སྡེ་དགེའི་ཆོས་རྒྱལ་ཆེན་མོ་བསྟན་པ་ཚེ་རིང་གི་སྐུ་དུས་སུ་དེང་དུས་འཛམ་གླིང་ཡུལ་གྲུ་ཀུན་གྱིས་མི་མཁྱེན་པ་མེད་པའི་མིའི་རིགས་ཀྱི་ཤུལ་ནོར་ཞེས་འབོད་པའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་གསར་བཞེངས་བྱས་པ་དང་། དེའི་ནང་དུ་བཀའ་བསྟན་གཙོ་བོར་བྱས་པའི་ས་དགེ་བཀའ་རྙིང་བོན་བཅས་གྲུབ་མཐའ་རིས་མེད་ཀྱི་པར་ཤིང་བཞུགས་ཡོད་པ་དང་། དེང་དུས་པར་ཤིང་ཡོངས་ཀྱི་ཁུངས་དག་ཤོས་དང་ཆ་ཚང་ཤོས། སྤུས་ལེགས་ཤོས་ཤིག་ཏུ་རྩི་བཞིན་ཡོད། ཡུལ་དེའི་ཆོས་ལུགས་གྲུབ་མཐའ་རིས་སུ་མེད་པས་ས་དགེ་བཀའ་རྙིང་བོན་སོགས་ཀྱི་ཆོས་ལུགས་དར་རྒྱས་ཆེ། སྐབས་དེ་དུས་ཁམས་སྡེ་དགེ་ནི་ཆོས་དང་རིག་གནས། ཆབ་སྲིད་སོགས་གང་ཅིའི་ཐད་ལ་གཞན་ལས་ཀྱང་ཕུལ་དུ་བྱུང་བས། ཁམས་པའི་ཆོས་སྲིད་ཀྱི་ལྟེ་བ་རུ་ཆགས། དེང་དུས་སྡེ་དགེའི་ཡུལ་སྐད་ནི་ཁམས་སྐད་ལས་གོ་བདེ་ཤོས་དང་ཡིག་སྐད་དང་ཐག་ཉེ་བ། ཁམས་ཀྱི་ཡུལ་མི་ཚོས་ཕན་ཚུན་བར་ལ་འབྲེལ་འདྲིས་ཀྱི་ཡོ་བྱད་གཙོ་བོར་ཞིག་ཏུ་རྩི་བཞིན་ཡོད་པས། འོག་ཏུ་ཁམས་སྡེ་དགེའི་ཡུལ་སྐད་ཀྱི་ཚོགས་གསུམ་སྐོར་ཅུང་ཟད་གླེང་བ་ལ་གསུམ་སྟེ། དེའི་མིང་གི་ཚོགས་དང་། ཕྲད་རྣམ་དབྱེའི་ཚོགས། བྱ་བའི་ཚིག་གི་ཚོགས་བཅས་སོ། །
དང་པོ། སྡེ་དགེའི་ཡུལ་སྐད་ཀྱི་མིང་གི་ཚོགས་བཤད་པ།
སྡེ་དགེའི་ཡུལ་སྐད་ཕལ་མོ་ཆེ་བོད་ཀྱི་ཡིག་སྐད་དང་མཐུན་ཞིང་། དེ་ལྟར་མཐུན་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཚོགས་གསུམ་ལས་མིང་གི་ཚོགས་པའི་སྐོར་ཡིན་ཏེ། ཡུལ་དེའི་མེས་པོ་རིམ་བྱུང་གི་བློ་གྲོས་དང་རྣམ་དཔྱོད་ལ་བརྟེན་ནས་བསགས་པའི་མིང་ཚིག་དེ་དག་མང་ཆེ་བ་རྗེས་གྲུབ་ཀྱི་མིང་ཤ་སྟག་ཡིག་པས། སྐྱེ་སྟོབས་དང་གསོན་ཤུགས་ཆེ་ཞིང་བློ་གྲོས་དང་ཤེས་རབ་བསགས་པའི་རིན་ཆེན་སྣོད་མཆོག་ཅིག་ཏུ་ཆགས།
དཔེར་ན། 1.ཐོབ་ཤོར་གཏམ། སྡེ་དགེའི་ཡུལ་སྐད་དུ་ཐོབ་ཤོར་གཏམ་ཞེས་པ་ནི་རྒྱལ་ཕམ་དང་ཡང་ན་དོན་དག་གང་རུང་ཞིག་གིས་གནས་ལུགས་སམ་བྱུང་རིམ། ལོ་རྒྱུས་ལ་སོགས་པ་གླེང་མོས་བྱེད་པ་ལ་འཇུག་གོ །2.ཧོར་ཇག་ཆེན་པོ། སྡེ་དགེའི་ཡུལ་སྐད་དུ་ཧོར་ཇག་ཆེན་པོ་ཞེས་པ་ནི་རྒྱུ་མཚན་གནས་ལུགས་ཅི་ཡང་བཤད་ས་མེད་པར་རྒྱུ་ནོར་སོགས་འཕྲོད་པའི་དོན་ལ་འཇུག་སྟེ། མིང་ཚིག་དེ་ཧོར་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་འབངས་རྣམས་བརྡབ་གསིག་ཆེན་པོ་ཐེབས་པའི་ལོ་རྒྱུས་རྒྱུ་མཚན་དུ་བྱས་ནས་མིང་དེ་བྱུང་བ་མིན་ནམ་སྙམ། 3.བརྒྱ་ཞབས་དགུ་སྟན། སྡེ་དགེའི་ཡུལ་སྐད་དུ་བརྒྱ་ཞབས་དགུ་སྟན་ཞེས་པ་ནི་ཤིན་ཏུ་བཙོག་པ་སྟེ་མི་གཙང་བའི་དོན་ལ་འཇུག་གོ །4.བསྟན་དགྲ། སྡེ་དགེའི་ཡུལ་སྐད་དུ་བསྟན་དགྲ་ཞེས་པ་ནི་བྱ་སྤྱོད་ངན་པ་ལ་འཇུག་གོ །5.དམ་ཉམས། སྡེ་དགེའི་ཡུལ་སྐད་དུ་དམ་ཉམས་ཞེས་པ་ནི་ཕ་མའི་ཁ་ལ་མི་ཉན་པ་འཇུག་གོ 6.ཁ་ཡེ་ལུང་ཟད། སྡེ་དགེའི་ཡུལ་སྐད་དུ་ཁ་ཡེ་ལུང་ཟད་ཅེས་པ་ནི་ཁ་རལ་ཞིང་ལུང་ཐག་ཟད་པ་སྟེ་ཕ་མའི་ཁ་ལ་མི་ཉན་ཞིང་སྤྱོད་པ་དང་ཀུན་སློང་སོགས་ཤིན་ཏུ་ཐ་ཆད་པ་ལ་འཇུག་གོ །7.བཀའ་བསྒོ་བགེགས་བསྐྲད། སྡེ་དགེའི་ཡུལ་སྐད་དུ་ཕ་མའི་ཁ་ལ་མི་ཉན་པའི་བྱིས་པའམ་ལོ་ཆུང་དག་རྡུང་རྡེག་བྱེད་པ་ལ་འཇུག་གོ 8.གཏམ་འཆལ། སྡེ་དགེའི་ཡུལ་སྐད་དུ་ཁུངས་ལུང་མེད་པའི་སྐད་ཆ་ལ་འཇུག་གོ །9.སྙིང་ཡོད། སྡེ་དགེའི་ཡུལ་སྐད་དུ་དཔའམ་བློ་ཁོག་ཆེ་བ་ལ་འཇུག་གོ །10.མཚན་ངན། སྡེ་དགེའི་ཡུལ་སྐད་དུ་བཙོག་པ་ལ་འཇུག་གོ །11.མཚར་པོ། སྡེ་དགེའི་ཡུལ་སྐད་དུ་གནས་ཚུལ་དང་མི་མཐུན་པའམ་ངོ་མཚར་ཆེ་བ་ལ་འཇུག་གོ །12.རྐང་བཙུགས། སྡེ་དགེའི་ཡུལ་སྐད་དུ་ཆེད་དམིགས་ཀྱི་དོན་ལ་འཇུག་གོ 13.རྐང་གཏད། སྡེ་དགེའི་ཡུལ་སྐད་དུ་ཆེད་དམིགས་ཀྱི་དོན་ལ་འཇུག་གོ 14.བྲོ་རྡུང་། སྡེ་དགེའི་ཡུལ་སྐད་དུ་བྲོ་འཁྲབ་ཅེས་པ་ལ་འཇུག་གོ 15.སྤྱང་གཏམ། སྡེ་དགེའི་ཡུལ་སྐད་དུ་མཁས་གཏམ་ལ་འཇུག་གོ 16.སྒོབ་གཏམ། སྡེ་དགེའི་ཡུལ་སྐད་དུ་རང་ཉིད་ལ་འཇོན་ཡོན་སོགས་ཡོད་པ་བཤད་པ་ལ་འཇུག་གོ ། 17. ཆང་བཟི་ཨག་རྒྱག སྡེ་དགེའི་ཡུལ་སྐད་དུ་ཆང་དང་ཨ་རག་བཏུང་སྟེ་བཟི་རྒྱག་བྱེད་པ་ལ་འཇུག་གོ །18རྒྱེབ་རེས་འཛིང་མོ། སྡེ་དགེའི་ཡུལ་སྐད་དུ་གཞན་དུ་འཛིང་རྩོད་བྱེད་པ་ལ་འཇུག་གོ །19.རྫ་རྒྱབ་ཆུ་བླུགས། སྡེ་དགེའི་ཡུལ་སྐད་དུ་ཕ་མས་སློབ་གསོ་ག་ཚོད་བརྒྱབ་ཀྱང་གཏན་ནས་མི་ཉན་པའི་དཔེ་ལའོ། །20. ཁ་རྩངས་ཁེ་ཉིན། སྡེ་དགེའི་ཡུལ་སྐད་དུ་ཁ་སང་དང་དེའི་སྔོན་གྱི་ཉིན་ཏེ་ཉེ་བའི་དུས་ལ་འཇུག་གོ །21.ཆོས་སེམས། སྡེ་དགེའི་ཡུལ་སྐད་དུ་ཆོས་ལ་བློ་ཁ་ཕྱོགས་པ་ལ་འཇུག་གོ 22. འཕྲོ་བརླག སྡེ་དགེའི་ཡུལ་སྐད་དུ་དོན་མེད་ཀྱི་འགྲོ་སོང་ལ་འཇུག་གོ །23.ལྐོག་བཤད། སྡེ་དགེའི་ཡུལ་སྐད་དུ་ལྐོག་ཏུ་གཞན་གྱི་སྐྱོན་བཤད་པ་ལ་འཇུག ལྐོ་ཤ་ཡང་ཟེར། 24.ཁྱད་དབྱེ་བ། སྡེ་དགེའི་ཡུལ་སྐད་དུ་བཟང་ངན་ཡག་སྡུག་ཕྱེ་བ་ལ་འཇུག་གོ །25.ཁོག་ནག སྡེ་དགེའི་ཡུལ་སྐད་དུ་སེམས་ནག་ལ་འཇུག་གོ །26.ཡོན་ས་བདག་མཆོད། སྡེ་དགེའི་ཡུལ་སྐད་དུ་ཡོན་བདག་ལ་གོ །27.ཁ་རོག སྡེ་དགེའི་ཡུལ་སྐད་དུ་དོན་མེད་ལ་འཇུག་གོ །
གོང་དུ་དྲངས་པའི་དཔེར་བརྗོད་མང་ཆེ་བ་ནི་རྗེས་གྲུབ་ཀྱི་མིང་ཡིན་པ་དང་། དེ་དག་ཕལ་མོ་ཆེ་ནི་དཔེ་དང་ལོ་རྒྱུས། དོན་དངོས་སོགས་རྒྱུ་མཚན་དུ་བྱས་ཏེ་གྲུབ་པའི་མིང་ཡིན་པ་མཐོང་ཐུབ་ཅིང་། དེ་འདྲའི་མིང་འདོགས་སྟངས་ལ་དོན་མཐུན་འབོད་བདེའི་ཁྱད་ཆོས་ལྡན་པའི་ཕྱིར་ན། རང་ཅག་ཕྱི་རབས་པས་བོད་གངས་ཅན་པའི་སྐྱིད་སྡུག་ལེགས་ཉེས་སོགས་སྟོན་པའི་སྐད་བརྡ་སྟེ། བོད་མི་ཚང་མས་གོ་ཐུབ་པའི་སྤྱི་སྐད་ཅིག་གྲུབ་པར་བྱེད་དགོས་ན་གཅིག་གྱུར་གྱི་ཐ་སྙད་སྤུས་ལེགས་དེ་ལྟ་བུ་ཞིག་མེད་ཐབས་མེད་པས། ཡུལ་སོ་སོའི་རྗེས་གྲུབ་ཀྱི་ཐ་སྙད་སྤུས་ལེགས་དེ་དག་རང་རེའི་སྤྱི་སྐད་ཀྱི་གྲུབ་ཆ་ཞིག་ཏུ་བསྡུ་ལེན་བྱས་ནས་འཕེལ་རྒྱས་བཏང་ན། རང་རེ་མགོ་ནག་པའི་སྐད་བརྡའི་མདུན་ལམ་ཡངས་ཤིང་དོན་ཡང་ཆེན་པོར་འགྱུར་རོ་སྙམ།
གཉིས་པ། སྡེ་དགེའི་ཡུལ་སྐད་ཀྱི་ཕྲད་དང་རྣམ་དབྱེའི་ཚོགས་བཤད་པ།
ཕྲད་དང་རྣམ་དབྱེའི་ནི་བོད་ཀྱི་སྐད་ཡིག་གཉིས་ཆ་ལ་མེད་དུ་མི་རུང་བའི་ལྕགས་གཉིས་སྦྱོར་བར་བྱེད་པའི་ཚ་ལ་ལྟ་བུ་ཞིག་ཏུ་འཁུམས་པས། སྡེ་དགེའི་ཡུལ་སྐད་ནང་དུའང་བོད་ཀྱི་ཡིག་སྐད་དུ་འགྲོ་མིན་གྱི་ཕྲད་ཅི་རིགས་མཆིས་ཀྱང་། དོན་ལ་གནས་མིན་ལ་མ་བལྟས་པར་ཡུལ་དེའི་སྐད་ལ་རྒྱུས་ལོན་བྱེད་འདོད་ཅན་ལ་དཔྱད་གཞི་སོགས་ལ་དམིགས་ཏེ་ཅུང་ཟད་ནས་སྒྲ་ཁོ་ན་ལས་མེད་དོ། །
དང་པོ། རྣམ་དབྱེའི་ཚིག་ཚོགས་བཤད་པ།
དཔེར་ན། ཁང་སྟེང་ནས་ལྷུང་། ས་ནས་རྩྭ་སྐྱེས་ལྟ་བུའི་ནས་སྒྲ་ནི་སུམ་ཅུ་པའི་སྐབས་དང་གཅིག་མཚུངས་ཡིན་ནོ། །རྣམ་དབྱེ་གསུམ་པའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ཕྲད་གིས་དང་ཡིས་བསྡུས་པའི་ས་མཐའ་ཅན་བཀོལ་བ་མང་། དཔེར་ན། བཀྲ་ཤིས་གིས་ཉིས། ངས་བཤད། ལྟ་བུའི་ཕྲད་གིས་ནི་སུམ་ཅུ་པའི་སྐབས་ཀྱི་བྱེད་སྒྲ་དང་གཅིག་མཚུངས་ཡིན་ཡང་། སྐབས་འདི་རྗེས་འཇུག་ལ་ལྟོས་མི་དགོས་པར་གང་བདེར་སྦྱར་ཆོག་པའོ། རྣམ་དབྱེ་དྲུག་པའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ཕྲད་གི་ཁོ་ན་སྦྱར་བ་ལས་མེད་དོ། དཔེར་ན། ང་གི་དཔེ་དེབ། གསེར་གི་ལག་གདུབ། ལྟ་བུའི་གི་སྒྲ་ནི་སུམ་ཅུ་པའི་འབྲེལ་སྒྲ་དང་གཅིག་མཚུངས་ཡིན་མོད། འོན་ཀྱང་སྐབས་འདི་རྗེས་འཇུག་ལྟོས་མི་དགོས་པར་སྦྱར་ཆོག་གོ རྣམ་དབྱེ་བརྒྱད་པའི་འབོད་སྒྲའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ཕྲད་ཁོ་རེ་དང་། ཀི། ཡེ་བེད་སྤྱོད་བྱེད་སྲོལ་ཡོད། དཔེར་ན། ཁོ་རེ་ཉོན་དང་། ཀི་ཡེ་ཆོས་མཚོ། ལྟ་བུའི་ཀི་ཡེ་ནི་དེང་གི་སུམ་ཅུ་པའི་ནང་གི་ཀྭ་ཡེ་དང་གཅིག་པ་མིན་ནམ་སྙམ། གཞན་ཡང་གོང་ཞུས་ཀྱི་ཕྲད་ལི་དང་ནས་གཉིས་ལྷག་བཅས་ལ་འཇུག་པའམ་འདུག་སྟེ། དཔེར་ན། ང་འགྲོ་ལི་སྒུག་འདུག་ཅེས་དང་། གཤོག་པ་བརྐྱངས་ནས་འཕུར་སོང་། ལྟ་བུའོ། ནས་སྒྲ་སྡུད་པ་དང་བྱེད་པ་པོ་སྟོན་པ་ལའང་འཇུག་པ་མང་། དཔེར་ན། ལྷ་ས་ནས་ཆབ་མདོའི་བར། སྐྲ་རྩེ་ནས་སེན་རྩེའི་བར། སྔ་དྲོ་ནས་ཕྱིར་དྲོའི་བར། ལྟ་བུ་དང་། བཀྲ་ཤིས་ནས་བསྐུར་རོ་ལྟ་བུའོ། །
གཉིས་པ་ཕྲད་རྐྱང་བཤད་པ།
1.སྡེ་དགེའི་སྐད་དུ་ཏེའམ་སྟེ་སྒྲའི་ཕྲད་ནི་མི་མཐུན་པར་སྟོན་པའི་དོན་ཁོ་ན་ལ་འཇུག་སྟེ། དཔེར་ན། ང་འགྲོ་དགོས་ཏེ་གྲ་སྒྲིག་བྱེད་མ་ཚར། ལྟ་བུའོ། 2.སྡེ་དགེའི་ཡུལ་སྐད་དུ་ཀྱང་ཡང་འང་གསུམ་གྱི་ཕྲད་རྒྱན་སྡུད་ཀྱི་དོན་ལ་འཇུག་སྟེ། དཔེར་ན། བཟང་འང་བཟང་ལྟ་བུའོ། ཕྲད་འདི་དག་རྗེས་འཇུག་ལ་ལྟོས་མིན་ཅི་རིགས་སུ་སྣང་ངོ་། 3.སྡེ་དགེའི་ཡུལ་སྐད་དུ་ཕྲད་དོ་ནི་འབྱེད་པ་དང་སྡུད་པ། ཚེ་སྐབས། ཐེ་ཚོམ། གདམ་ང་བཅས་ཀྱི་དོན་ལ་འཇུག་སྟེ། དཔེར་ན། ཞོ་དོ། འོ་མ་དོ། མར་དོ་ལ་དཀར་གསུམ་ཟེར། མངར་གསུམ་ནི་ཀ་ར་དོ། སྦྲང་རྩི་དོ། བུ་རམ་དོ་ལ་ཟེར། བྱ་གྲག་ལེ་དོ་དབྱར་ཤར། འགྲོ་དོ་མི་འགྲོ། སློབ་སྦྱོང་ཡག་པོ་གྱིས་དོ། ལྟ་བུའོ། །དཔེར་བརྗོད་འདི་དག་གི་ཕྲད་དོ་ནི་སུམ་ཅུ་པའི་སྐབས་ཀྱི་དང་སྒྲའི་ཕྲད་ཀྱི་ཀློག་སྟངས་འགྱུར་བ་ལས་བྱུང་བ་མིན་ནམ་སྙམ། 4.དུས་སྟོན་པའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ལི་དང་ནམ་སྒྲའི་ཕྲད་བེད་སྤྱོད་པ་མང་ངོ་། དཔེར་ན། ཁྱོད་ལྷ་ས་ནམ་འགྲོ སྔ་དྲོ་ལི་ཤོག་ལྟ་བུའོ། །5.དྲི་བའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ཕྲད་ཅི་དང་། སུ། ག་ན། ལས། ཨི་བཅས་བེད་སྤྱོད་དོ། །དཔེར་ན། ཁྱོད་ཀྱིས་ཅི་བྱེད། ཁོ་སུ་རེད། ཁྱོད་སློབ་གྲྭ་ག་ན་འདོན་གྱི་ཡོད། དོན་འགྲུབ་ཁྱིམ་ནང་བསྡད་འདུག་ལས། ངེད་གཉིས་ཨི་འགྲོ། ལྟ་བུའི་ག་ནའི་སྒྲ་ནི་སྤྱི་སྒྲ་གང་གི་ཀློག་ཟུར་འགྱུར་བ་ལས་བྱུང་བ་སྣང་། ལས་ནི་འབྱེད་སྡུད་ཀྱི་ཕྲད་དྲི་བའི་དོན་ལ་འཇུག་པའི་སྣང་ཚུལ་ཞིག་ལས་བྱུང་བ་མིན་ནམ་སྙམ། 6.བདག་པོའམ་བྱེད་པ་པོ་སྟོན་པའི་ཚིག་སྦྱོར་ལ་སྡེ་དགེའི་ཡུལ་སྐད་དུ་ཕྲད་མཁན་དང་མི་ཁོ་ན་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། འགྲོ་མི། ལས་མི། རྩོམ་མི། བཤད་མཁན། ཟ་མཁན། ལྟ་བུའོ། གཞན་ཡང་ན་ལའི་འཇུག་ཚུལ་གཞན་དང་། དེ་སྒྲ། དགག་སྒྲ། ནི་སྒྲ་བཅས་ཀྱི་འཇུག་ཚུལ་སྤྱིར་བཏང་སུམ་ཅུ་པ་དང་གཅིག་མཚུངས་སུ་བསྡ་ཡོད། རྫོགས་ཚིག་གི་ཕྲད་དང་འབྱེད་སྡུད་ཀྱི་ཕྲད་གཉིས་སྡེ་དགེའི་ཡུལ་སྐད་དུ་མཐོང་དུ་མེད་དོ། །
གོང་ཞུས་སྡེ་དགེའི་ཡུལ་སྐད་ཀྱི་ཕྲད་ཀྱི་སྣང་ཚུལ་དེ་དག་མང་ཆེ་བ་གངས་ཅན་པའི་བརྡ་སྤྲོད་གཞུང་དུ་སྣང་མོད། འོན་ཀྱང་ཕྲད་འགའ་ཤས་ནི་དེང་གི་བརྡ་སྤྲོད་གཞུང་ནས་དོད་བཙལ་དུ་མེད་པ་དང་། ཕྲད་འགའ་ཤས་ནི་ཡུལ་དེའི་ཀློག་ཟུར་མ་ཕྱིན་པའི་དབང་གིས་འགྱུར་བ་ཕྲན་ཙམ་བྱུང་བའང་ཡོད། སུམ་ཅུ་པའི་གཞུང་དང་བསྡུར་ན་སྡེ་དགེའི་ཡུལ་སྐད་ཀྱི་ཕྲད་ཉུང་བ་མཐོང་ཞིང་། ཕྲད་དེ་ཚོའི་རྗེས་འཇུག་གི་ཁྱད་པར་ལ་ལྟོས་མི་དགོས་པ་གང་བདེར་སྦྱར་ཆོག་པ་སོགས་ལ་བལྟས་ན། སྡེ་དགེའི་ཡུལ་སྐད་ཀྱི་ཕྲད་ཀྱི་སྣང་ཚུལ་འདི་ནི་ཐོན་མིས་བརྡ་སྤྲོད་ཀྱི་བསྟན་བཅོས་མ་བརྩམས་གོང་གི་བོད་སྐད་ཀྱི་ཤུལ་ཞིག་མཚོན་པ་མིན་ནམ་སྙམ།
གསུམ་པ། བྱ་བའི་ཚིག་གི་ཚོགས་བཤད་པ།
སྡེ་དགེའི་ཡུལ་སྐད་བོད་ཀྱི་ཡིག་སྐད་དང་ཉེ་བའི་རྒྱུ་རྐྱེན་གཞན་ཞིག་ནི་ཚོགས་གསུམ་ལས་བྱ་བའི་ཚིག་གི་ཚོགས་ཀྱི་སྐོར་ཡིན། དེའི་བྱ་ཚིག་ཕལ་མོ་ཆེ་བོད་ཀྱི་ཡིག་སྐད་དང་གཅིག་མཚུངས་ཡིན་པའི་དབང་གིས་འདི་ན་རེ་རེ་བཞིན་གླེང་བའི་དགོས་པ་མ་མཆིས་ཀྱང་། དུས་གསུམ་གཟུགས་འགྱུར་བའི་བྱ་ཚིག་བེད་སྤྱོད་བྱེད་སྟངས་ཐད་དུས་གསུམ་གང་རུང་གི་བྱ་ཚིག་གཅིག་ཁོ་ན་བེད་སྤྱོད་དེ་འདས་མ་འོངས་ད་ལྟ་གསུམ་ཀའི་དུས་སྟོན་པར་བྱེད་པའི་སྣང་ཚུལ་འདུག དཔེར་ན། ཡི་གེ་འདོན་ཞེས་པའི་བྱ་ཚིག་ལ་དུས་གསུམ་ཀ་འདོན་ཞེས་སྦྱར་རོ། ཡི་གེ་འདོན་ཚར། ཡི་གེ་འདོན་དགོས། ཡི་གེ་འདོན་བཞིན་ཡོད། ལྟ་བུའོ། ཆང་འཐུང་ཞེས་པའི་བྱ་བ་ལ་དུས་གསུམ་ཀ་འཐུང་ཞེས་སྦྱར་ཏེ། ཆང་འཐུང་ཚར། ཆང་འཐུང་དགོས། ཆང་འཐུང་བཞིན་ཡོད་ལྟ་བུའོ། །
གཞན་ཡང་སྡེ་དགེའི་ཡུལ་སྐད་དུ་བྱ་ཚིག་ཉི་ཚེ་བ་ཡང་སྣང་སྟེ། དཔེར་ན། ཚ་རུ་སྒམ། ཁང་ཐོག་ནས་ཤུད། རྡོ་རྒྱེབ། ལྟ་བུའི་སྒམ་དང་ཤུད། རྒྱེབ་བཅས་ནི་ཚ་རུ་སྟེ་ལུ་གུའི་པགས་པའི་སུག་བཞི་བཅད་དེ་གྲུ་བཞི་བྱེད་པའི་དོན་དང་། ཁང་པའི་སྟེང་ནས་མར་ཐང་དུ་ལྷུང་བའི་དོན་དང་། རྡོ་བ་གཞན་ལ་རྒྱག་པའི་དོན་བཅས་སོ་སོར་འཇུག་ཚུལ་ཡང་འདུག་གོ །
མདོར་ན། གོང་ཞུའི་སྡེ་དགེའི་ཡུལ་སྐད་ཀྱི་ཚོགས་གསུམ་སྐོར་རང་བློས་གང་དཔོག་ཅིག་ཡིག་སྐད་དང་མཐུན་མིན་ཇི་ལྟར་ཡང་གླེང་ཁུལ་བྱས་ཏེ། མཐའ་གཏུགས་ཀྱི་དམིགས་བྱ་དམ་པ་ནི་སྡེ་དགེའི་ཡུལ་སྐད་ལ་རྒྱུས་ལོན་བྱེད་འདོད་ཅན་དག་ལ་དཔྱད་གཞི་ཙམ་དང་། གངས་ཅན་པའི་སྤྱི་སྐད་ཅིག་གཏོད་པ་ལ་ཡུལ་སོ་སོའི་ཕུན་སུམ་ཚོགས་པའི་བརྡ་སྤྲོད་བྱེད་སྟངས་དེ་དག་བླངས་ཏེ། བོད་སྤྱི་པའི་སྐད་ཀྱི་ལམ་བཟང་ཞིག་རྙེད་དུ་རེ་བ་ལྷུག་པར་བྲིས་པ་ཡིན་སྟབས། འགལ་འཁྲུལ་ཇི་སྙེད་ཅིག་ཡོད་སྲིད་པས་ཀློག་པ་པོ་ཡོངས་ལ་སྙིང་ནས་མཐོལ་ལོ་བཤགས། །