ཀྲུང་གུང་འབར་ཁམས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་འབར་ཁམས་གྲོང་ཁྱེར་མི་དམངས་སྲིད་གཞུང་། རྔ་བ་ཁུལ་རིག་གནས་རྒྱང་སྒྲོག་གསར་འགྱུར་པར་སྐྲུན་ཅུས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་2017ལོའི་རྔ་བ་ཁུལ་འབར་ཁམས་རྒྱལ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པའི་དབུ་ཚུགས་མཛད་སྒོ་དེ་འབར་ཁམས་མཆོང་རྒྱུག་ར་བ་ནས་དངོས་སུ་སྤེལ།
ཞོགས་ཆར་སམ་སིམ་ཞིག་གི་རྟེན་འབྲེལ་དང་སྨུག་པ་ལང་ལོང་ཞིག་གི་མཛེས་སྡུག་ཁྲོད། རྒྱལ་རོང་སྐོར་བྲོའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་དེ་རྔ་བ་ཁུལ་མཆོང་རྒྱུག་ར་བའི་ནང་དུ་སྤྲོ་དགའི་ཡོ་ལང་རྣམ་པར་རྫོགས་བཞིན་གཟབ་རྒྱས་ངང་སྤེལ། ཐེངས་འདིའི་སྐོར་བྲོ་དུས་ཆེན་སྤེལ་བ་བརྒྱུད་ནས་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་བརླིང་། དམངས་འཚོ་ཕྱུག་འགྱུར། དམངས་སེམས་གཅིག་སྒྲིལ། དཔལ་ཡོན་དར་སྤེལ་གཏོང་བ་བཅས་ལ་དགེ་མཚན་བསམ་གྱིས་མི་ཁྱབ་པ་བསྐྲུན་ཡོད།
རྫོང་གྲོང་བཅུ་གསུམ་ནས་ཕེབས་པའི་སྐོར་བྲོའི་འཁྲབ་སྟོན་རུ་ཁག་གིས་དཔུང་རྡང་ཤིག་ཤིག་དང་འཛུམ་མདངས་དམུལ་དམུལ་གྱིས་ལྡེམ་མྱུར་འཁྱུག་པའི་གར་སྟབས་བསྒྱུར་བཞིན། ཐེངས་འདིའི་དུས་ཆེན་བདེ་ལེགས་འབྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས།
རྒྱལ་རོང་སྐོར་བྲོ་འདི་ནི་1994ལོ་ནས་རྔ་བ་ཁུལ་ནས་རྔ་བའི་སྐོར་བྲོ་ཞེས་པ་བརྙན་ཕབ་བྱེད་པའི་མགོ་བརྩམས་པ་དང་1995ལོ་ནས་དངོས་སུ་འཁྲབ་པ་ཞིག་རེད། དེ་ནས་བོད་ཁུལ་གྱི་ས་ཕྱོགས་སོ་སོར་རྔ་བའི་སྐོར་བྲོ་འཁྲབ་པའི་གོམས་སྲོལ་ཆགས་ཡོད་པ་རེད། ལྷག་ཏུ་ལྷོ་ནུབ་དང་ནུབ་བྱང་སོགས་བོད་ཀྱི་སློབ་ཆེན་ཁག་ཏུ་དར་ཁྱབ་ཕྱིན་པ་ནས་བོད་ཁུལ་ཡོངས་སུ་དར་བའི་མགོ་བརྩམས་པ་རེད།།