ་པ་དང་མོན་པ་འདྲེས་མ་རུ་གྱུར། ཕྱིས་སུ་བོད་ས་གནས་སྲིད་གཞུང་གི་སྐབས་སུ་མོན་པ་དང་ལྷོ་པའི་བར་ལ་ཐོན་ཁུངས་ཀྱི་ཐད་དང་། དེ་བཞིན་ཆོས་ལུགས་ཀྱི་རྩོད་པ་བྱུང་། བཤད་སྲོལ་ལྟར་ན། མོན་པ་སྟེ་ད་ལྟའི་མེ་ཏོག་རྫོང་ཟེར་བ་དེར་རིན་ཆེན་སྤུངས་ཟེར་བའི་དགོན་པ་ཞིག་བཞེངས། དེ་བཞེངས་པའི་སྐབས་སུ་ལྷོ་པས་བྱས་ན། ཐོན་ཁུངས་ཀྱི་རྩོད་པ་དང་ཆོས་ལུགས་ཀྱི་རྩོད་པ། ལྷོ་པས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་མི་བྱེད་པར་གདོད་མའི་ཆོས་ལུགས་ལ་དད་པ་བྱེད་པར་རྩོད་པ་ལས་དམག་འཁྲུག་ལངས།
མེ་ཏོག་རྫོང་གི་རྡོ་ཁོག་བཟོ་རྩལ།
ལྷོ་པ་ཟེར་བ་དེ་ཧི་མ་ལ་ཡའི་ལྷོ་ངོས་ན་ཆགས་ཡོད། ཡུལ་དེ་ན་ཤིང་ནགས་ཧ་ཅང་འབེལ་བ། ཚ་བ་ཤིན་ཏུ་ཆེ་བས་གཙོ་བོ་རྔོན་བདའ་བར་བརྟེན་ནས་འཚོ་བ་རེད། ལྷོ་པ་ལ་མེས་པོའི་གཏམ་རྒྱུད་ཟེར་བའི་སྒྲུང་རིང་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ནི་དངོས་ཡོད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་རེད། ལྷོ་པའི་ནམ་རྒྱུན་འཚོ་བ་ལ་སྔོན་མའི་ལུགས་སྲོལ་ལྟར་ན། གཉེན་སྒྲིག་མ་བྱས་པ་དེ་ཚོ་ཁང་པ་གཅིག་ཏུ་རུབ་རུབ་བྱས་ནས་འཚོ་བ་སྐྱེལ་བ་རེད། མཚན་གུང་ལ་ཕན་ཚུན་སྒྲུང་བཤད་དེ། མི་གཅིག་གིས་བཤད་པས་གཉིས་ཀྱིས་དེ་ལ་ཁ་གསབ་བྱས་ཏེ། མང་ནས་མང་དུ་རིང་ནས་རིང་དུ་གྱུར་ཞིང་དེ་ལྟར་ཕུན་སུམ་ཚོགས་པོ་ཆགས་པ་རེད་སྙམ། གཞན་ཡང་ལྷོ་པའི་སྒྲུང་དེ་ལ་ཁྱད་ཆོས་ག་འདྲ་ཡོད་ཟེར་ན། ང་ཚོ་བོད་རིགས་ཀྱི་སྒྲུང་གི་ལྟ་བ་དང་ཡང་ཅུང་མི་འདྲ་བ་ཡོད། མེས་པོའི་བཤད་རྒྱུན་ཟེར་བའི་སྒྲུང་དེའི་ནང་། འཇིག་རྟེན་ཐོག་དང་པོ་ས་དང་གནམ་གཉིས་མ་གཏོགས་གཞན་དངོས་པོ་གང་ཡང་མེད་ཟེར། དེ་ནས་གནམ་དང་ས་གཉིས་འབྲེལ་བ་དང་ཁ་སྦྱོར་བྱས་པ་ལས་ཉི་མ། ཟླ་བ། སྐར་མ་བྱུང་། དེ་བཞིན་གཞི་ནས་གཅན་གཟན་རི་དྭགས་བྱུང་། གཅན་གཟན་ལས་སྟག་ཟེར་བ་དེ་ལྷོ་པའི་མེས་པོ་རེད་ཟེར། དེར་བརྟེན་ལྷོ་པའི་གོམས་གཤིས་ཁྲོད། སྟག་དེ་རྩ་བ་ནས་གསོད་མི་རུང་། སྔོན་ཆད་གསང་མདའ་ཞེས་པ་ཞིག་འཛུགས་སྲོལ་ཡོད་དེ། གལ་སྲིད་དེའི་ནང་སྟག་ཚུད་དེ་ཤི་བ་ཡིན་ན། སྡེ་པའི་ཚོགས་པ་འཛོམས་ནས་ཆོ་ག་རྒྱས་པོ་སྤེལ་ཏེ་དགོངས་ཞུའི་ཚུལ་བྱ་དགོས་པའི་བཤད་སྲོལ་ཡོད། ལྷོ་པའི་མེས་པོའི་གཏམ་རྒྱུད་ཟེར་བ་དེ། དམངས་ཁྲོད་རྩོམ་རིག་ཁྲོད་རྒྱལ་ཁབ་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་བཀོད་ཡོད།
མོན་པའི་སྨྱུག་བསླས་ལག་རྩལ།
དེ་ཡང་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་འཁོད་པའི་ལྷོ་པའི་རྒྱན་གོས་ཟེར་བའི་ཤུལ་བཞག་རིག་གནས་དེ་གསལ་པོ་ཞིག་བཤད་དགོས་ན། ལྷོ་པའི་རས་འཐག་པ་དང་།
གྱོན་ཆས་བཟོ་བ་གོ་རིམ་བཞིན་བཤད་དགོས། རས་འཐག་པའི་རྒྱུ་ཆ་གཙོ་བོ་དེ་གཅིག་ནས་སྲོ་མ་ར་ཛ་ཟེར་བའི་སྐྱེ་དངོས་གཅིག་གི་པགས་པའི་པགས་ཤུན་ཚུར་བཏོན་ནས་སྣལ་མ་བཟོ་བ་དང་། གཉིས་ནས་སྲིན་བལ་སྣལ་མ་བཟོ་བ། གསུམ་ནས་བལ་ལས་སྣལ་མ་བཟོ་བ། བཞི་ནས་ར་ཡི་སྤུ་སྟེ་ར་རྩིད་ཀྱིས་སྣལ་མ་བཟོ་བ་སོགས་རྒྱུ་ཆ་བྱས་ནས། ལྷ་སའི་སྐད་ཀྱི་སྣམ་བུ་འཐག་བྱས་གྱོན་ཆས་བཟོ་བཞིན་ཡོད། གྱོན་ཆས་ཀྱི་ཐོག་ནས་བཤད་ན། ང་ཚོ་བོད་རིགས་ཀྱི་གྱོན་ཆས་དང་མོན་པ་རིགས་ཀྱི་གྱོན་ཆས་དང་མི་འདྲ་བ། ས་གཞིའི་ཐོག་ནས་བྱས་ན་ཆ་ཚང་ནག་པོ་བྱེད་དགོས་པ། ཐུང་ཐུང་ཡིན་པ། མགོ་ཤུབ་ཞེས་པའི་ཀོང་པོའི་གྱོན་གོས་དང་མཚུངས་པ། ཡིན་ཡང་མགོ་ཤུབ་དེ་སྤྱིར་བཏང་ར་རྩིད་ལས་འཐག་པ། སྣམ་བུས་བཟོས་པ་མ་གཏོགས། སྣམ་བུ་རང་གིས་བཟོས་པའི་མགོ་ཤུབ་ཉུང་། བུད་མེད་ཀྱིས་ཕྱུ་པ་བཟོ་བ་དང་། ཕྱུ་པའི་ཚོན་མདོག་ནག་པོ་བྱེད་པ། བུ་ཡིས་སྨྱུག་མའི་ཞྭ་མོ་གོན་པ། དེའི་མཐའ་ལ་དོམ་གྱི་པགས་པའི་རྒྱན་ཆ་བཟོས་ནས་རྫིག་ཉམས་དོད་པོ་དང་། རྔམ་ཟིལ་ཆེན་པོ་བཟོ་བའི་ལུགས་སྲོལ་ཡོད། བུ་མོ་ཡིན་ན་ཞྭ་མོ་གོན་པའི་ལུགས་སྲོལ་མི་འདུག
ལྷག་པར་དུ་སྐྲ་རིང་པོ་ལན་བུ་མ་བརྒྱབ་པ་བྱེད་སྲོལ་ཡོད་པ་རེད། ལྷམ་གྱི་སྟེང་ནས་བཤད་ན། ལྷོ་པ་སྡོད་ས་ཡི་ཁུལ་དེ་ནི་ཚ་བའི་ཁུལ་ཡིན་པས། ཆར་པ་མང་ཞིང་གནམ་ཆར་འབེལ་པོ་ཡོད་པས་ལྷམ་རྩ་བའི་ཆ་ནས་མི་གོན་པའི་ལུགས་སྲོལ་ཡོད།
ཏེང་པ་བུད་མེད་ཀྱི་རྒྱན་གོས། རན་ཞའེ་དབྱིན་གྱིས་པར་བླངས།
དེ་བཞིན་ང་ཚོ་ཉིང་ཁྲི་ཡི་ཁོར་ཡུག་དང་འབྲེལ་བ་ཡོད་པའི་གཟུགས་མེད་ཤུལ་བཞག་རིག་གནས་ལས་རྫ་ཡུལ་གྱི་ཤིང་ཕོར་ཞེས་པ་སྟེ། རྫ་ཡུལ་གྱི་ཤིང་ཕོར་དེ་ཐོ་བཀོད་དུས་ཤིང་ཕོར་ཡིན་ཡང་། འོན་ཀྱང་ཕོར་པ་མ་ཚད་པའི་ཅ་ལག་མང་པོ་ཞིག་བཟོ་བཞིན་ཡོད། རྒྱུ་མཚན་ནི་གཙོ་བོ་རྫ་ཡུལ་ཟེར་བ་དེ་ཤིང་ནགས་འབེལ་པོ་ཡོད་པར་མ་ཟད། ཤིང་གི་རིགས་ལ་ཡང་འདྲ་མི་འདྲ་བ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཤིང་གི་རིགས་དེའི་ནང་ཁ་ཤས་ལ་ཁྲ་ཡོད་པ་དང་ཁ་ཤས་ལ་ཐིག་ཡོད་པ། རི་མོ་རྣམ་པ་སྣ་ཚོགས་ཡོད་པ་མང་པོ་རེད། སྔོན་མའི་ལོ་རྒྱུས་ཐོག་ལ། ཤིང་གི་ཕོར་པ་ལས་ལྕགས་དང་དཀར་ཡོལ་དཀོན། དེ་བས་ཤིང་གི་ཕོར་པ་བཟོས། གཅིག་ནས་སོ་སོའི་འཚོ་བའི་མཁོ་ཆས་དང་། གཉིས་ནས་ཡུལ་ཕན་ཚུན་བར་དངོས་ཟོག་བརྗེ་རེས་བྱེད་ཆས་བྱས་ནས་སོ་སོའི་ཡོང་འབབ་འཕར་ཐབས་ཀྱི་ལག་རྩལ་ཞིག་ལ་བརྩི་བཞིན་ཡོད། དེ་ཡི་ཁྱད་ཆོས་ནས་བཤད་དགོས་ན། རྫ་ཡུལ་གྱི་ཕོར་པ་ཡག་ཤོས་དེ་ལ་རྫག་ཕོར་ཟེར་བ་དང་། དེ་ནས་སེང་ཐག་ཟེར་བ། དེ་ནས་གར་དམར་ཟེར་བ་སོགས་ཧ་ཅང་མང་པོ་ཞིག་འདུག རི་མོའི་སྟེང་ནས་བཤད་ན་རི་མོ་སྙིང་རྗེ་ཞིང་ཕུན་སུམ་ཚོགས་པོ། གཙོ་བོ་བཟོ་ཡ་ལག་རྩལ་དེ་ཤིང་གི་ཕོར་པ་རེད། སྒོག་ཕོར་རེད། དེ་ནས་ཤིང་གི་རྩམ་ཕོར་རམ་རྩམ་སྒམ་ཟེར་བ་ལྟ་བུ། ད་དུང་གཞན་གྱི་འཚོ་བའི་མཁོ་ཆས་ཡང་བཟོ།
དེ་ཡང་ཁོར་ཡུག་དང་འབྲེལ་ནས་བཤད་ན། མེ་ཏོག་རྫོང་གི་རྡོ་ཁོག་བཟོ་རྩལ་ཟེར་བ་དེ་ཡང་རང་སྐྱོང་ལྗོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་ཐོ་བཀོད་ཡོད་དེ། སྔོན་མ་ལྟར་ན་སྐད་གྲགས་ཆེ་བའི་ལག་རྩལ་ཞིག་རེད། སྔོན་མར་བཀོལ་སྣོད་ཐོག་ནས་བཤད་ན། ད་ལྟ་ནང་བཞིན་ཧ་ཡང་དང་ལྕགས་རིགས་དཀོན་པས་ཁོར་ཡུག་དེ་ལ་བརྟེན་ནས་སོ་སོའི་ལག་རྩལ་གསར་གཏོད་བྱས། མེ་ཏོག་གི་རྡོ་ཁོག་བཟོ་རྩལ་ཞེས་ཁག་ཅིག་གིས་རྡོ་ཡི་ཁོག་མ་ཟེར་བ་དང་ཁག་ཅིག་གིས་རྡོ་ཡི་རྫ་མ་ཡང་ཟེར། དེ་ནི་མེ་ཏོག་རང་གི་གཏེར་ཁ་ནས་ཐོན་པའི་རྡོ་མཉེན་པོ་དང་འཇམ་པོ་གཅིག་གིས་བཟོ་བཞིན་ཡོད། ལག་རྩལ་དེ་ཐོག་མར་ལྷོ་པ་ཡིས་ལག་རྩལ་སྤྱད་ནས་བཟོ་བཞིན་ཡོད། དེ་ནས་མོན་པ་ཡིས་ལག་རྩལ་དེ་སྤྱོད་བཞིན་ཡོད། ད་ལྟ་ཡིན་ན་མོན་པ་དང་ལྷོ་པ་གཉིས་ནས་ལག་རྩལ་དེ་བེད་སྤྱོད་བཏང་ནས་རྡོ་ཁོག་དེ་འབོར་ཆེན་པོ་བཟོ་བཞིན་ཡོད། རྡོ་ཁོག་གི་ཁྱད་ཆོས་གཙོ་བོ་ནི་ནང་ལ་ཟ་མ་གང་འདྲ་ཞིག་བཙོས་ན། ཚོས་མགྱོགས་ཤིང་ཤུགས་ཆེ་བ། བྲོ་བ་གཞན་དང་མི་འདྲ་ཞིང་བྲོ་བ་ཉམས་མི་འགྲོ་བ། དེང་གི་ཚན་རིག་ཐོག་ནས་བཤད་ན། དེའི་ནང་གཞི་རྒྱུ་མང་པོ་འདུས་ཡོད་པར་འཆད། དེང་སྐབས་ཡུལ་སྐོར་བའམ་ཕྱིར་ལོག་ཐག་རིང་གི་མི་སུ་ཡིན་རུང་མེ་ཏོག་ལ་སླེབས་པའི་ཞོར་ལ་ཡིན་གཅིག་མིན་གཉིས་རྡོ་ཡི་ཁོག་མ་ཞིག་ཉོས་ནས་སོ་སོའི་ཕ་ཡུལ་ལ་འཁྱེར་ཐབས་བྱེད་བཞིན་འདུག
ལྷོ་པའི་སྐྱེས་པའི་རྒྱན་གོས།
དེ་བཞིན་མོན་པའི་སྦ་བསླས་ལག་རྩལ་ཟེར་བ་སྦ་དང་སྨྱུག་མ་བསླས་ནས་བཟོས་པའི་དངོས་པོ་ཞིག་ཡོད། མོན་པའི་སྨྱུག་བསླས་ལག་རྩལ་ཟེར་ནའང་འདྲ། སྦ་བསླས་ལག་རྩལ་ཟེར་ནའང་འདྲ། དེ་ཡང་གཙོ་བོ་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་གྱི་མོན་པ་ཆགས་ཡུལ་གཙོ་བོ་དེ་མེ་ཏོག་རྫོང་གི་ཁོངས་གཏོགས་རེད། མེ་ཏོག་རྫོང་གི་ཁོངས་ལ་སྦ་དང་སྨྱུག་མ་ཧ་ཅང་འབེལ་པོ་ཡོད་པས། ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་བྱས། སྨྱུག་མ་དེ་ཕར་གཤག པགས་པ་དེ་ཚུར་བཀོག་བྱས་ནས། ལྷ་སའི་སྐད་བྱས་ན་སློག་མ་ཟེར་བ་རེད། དེ་འདྲ་བཟོ་བ་དང་དེ་བཞིན་གྱི་སྣོད་ཆས་འདྲ་མི་འདྲ་བསླས་བྱས་བཟོ་བཞིན་ཡོད། དེང་སྐབས་ལག་རྩལ་དེ་མ་ཉམས་པའི་ཆེད་དུ། ཆེད་མངགས་ཀྱིས་ཁོང་ཚོས་ཚོགས་པ་དེ་འདྲ་བཙུགས་ནས། ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་སྦ་ཡིས་བཟོས་བའི་མཁོ་ཆས་དེ་ཚོ་ལ་གོང་ཡིན་ནའང་ཧ་ཅང་མཐོ་པོ་ཁུག
འཁྲབ་སྟོན།
དེ་ནས་ཡང་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པ་སྐྱེམས་སྟོང་བོད་ཤོག་ཟེར་བ་དེ་ཡང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་ཡིན་པ་དང་ལོ་རྒྱུས་ཐོག་སྐད་གྲགས་ཤིན་ཏུ་ཆེ། སྐྱེམས་ཤོག་བཟོ་བའི་རྒྱུ་ཆ་དེ་ཡང་སྣང་རྫོང་ཟེར་བའི་ས་ཆ་དེ་ནས་རིའི་སྟེང་གི་ལྗོན་ཤིང་གི་པགས་པ་མར་བཀོག་ནས། པགས་ཤུན་ལས་སྣོན་བྱས་ཏེ་བཟོས་པའི་ཤོག་གུ་ཞིིག་རེད། ཤོག་གུ་དེའི་ཁྱད་ཆོས་གཙོ་བོ་ནི་གཅིག་ནས་འབུ་ཡིས་མི་བཟའ་བ་དང་། གཉིས་ནས་ཡི་གེ་བྲིས་ན་སྣག་ཚ་རྒྱུག་པོ་ཡོད་པ། གསུམ་ནས་མཉེན་ཆ་དོད་པོ་ཡོད་པ། སྤྱིར་བཏང་ལས་སླ་པོོར་རལ་མི་འགྲོ་བ་སོགས་ཀྱི་ཁྱད་ཆོས་ཡོད། སྔོན་ཆད་དགའ་ལྡན་ཕོ་བྲང་གི་སྐབས་སུ། སྐྱེམས་ཤོག་ཟེར་བ་ཆེད་མངགས་བོད་ས་གནས་སྲིད་གཞུང་ལ་མཁོ་འདོན་བྱ་རྒྱུ་ཞིག་ལ་བརྩི་ཞིང་། གཙོ་བོ་བེད་སྤྱོད་གཏོང་ས་ལ་གཅིག་ནས་མཐིང་ཤོག་ཟེར་བ་དེ། གསེར་བྲིས་དང་དངུལ་བྲིས་ཀྱི་དཔེ་ཆ་བྲི་ས། མདོག་སྔོན་པོ་ཡིན་པ་ཞིག་ལ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། གཉིས་ནས་དགའ་ལྡན་ཕོ་བྲང་གི་གཞུང་ཡིག་བྲི་སའི་ཤོག་གུ་གཙོ་བོ་ཡིན་པ། གསུམ་ནས་སྔོན་བོད་ཀྱི་དངུལ་ལོར་བཟོ་ས། དངུལ་པར་རྒྱག་སའི་རྒྱུ་ཆ་ཤོག་གུ་ལ་མཁོ་འདོན་བྱེད་པར་སྨྲ། དེང་སྐབས་ལག་རྩལ་དེ་མི་ཉམས་པའི་ཆེད་དུ། སྐྱེམས་སྟོང་བོད་ཤོག་བཟོ་གྲྭ་ཞེས་བཟོ་གྲྭ་ཆུང་ཆུང་གཅིག་བཙུགས་ཏེ་ད་ལྟའི་ལག་རྩལ་བེད་སྤྱོད་བྱས་ནས། འོས་འཚམ་གྱིས་བོད་ཤོག་ལས་སྣོན་བྱེད་བཞིན་ཡོད། ཡིན་ཡང་འབོར་ཆེན་བཟོས་པ་ཡིན་ན། གཅིག་ནས་རིའི་སྟེང་གི་རྩི་ཤིང་ལ་གནོད་འཚེ་ཡོང་བ་དང་། གཉིས་ནས་ཆུ་ལ་བཙོག་འགྱུར་ཡོང་བཞིན་ཡོད་པས། དེང་སང་ཚོད་བཀག་བྱས་ཡོད། མི་གཞི་དེ་ནི་ཁྲོམ་རར་འཁོར་རྒྱུག་ཡོད་པ་དང་། ལྷག་པར་དུ་དགོན་པ་ཁག་ཏུ་དགའ་བསུ་ཐོབ་པའི་ཤོག་གུ་ཞིག་རེད། །