དེ་རིང་ནས་བཟུང་སྐར་མ་བཅུས་ཁྲོ་ལ་རི་བོ་བརྒལ་ཆོག

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-27


       

         དེ་རིང་སྤྱི་ཟླ་9པའི་ཚེས་26ཉིན་གྱི་ཞོགས་པའི་ཆུ་ཚོད་10དང་སྐར་མ་30ཐོག་ཁྲོ་ལ་རི་བོའི་ཕུག་ལམ་ནས་རླངས་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་། ཕུག་ལམ་ཁོ་ནའི་རིང་ཚད་ལ་སྨི་7079ཡོད་ལ།ཕུག་ལམ་གྱི་སྒོ་ཁར་མཚོ་ངོས་མཐོ་ཚད་སྨི་4378ཡོད་ཅིང་།  སྔོན་ཆུ་ཚོད་གཉིས་ལྷག་ལ་སྐྱོད་དགོས་པའི་ཁྲོ་ལའི་ལམ་ཐག་དེ་ད་ལྟ་སྐར་མ་ལྔ་ནས་བཅུ་བར་གྱི་དུས་ཡུན་ལས་མི་དགོས།  གཞན་ཡང་ལས་གཞི་འདིར་མ་དངུལ་སྡོམ་འབོར་དམངས་སྒོར་དུང་ཕྱུར་11.5བཏང་ཡོད་པ་རེད།

        སྡེ་དགེ་རྫོང་གི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ།  ཨར་ལས་ཚན་པའི་འཐུས་མི།  མང་ཚོགས་ཀྱི་འཐུས་མི་སོགས་ཡུལ་དངོས་སུ་མཉམ་འཛོམས་བྱས་པ་དང་འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་ཕུག་ལམ་ལེགས་གྲུབ་བྱུང་བར་དགའ་སྤྲོའི་ངང་བསུ་མ་བྱས།  ཉིན་འདི་ནས་ཉེན་ཁ་ཆེ་བའི་གཡང་གཟར་གྱི་ཀྱག་ཀྱོག་ལམ་བུ་དེའི་མཇུག་སྒྲིལ་ཤིང་།  ཁྲོན་བོད་གཞུང་ལམ་གྱི་ལ་ཆེན་དང་པོའམ་ཁྲོན་བོད་གཞུང་ལམ་གྱི་གཤིན་རྗེའི་འཕྲང་ལམ་དུ་འབོད་པའི་ཁྲོ་ལའི་གཞུང་ལམ་གྱི་ལོ་རྒྱུས་ཀྱི་ལེའུ་འདི་ནས་མཇུག་བསྡུས་པ་རེད།

ཁྲོ་ལའི་ཕུག་ལམ།
        འདིས་སྤྱི་བོད་ཁམས་ཡོངས་དང་སྒོས་སུ་སྡེ་དགེའི་མི་དམངས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ལ་སྒུལ་ཤུགས་སམ་རམ་འདེགས་གྱ་ནོམ་པ་ཞིག་བྱ་བར་སྨོས་མ་དགོས་ལ།  ཡབ་མེས་ཚོས་གཡག་དང་རྟ་དྲེལ་གྱི་རྒྱབ་ལ་བརྟེན་ནས་རྒྱ་དཀར་ནག་གི་ཚོང་ཟོང་འདྲེན་པའི་དུས་ནས་ད་ལྟ་དེང་རབས་ཀྱི་འཕྲུལ་ཆས་སྤྱོད་དེ་ཀྱག་ཀྱོག་གི་ལམ་བུ་བརྒྱུད་པའི་བར་དུ་ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་རི་བརྒྱུད་གཙོ་བོའམ་ཁྲོ་ལ་རི་བོ་འདི་ཉིད་བརྒལ་བའི་ཚད་དཔག་ཐབས་བྲལ་ཞིང་།  དམངས་ཁྲོད་དུ་དེ་ལས་བརྒྱུད་པའི་གཏམ་རྒྱུད་སྐྱིད་སྡུག་འདྲེས་མ་གཙང་པོ་ལས་ཀྱང་རིང་བར་བཤད་རྒྱུ་ཡོད།

ལོ་རྒྱུས་ཀྱི་རྡོ་རིང་ཐོག་བརྐོས་པའི་ཁྲོ་ལ་རི་བོ།


དཔའ་རྟུལ་དཔུང་གི་རྔུལ་ཁྲག་གིས།། ཁྲོ་ལ་རི་བོའི་གཞུང་ལམ་བསྐྲུན།།

        སྤྱིར་གནམ་གྱི་ཀ་བ་རུ་གྲགས་ཤིང་བལྟས་པས་རི་མགོ་རིག་དཀའ་བའི་ཁྲོ་ལ་རི་བོའི་རྩེ་ནི། བྱ་རྒོད་པོ་ཡིན་ཡང་གཤོག་རྩལ་འདར་ས། སེང་དཀར་མོ་ཡིན་ཡང་སྡེར་མོ་འཁུམ་ས། མཚོ་ངོས་མཐོ་ཚད་སྨི་6168ལ་སླེབས་ཤིང་དུས་བཞིར་གྲང་ལྷགས་དང་ཁ་བ་བུ་ཡུག་གི་རྒྱུན་མི་ཆད་པའི་གནས་ཤིག་ཡིན་ཡང་།  1951ལོར་བཅིངས་འགྲོལ་དམག་གིས་རྣམ་པ་འདི་གཏན་ནས་བསྒྱུར་བའི་འགོ་བརྩམས་པ་རེད།  སྐབས་དེར་དེང་རབས་ཀྱི་འཛུགས་སྐྲུན་ཡོ་བྱད་ལྟ་བུ་གཅིག་ཀྱང་བགྲང་རྒྱུ་མེད་ལ།  ལས་ལ་བརྩོན་ཞིང་དཔའ་ཞུམ་པ་མེད་པའི་དཔུང་སྡེ་དེས་ལྟོ་སྐྱ་གོས་ཧྲུལ་དང་བློ་བརྟན་འགྱུར་མེད་ཀྱིས་ཁྲོ་ལའི་རྩེ་ནས་གསེར་ཐག་ལྟར་དཔྱང་པའི་གཞུང་ལམ་དེ་འཛུགས་བསྐྲུན་བྱས་པ་རེད།

བཅིངས་འགྲོལ་དམག་གིས་གཞུང་ལམ་ལས་བཞིན་པ།
       ད་ལྟ་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་ཁྲོ་ལའི་རི་འདབས་སུ་སླེབས་པ་ཙམ་གྱིས་དབྱང་དབུགས་ཀྱི་མི་འདང་ནས་ལ་དུག་ན་བའི་ཚུལ་ལ་བལྟས་ན།  སྐབས་དེ་དུས་ཆ་རྐྱེན་ཞན་པའི་བཅིངས་འགྲོལ་དམག་གི་དཔུང་ཤོག་བཅོ་བརྒྱད་པས་དཀའ་ངལ་གཞལ་ཐབས་མེད་པ་ཞིག་མྱངས་ཡོད་པ་སྨོས་ཅི་དགོས།  དེ་མིན་བྲག་དང་ཕ་བོང་གཏོར་བྱེད་ལ་རབ་ན་འགད་རྫས་ཕྲན་ཙམ་དང་དེ་མིན་ལྕགས་མདའ་དང་ཐོ་བ་ཡིན་ལ། ས་རྐོ་རྡོ་སློག་བྱེད་ཆས་ནི་འཇོ་དང་ལྕགས་ཁེམ་སོགས་ལག་ཆ་ཐབས་ཆག་ལས་སྐབས་དེ་དུས་ཡོད་ག་ན་སྲིད།  དེ་ནས་ལོ་ཕྱེད་ཙམ་ལ་དཀའ་སྤྱད་སྡུག་རུས་བྱས་མཐར1951ལོའི་ཟླ་བ12པའི་ཚེས་27ཉིན་ལ་བྱ་རྒྱལ་རྒོད་པོའི་གཤོག་རྩལ་དང་ལྷན་དུ་རླངས་འཁོར་གྱིས་ཁྲོ་ལ་རི་བོ་བརྒལ་བ་རེད།  དེས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བྲིས་ཤིང་།  ཁྲོན་བོད་གཞུང་ལམ་གྱི་ལ་ཆེན་དང་པོ་ཞེས་ཀུན་ལ་གྲགས།

        ཁྲོ་ལའི་རྩེ་ནས་བརྒལ་བའི་གཞུང་ལམ་དེ་ལེགས་འགྲུབ་བྱུང་བ་ནས་བཟུང་། རྒྱལ་ལམ་317གྱི་ལ་ཆེན་དང་པོ་ཞེས་མིང་བཏགས་ཏེ་རྒྱལ་ནང་དང་བོད་ལྗོངས་ཀྱི་གསེར་ཐག་གཅིག་ཏུ་སྦྲེལ་ཞིང་། ཁྱད་པར་དུ་ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་འདབས་ཀྱི་ཁམས་པའི་རིག་གནས་ཀྱི་ཆུ་མགོ་ཏེ།  སྡེ་དགེའི་ལྔ་རྒྱལ་ཞིང་ཁམས་ཀྱི་སྲིད་འབྱོར་རིག་གསུམ་ལ་འཕེལ་རྒྱས་ཀྱི་སྒོ་མོ་ཡངས་པོར་ཕྱེས་པར་མ་ཟད།  དཀར་མཛེས་དང་ཆབ་མདོ་ས་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་དཔག་དཀའ་བ་ཐོན།  དེ་ནས་ད་ལྟའི་བར་དུ་མཛོ་གཡག་དང་རྟ་དྲེལ་གྱི་རྒྱབ་ལ་བརྟེན་ནས་ཚོང་ཟོང་གང་ལ་གང་འཚམ་ཞིག་སྐྱེལ་འདྲེན་བྱེད་པའི་རྣམ་པ་རྩ་བ་ནས་གཏོར་ཞིང་། རླངས་འཁོར་ལ་བརྟེན་ནས་སྔོན་ལས་དུས་ཡུན་ཐུང་ཞིང་ཟོང་དངོས་འབོར་ཆེན་སྐྱེལ་འདྲེན་བྱས་པས།  ཁྲོ་ལ་རི་བོ་ནི་ལོ་རྒྱུས་ཟིན་བྲིས་འགོད་སའི་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར།

ཁྲོ་ལའི་གཞུང་ལམ་སྐྱ་མོ།
དམངས་ལ་གཅེས་པའི་དྲོ་སྐྱིད་འོག། གསེར་གྱི་སྦུ་གུ་ལེགས་པར་བསྐྲུན།།
        2012ལོའི་ཟླ་བ6པའི་ཚེས1ཉིན།  རྒྱལ་ལམ317པའི་བརྒྱུད་ལམ་ཁྲོ་ལའི་ཕུག་ལམ་བཟོ་སྐྲུན་གྱི་འགོ་བརྩམས་ཤིང་། 2014ལོའི་ཟླ་བ9པ་ནས་ཀྲུང་གོའི་ལྕགས་ལམ་ཅུས་དང་པོའི་སྤྱི་གཉེར་ཁང་བཞི་པས་འཛུགས་སྐྲུན་བྱེད་པ་འགན་ཁུར།  2015ལོའི་ཟླ་བ12པའི་ཚེས10ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་ཁྲོ་ལའི་ནུབ་ཕྱོགས་ཀྱི་ཕུག་སྒོའི་གཙོ་ལམ་སྔོག་འདོན་བྱས་ནས་ནུབ་ཕྱོགས་ཀྱི་ཕུག་ལམ་ཡོངས་སུ་ལེགས་གྲུབ་བྱུང་བ་རེད། 2016ལོའི་ཟླ་བ11པའི་ཚེས10ཉིན་གྱི་སྔ་དྲོར་ཁྲོ་ལའི་ཕུག་ལམ་ཕུག་པ་དངོས་སུ་མཇུག་སྒྲིལ་བ་རེད།
གློག་སྒྲོན་གྱི་འོག་ནས་ཁྲོ་རྡོ་གཏོར་བ།

        འཛུགས་སྐྲུན་པ་མང་ཆེ་ཤོས་ནི་རྒྱ་ནག་ས་བབ་དམའ་ས་ནས་ཡོང་བ་ཤ་སྟག་ཡིན་ཞིང་། ཕུག་ལམ་གྱི་ས་བབ་མཐོ་བ་དང་དབྱང་དབུགས་ཀྱི་ཚད་ཉུང་བ།  དབྱར་གཞུང་ཟླ་བ་གཅིག་ཡས་མས་མ་གཏོགས་རི་ཀླུང་ཐམས་ཅད་ཁ་བས་བཟུང་ཞིང་གྲང་ལྷགས་ཧ་ཅང་ཆེ་བ་སོགས་ཀྱི་གེགས་དང་དཀའ་ཚེགས་ལ་མ་འཛེམ་པར།  དཔའ་ཞུམ་པ་མེད་པར་ལོ་ངོ་ལྔ་ཙམ་གྱི་རིང་ལ་འཛུགས་བསྐྲུན་བྱས་ཤིང་ལེགས་གྲུབ་བྱུང་།  ཁོ་ཚོས་རྒྱུན་དུ་འདི་ལྟར་ལབ་བཞིན་ཡོད་དེ།  དུས་རབས་ཕྱེད་ལྷག་གི་ཡར་སྔོན་དུ་ལུས་ལ་གོས་ཧྲུལ་གྱོན་ཞིང་ལག་ལ་འཇོ་དང་ཁེམ་བཟུང་ནས་མཚོ་ངོས་མཐོ་ཚད་སྨི་6168ཙམ་ཡོད་པའི་གཡང་གཟར་ངོས་སུ་རྔུལ་ཆུའི་ཐིགས་པ་རེ་རེས་གཞུང་ལམ་འདི་འཛུགས་བསྐྲུན་བྱས་པས།  ང་ཚོ་དཔའ་བོ་དེ་དག་དང་བསྡུར་ན་ཅི་ཡང་མ་རེད་ཅེས་ལབ་གླེང་བྱེད་བཞིན་ཡོད།  ངོ་མ་བཤད་ན་དེ་ཁོ་ཚོའི་སེམས་པ་གསོ་བྱེད་དམ་དཔའ་ངར་མི་ཞུམ་པའི་ཆེད་དུ་མ་ཡིན་ནམ།


རྫ་དུག་འགོག་བཅོས་བྱེད་བཞིན་པ།

        དེ་རིང་སྤྱི་ཟླ་9པའི་ཚེས་26ཉིན་གྱི་སྔ་དྲོ་ཆུ་ཚོད་10དང་སྐར་མ་30ཐོག་ཕུག་ལམ་དུ་རླངས་འཁོར་དངོས་སུ་ཤར་གཏོང་བྱས་ཤིང་།  ཤར་གཏོང་གི་མཛད་སྒོ་ལེགས་པོར་སྤེལ་བ་རེད།
བགྲོད་པའི་ལམ་བུ་ཡངས་ཤིང་ཆེ།། མ་འོངས་གངས་རིའི་གཟི་མདངས་རྒྱས།།

        ཁོད་སྙོམས་ཤིང་རྒྱ་ཆེ་བའི་ཕུག་ལམ་རིང་མོ་འདི་ནི་ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་དཀྱིལ་ནས་བསྲིངས་ཤིང་བོད་ཁུལ་སྤྱི་དང་སྒོས་སུ་དཀར་མཛེས་ཀྱི་རི་ལུང་དང་འབངས་མི་སེར་གྱི་འཚོ་བ་དབྱར་མཚོ་ལྟར་རྒྱས་པའི་སྲོག་རྩ་ཡིན་པ་སྨོས་མ་དགོས་ལ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་སྤྲོའི་ངང་བསུ་བའི་བཀྲ་ཤིས་པའི་ལེགས་སྐྱེས་ཤིག་ཀྱང་ཅིས་མ་ཡིན།

        མ་འོངས་པར་ཁྲོ་ལ་རི་བོའི་ཕུག་ལམ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གཙོ་བོ་བྱས་པའི་འབྲེལ་ཡོད་ཀྱི་ས་ཁུལ་དང་རྒྱལ་ནང་གི་ས་ཁུལ་གལ་ཆེན་དག་གི་བར་འབྲེལ་བ་ཡང་བསྐྱར་ཇེ་དམ་བཏང་ཞིང་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཆེན་རུ་གཏང་རྒྱུ་དང་།  མི་འགྱངས་བར་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དང་གེ་སར་གནམ་ཐང་ལེགས་འགྲུབ་བྱུང་རྗེས།  དཀར་མཛེས་ཁུལ་གཙོ་བོ་བྱས་པའི་བོད་རིགས་ས་ཁུལ་མང་པོ་ཞིག་འཕེལ་རྒྱས་ཀྱི་ཡང་རྩེ་སོན་པར་སྟ་གོན་བྱེད་བཞིན་ཡོད།

        འཛམ་གླིང་ཐོག་མཚོ་འཕགས་ཆེས་མཐོ་ཞིང་ལམ་ཐག་ཤིན་ཏུ་རིང་བའི་ཕུག་ལམ་སྟེ།  སྡེ་དགེའི་ཁྲོ་ལའི་ཕུག་ལམ་ལེགས་གྲུབ་བྱུང་ཞིང་།  ལོ་ངོ་བརྒྱ་སྟོང་མང་པོར་གནམ་གྱི་ཀ་བ་རུ་འབོད་པའི་ཁྲོ་ལའི་གཞུང་ལམ་ནི་དེ་རིང་སྐར་མ་བཅུའང་མི་འགོར་བའི་ཕུག་ལམ་ཞིག་ལ་འགྱུར་སོང་བ་རེད་ལ།  འདི་ནི་ཕྱོགས་བཞི་མཚམས་བརྒྱད་པ་ཏྲ་ལྟར་སྦྲེལ་བའི་དཔལ་འབྱོར་གྱི་ལམ་ཆེན་ཞིག་དང་།  འདི་ནི་ཚེ་སྲོག་གི་སྲུང་བ་ལྟ་བུའི་བདེ་འཇགས་ཀྱི་ལམ་བུ་ཞིག་དང་བློ་སྟོབས་སྲིང་བའི་དད་འདུན་གྱི་གཞུང་ལམ་ཞིག་ཀྱང་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1