རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


1.དངོས་པོའི་སྤྱོད་ཆས།
        མི་རྣམས་ནི་འཚོ་བ་རོལ་བའི་ཆེད་དུ། དུས་རྟག་ཏུ་རང་དང་འབྲེལ་བའི་ཁོར་ཡུག་དག་ལ་བཟོ་བཅོས་དང་འགྱུར་བ་གཏོང་བཞིན་ཡོད་ལ། ཕྱི་ཡུལ་དང་འབྲེལ་བའི་ཕྱོགས་རེ་རེར་ལག་ཆ་དང་ཡོ་ཆས་སོགས་བཟོས་ཏེ་མིས་བཟོས་ཀྱི་ཁོར་ཡུག་རེ་བསྐྲུན་ཡོད། དཔེར་ན། ཁང་པ་དང་སྦྲ་གུར་བཟོ་བ། མཚོན་ཆ་དང་ལག་ཆ་སོགས་ལ་བརྟེན་ནས་ཟས་རིགས་ལེན་པ། བླངས་ཟིན་པའི་བཟའ་བཅའ་རྣམས་གཡོ་སྤྱོར་བྱེད་པ། གཞུང་ལམ་བཟོས་ཏེ་འགྲིམ་འགྲུལ་ཡོ་ཆས་སྤྱོད་པ་སོགས་ལྟ་བུ་རེད། གལ་ཏེ་མི་རྣམས་རང་བྱུང་ཁམས་སུ་རང་གི་ཤ་ཁྲག་གི་ལུས་ཕུང་ཁོ་ན་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་ཡིན་ན། མི་འགྱང་པར་འཁྱག་ཤི་དང་ལྟོགས་ཤི་ཐེབས་རྒྱུ་ལས་མེད། དེ་བས་མིའི་རིགས་ཀྱི་ཆེས་ཐོག་མའི་སྤྱི་ཚོགས་སུ་དགྲ་འགོག་པ་དང་ཟས་ཟ་བ། འགུལ་སྐྱོད་བྱེད་པ་སོགས་ལུས་སེམས་གཉིས་ཀྱི་དགོས་མཁོ་ཐ་དག་ནི་ལག་ཆ་དང་ཡོ་ཆས་འབའ་ཞིག་ལ་བརྟེན་ནས་བསྐང་བར་བྱས་པ་ལས། རང་བྱུང་གི་རྣམ་པ་ཁོ་ནར་རོལ་བའི་མི་ཞིག་འཛམ་གླིང་ཡོངས་ན་མེད་དོ། །
མིའི་རིགས་ཀྱི་དངོས་པོའི་སྤྱོད་ཆས་ལ། སྣོད་ཆས་དང་། ཁང་པ། གྲུ་གཟིངས། ལག་ཆ། མཚོན་ཆ་སོགས་སྣ་ཚོགས་པ་ཞིག་ཡོད་ཅིང་། དེ་དག་ནི་མིའི་རིགས་ཀྱི་རིག་གནས་ལས་ཆེས་རྟོགས་སླ་བའི་ཕྱོགས་རྣམས་ཡིན་ལ། རིག་གནས་གང་དང་གང་གི་འཕེལ་རྒྱས་ཀྱི་ཚད་དང་ཐོན་སྐྱེད་ནུས་པ་སོགས་མཚོན་བྱེད་ཀྱང་ཡིན། དེ་བས་མི་མང་པོ་ཞིག་གིས་མི་རིགས་སོ་སོའི་རིག་གནས་ལ་བཟང་ངན་ཞེས་པའི་ཁྱད་པར་ཞིག་འབྱེད་བཞིན་པ་དེའི་ཆེས་རྩ་བའི་གཞི་འཛིན་ས་ནི་མཚོན་ཆ་ལྟ་བུ་དངོས་པོ་ཁོ་ནའི་སྟེང་ནས་འཇོག་བཞིན་ཡོད། དེ་ལྟར་རྟེན་རྫས་ཁང་ན་ཕྱག་ལས་གནང་བཞིན་པའི་མཁས་པ་ཞིག་ཡིན་ནའང་འདྲ། ནམ་རྒྱུན་འཕེལ་རྒྱས་དང་སྔོན་ཐོན་ཁོ་ན་གླེང་རྒྱུར་དགའ་བའི་ཆབ་སྲིད་པ་ཞིག་ཡིན་ནའང་འདྲ། ཁོ་ཚོ་ཚང་མས་ཆེས་ཐོག་མར་དོ་སྣང་བྱེད་ས་ནི་དངོས་པོའི་རིག་གནས་ལས་གཞན་མ་རེད། དེ་མིན་སྤྱི་ཚོགས་རིག་པའི་ཁྱབ་ཁོངས་སུ་རྩོད་པ་ཆེས་ཆེ་བའི་ནང་དོན་ཁག་གཉིས་ལས་ལོ་རྒྱུས་དངོས་གཙོ་སྨྲ་བ་ཞེས་མཚན་ཉིད་རིག་པའི་ཚུལ་ཙམ་འཛིན་མཁན་དེ་དག་གིས་ཀྱང་། མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་། དེའི་དོན་སྙིང་། རིན་ཐང་སོགས་ནི་དངོས་པོའི་རིག་གནས་ཁོ་ན་ཡིན་ཚུལ་གྱི་བཤད་ཡམས་ཡང་བསྒྲགས་པ་རེད།
2.བསམ་པའི་རིག་གནས།
        གལ་ཏེ། ང་ཚོས་བློ་རྣལ་དུ་ཕབ་ནས་འདང་ཅུང་ཙམ་ཞིག་རྒྱབ་པ་ཡིན་ན། དངོས་པོའི་རྣམ་པར་ཡོད་པའི་རིག་གནས་དེ་དག་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་མིན་པ་སླ་མོར་ཤེས་ཐུབ། དངོས་པོ་རྐྱང་པ་ཙམ་ལས་བསམ་བློའི་ཆ་གཏན་ནས་མེད་པའི་རིག་གནས་ནི་བེད་སྤྱོད་ཅི་ཡང་མེད་པའི་རིག་གནས་ཤི་བོ་འབའ་ཞིག་རེད། དཔེར་ན་ལག་ཆ་ཡག་པོ་ཞིག་ལ་མཚོན་ན། ཐོག་མར་ལག་ཆ་དེ་བཟོ་བར་ལག་རྩལ་ཡག་པོ་ཞིག་དགོས་པ་དང་། ལག་རྩལ་ཡག་པོ་ཞིག་ཡོད་དགོས་ན་དེ་དང་འབྲེལ་བའི་ཤེས་བྱ་མང་པོ་ཞིག་ཤེས་དགོས་པ་ལྟ་བུ་རེད། དེ་བཞིན་སྣོད་ཆས་དང་། ལག་ཆ། མཚོན་ཆ་སོགས་མིས་བཟོས་དངོས་པོ་ཚང་མར་ཤེས་བྱ་མེད་དུ་མི་རུང་ལ། ཤེས་བྱ་དེ་དག་ཀྱང་མིའི་ཤེས་རབ་དང་ཀུན་སྤྱོད་སོགས་ལ་སྦྱོང་བརྡར་ཡག་པོ་ཐོབ་མ་ཐོབ་དང་ཐད་ཀར་འབྲེལ་ཡོད། ཤེས་རབ་དང་ཀུན་སྤྱོད་ལ་སྦྱོང་བརྡར་བྱེད་པའི་བརྒྱུད་རིམ་དེ་ནི་ཕྱོགས་གཞན་ཞིག་ནས་བཤད་ན། མིའི་སྤྱི་ཚོགས་ཀྱི་ཆོས་ལུགས་དད་མོས་དང་། ཁྲིམ་ལུགས། མི་ཆོས་ཀྱི་ཚད་གཞི་སོགས་ཀྱི་འབྱུང་ཁུངས་ལྟ་བུ་ཡང་ཡིན་ནོ། །
དེ་བཞིན་མི་ཞིག་གིས་དངོས་པོ་ཞིག་བེད་སྤྱོད་བྱེད་པའམ་བདག་ཏུ་བཟུང་ཚེ། མི་དེས་དངོས་པོ་དེའི་རིན་ཐང་ཤེས་རྟོགས་བྱུང་ནས་བེད་སྤྱོད་བྱེད་པའམ་བདག་ཏུ་བཟུང་བ་ཡིན་པས། དེར་ཡང་ཅུང་ཟབ་པའི་བསམ་བློ་འདུ་ཤེས་ཀྱིས་ནུས་པ་ཞིག་ཐོན་གྱིན་ཡོད་པ་མཚོན། ཡང་མི་མང་པོ་ཞིག་གིས་དངོས་པོ་ཞིག་མཛད་སྤྱོད་བྱས་པ་ལ་མཚོན་ན། མི་དེ་དག་གིས་རྩ་འཛུགས་ཡོད་པའི་སྒོ་ནས་ཕན་ཚུན་བར་མཉམ་འབྲེལ་དང་བགོ་བཤའ་སོགས་བྱེད་དགོས་ལ། རྩ་འཛུགས་བྱེད་པར་ཐབས་ཤེས་མེད་དུ་མི་རུང་བས། ཐབས་ཤེས་དེ་ཡང་བསམ་བློའི་རིག་གནས་ཀྱི་ཁོངས་སུ་གཏོགས་སོ། །
རྒྱུ་མཚན་དེ་དག་གི་ཕྱིར་ན། དངོས་པོའི་རིག་གནས་དང་ནམ་ཡང་ལྷན་དུ་ཡོད་པའི་ཆ་དེ་དག་ནི། ཕྱོགས་གཅིག་ནས་རྙོག་འཛིང་ཆེ་ཞིང་དབྱེ་ཞིབ་དང་རིགས་དགར་མི་བདེ་ལ། ཕྱོགས་གཅིག་ནས་དངོས་པོའི་རིག་གནས་ལ་ནམ་ཡང་མེད་དུ་མི་རུང་བ་ཞིག་ཡིན་པ་ཡང་ཤེས་ཐུབ། དངོས་པོའི་རིག་གནས་མ་ཡིན་ལ་དེ་དང་ལྷན་དུ་ཡོད་པའི་ཆ་དེ་དག་ལ། ཤེས་བྱ་སྣ་ཚོགས་དང་། ཀུན་སྤྱོད་ཀྱི་ཕྱོགས། རིག་གནས་ཀྱི་རིན་ཐང་ལྟ་བ། དཔལ་འབྱོར་གྱི་རིན་ཐང་ལྟ་བ། སྤྱི་ཚོགས་རྩ་འཛུགས་བྱེད་ཐབས། ད་དུང་སྐད་བརྡ་སོགས་ཚང་མ་འདུ་ལ། དེ་དག་ཚང་མའི་སྤྱི་མིང་ལ་བསམ་པའི་རིག་གནས་ཞེས་བྱའོ།། དངོས་པོ་ནི་མིའི་རིགས་ཁོ་ནས་ད་གཟོད་བཟོ་བཅོས་བྱས་པ་རེད་ལ། མིའི་རིགས་ཀྱི་ཤེས་རབ་དང་མི་ཆོས་སོགས་ཀྱི་ལམ་ནས་དངོས་པོ་ལ་ཇི་ལྟར་ངོས་འཛིན་བྱས་པ་དེ་བཞིན་བེད་སྤྱོད་བྱས་པས། ད་གཟོད་དངོས་པོ་ལ་སྤྱོད་སྒོ་ཡོད་པར་གྱུར་བ་རེད། ཕྱོགས་གཞན་ཞིག་ནས་བལྟས་ཚེ། དངོས་པོའི་རིག་གནས་ནི་མིའི་རིགས་ཀྱིས་མི་རབས་རྗེས་མའི་འཚོ་བའི་གོམས་གཤིས་དང་སྤྱོད་ལམ་ལ་ཚོད་འཛིན་བྱེད་པར་མེད་དུ་མི་རུང་བའི་ལག་ཆ་ཞིག་ཀྱང་ཡིན་ཏེ། མིས་བཟོས་ཀྱི་ཁོར་ཡུག་གམ་དངོས་པོའི་རིག་གནས་དེ་དག་ནི། མི་རྣམས་ཕྲུ་གུ་ཆུང་ངུའི་དུས་ཀྱི་ཚོར་ཤེས་དང་། སེམས་ཤུགས། བརྩེ་སེམས་སོགས་ལེགས་ལམ་དུ་ཇི་ལྟར་འདྲེན་པའི་ཚོད་ལྟ་ཁང་ལྟ་བུ་ཞིག་རེད། མི་རྣམས་ཀྱི་རྐང་ལག་ཡན་ལག་དང་དབང་བོ་ལྔ་བོ་སོགས་ལ་བརྟེན་ནས་དངོས་པའི་ཡོ་ཆས་དེ་དག་བེད་སྤྱོད་བྱེད་པའི་སྐབས་སུ་དེ་འབྲེལ་གྱི་རིག་གནས་དང་ལག་རྩལ་ལ་གོམས་པར་འགྱུར་ལ། དེ་ལ་བརྟེན་ནས་ནང་སེམས་ཀྱི་ཁྱབ་ཁོངས་སུ་སྤྱི་ཚོགས་ཀྱི་ལུགས་སྲོལ་སྣ་ཚོགས་དང་། ཆོས་ལུགས། མི་ཆོས་ཀྱི་ལྟ་བ། བརྩེ་སེམས། འདུ་ཤེས་འཛིན་སྟངས་སོགས་རིམ་གྱིས་ཆགས་ཡོང་། བརྒྱུད་རིམ་དེར་ད་དུང་བསམ་བློ་འདུ་ཤེས་དང་རིན་ཐང་སོགས་དང་འབྲེལ་བའི་སྐྱེ་བོའི་ངག་གི་སྐད་སྒྲ་ཞིག་ཀྱང་རམ་འདེགས་སུ་ཡོད་དོ། །
མི་སྐོར་ཞིག་གམ་ལག་ཆ་རིགས་ཤིག་གིས་བཟོ་བཅོས་བྱས་རྗེས་གྲུབ་ཡོད་པའི་ཁོར་ཡུག་ནི་དངོས་པོའི་རིག་གནས་ཀྱི་རྩ་བའི་གྲུབ་ཆ་དག་ཡིན་པ་ཇི་བཞིན། ལུས་པོའི་སྟེང་གི་གོམས་གཤིས་དང་སྤྱོད་ལམ་སོགས་ཚད་ལྡན་དུ་བསྒྱུར་བ་དང་། སྐྱེ་ཁམས་ཀྱི་ངོས་ནས་གོ་རིམ་ལྡན་པའི་བསྒྱུར་བཅོས་བྱེད་པ་སོགས་ནི་བསམ་བློའི་རིག་གནས་ཀྱི་གཞི་རྩའི་གྲུབ་ཆ་དག་རེད། དེ་ལྟར་ཡོ་ཆས་དང་གོམས་གཤིས་གཉིས་ཀྱིས་རིག་གནས་ཀྱི་ཕྱོགས་ཆེན་པོ་གཉིས་གྲུབ་ཡོད་ལ། དེ་གཉིས་ནི་གཅིག་རྟེན་གཅིག་འབྲེལ་ཡིན་པས། གཉིས་ལས་གང་ཡང་མེད་དུ་མི་རུང་ངོ་། །
3.སྐད་བརྡ།
        སྐད་བརྡ་ནི་མིའི་རིགས་ཁོ་ན་ལ་ཆེད་དུ་ཡོད་པ་དང་། མིའི་རིགས་ཀྱི་དངོས་པོའི་རིག་གནས་དང་ཡུལ་སྲོལ་གྱི་རིགས་སུ་གཏོགས་པའི་རིག་གནས་སོགས་དང་སོ་སོར་ཕྱེ་བའི་རིག་གནས་ཀྱི་ཕྱོགས་གཞན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འགྲེལ་སྟངས་འདིའི་རིགས་ཀྱིས་ནམ་རྒྱུན་སྐད་བརྡ་ནི་མཚོན་དོན་རིག་པ་ཞིག་དང་སྦྱར་ཏེ་བཤད་ཀྱིན་ཡོད་ལ། མཚོན་དོན་ནི་ཡིག་འབྲུ་གཅིག་གི་ནང་དུ་འདུས་པའི་བསྟན་བྱ་ཡོངས་སུ་རྫོགས་པ་ལ་གོ་བར་བཤད། ཡིན་ཡང་། དངོས་ཡོད་འཚོ་བའི་ཁྲོད་ཀྱི་སྐད་བརྡ་ལ་ཞིབ་འཇུག་བྱེད་སྐབས། བརྗོད་དོན་ནི་མཚོན་བྱེད་ཀྱི་ཡི་གེའི་ནང་དུ་འདུས་པ་ཞིག་མ་ཡིན་པར། ཕན་ཚུན་བརྡ་སྤྲོད་པའི་སྐབས་ཀྱི་སྐད་བརྡའི་ཁོར་ཡུག་ ཅིག་གི་ནང་དུ་འདུས་ཤིང་། དེ་ཉིད་སྐྱེ་བོའི་ངག་ནས་སྒྲ་ཡི་རྣམ་པས་ཕྱིར་སྟོན་པ་ཙམ་རེད། སྒྲ་དེ་ནི་ཉམས་འགྱུར་སྣ་ཚོགས་དང་སྤེལ་མའི་སྒོ་ནས་བརྡ་སྤྲོད་སྐབས་མེད་དུ་མི་རུང་བའི་ཉམས་འགྱུར་གྱི་རིགས་གལ་ཆེན་ཞིག་ཡིན་ལ། དེ་ཡང་ཡོ་ཆས་ཤིག་བེད་སྤྱོད་བྱེད་པ་དང་། མཚོན་ཆ་ཞིག་ཤུགས་ཀྱིས་གཡུག་པ། ཆོ་ག་ཞིག་གོ་རིམ་བཞིན་སྤེལ་བ། ཕྱོགས་གཉིས་བར་གྲོས་འདེབས་པ་སོགས་དང་ཡོངས་སུ་འདྲ་བར་བྱ་བ་བྱེད་པའི་རྣམ་པ་ཞིག་ཀྱང་རེད། དེ་བས་དོན་ངོ་མར་མིང་བརྡ་སོགས་ཀྱིས་དོན་སྟོན་པ་ནི་མིའི་ལུས་ཀྱི་དོན་སྟོན་པའི་ཉམས་འགྱུར་གཞན་དག་ཐམས་ཅད་ལས་མེད་དུ་མི་རུང་བའི་ཆ་ཤས་ཤིག་དང་། མིང་དང་ཚིག་གིས་དོན་ཇི་བཞིན་སྟོན་ཐུབ་པ་ནི་ལུས་ཀྱི་ཉམས་འགྱུར་གཞན་དག་གི་རམ་འདེགས་ལ་བརྟེན་པ་ཞིག་རེད། མིང་བརྡ་དེ་དག་གི་དོན་ནི་བརྡ་སྤྲོད་མཁན་གྱི་གང་ཟག་དེས་ཕ་རོལ་བོའི་ཉམས་འགྱུར་དང་བསྟུན་ཏེ་བརྡ་ལན་སྤྲོད་པའི་སྐབས་ཀྱི་ཁོར་ཡུག་ལས་བྱུང་བ་ཞིག་ཡིན་པས། སྐད་ཆ་བཤད་པ་ནི་མིའི་ལུས་ཁམས་ཀྱི་གོམས་གཤིས་ཤིག་དང་བསམ་པའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་ནི་ཡུལ་སྲོལ་གྱི་རིགས་སུ་གྱུར་བའི་རིག་གནས་གཞན་དག་དང་ངོ་བོའི་ཆ་ནས་འདྲ་མཚུངས་རེད་ཅེས་བཤད་ཆོག
བྱིས་པ་ཆུང་ངུ་རྣམས་ཀྱིས་སྐད་ཆ་གསར་དུ་སློབ་པ་ནི། སྐད་ཆའི་ཆོས་ཉིད་ཀྱིས་སློབ་མཁན་ལ་ཚོད་འཛིན་ཐེབས་པ་དང་། སློབ་མཁན་གྱིས་དེ་ལ་ཕྱིར་ལྡོག་ནུས་ཐོན་པའི་རྒྱུད་རིམ་ཞིག་རེད། སྐད་ཆ་ནི་འབྲུ་རེ་རེ་གསལ་བོར་ཡོད་པའི་རྣ་ཤེས་ཀྱི་མཉན་བྱ་ཞིག་ཡིན་ལ། དེ་ནི་བྱིས་པ་ཆུང་ངུའི་ངག་གི་འབྲུ་གསལ་པོ་མེད་པའི་སྒྲ་སྣ་ཚོགས་ནས་རིམ་བཞིན་ཚད་ལྡན་གྱི་རྣམ་པར་གྱུར་བ་ཞིག་རེད། དེ་ལས་བྱིས་པའི་ངག་གི་འབྲུ་གསལ་པོ་མེད་པའི་སྒྲ་སྣ་ཚོགས་འབྱིན་པ་ནི། བྱིས་པ་རྣམས་ཀྱིས་ཁོར་ཡུག་ལ་འབྲེལ་འདྲིས་བྱེད་པའི་རང་ངོས་ཀྱི་གཉུག་མའི་ནུས་པ་ཞིག་ཀྱང་རེད། དེ་ལྟར་བྱིས་པ་རྣམས་རིམ་གྱིས་འཚར་ལོངས་བྱུང་བ་ན། སྐད་བརྡའི་ཤེས་བྱ་ནི་འཚོ་བའི་ནུས་རྩལ་དང་ཤེས་བྱ་སོགས་ཁོང་དུ་ཆུད་པ་དང་མཉམ་དུ་རིམ་གྱིས་གོང་འཕེལ་དུ་འགྲོ་བ་དང་། དེ་ནས་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་དངོས་སུ་ཞུགས་ཤིང་སྤྱི་ཚོགས་ཀྱི་ལས་འགན་སྣ་ཚོགས་རིམ་པར་ཁུར་བ་ན། གུས་ལུགས་སྣ་ཚོགས་མཚོན་པའི་ཚིག་དང་། ཡར་ཞུ་མར་སྒྲོག་གི་གཏམ། ཁྲིམས་ལུགས་ཀྱི་སྐད་ཆ་སོགས་ཀྱང་རིམ་གྱིས་གོམས་པར་འགྱུར། མཇུག་མཐར་ཆོས་ལུགས་དང་ཀུན་སྤྱོད་ཕྱོགས་ཀྱི་ཉམས་མྱོང་འཐུས་སྒོ་ཚང་བར་གྱུར་ཚེ། རིག་གནས་ཀྱི་ནང་དུ་འདུས་པའི་མི་ཆོས་དང་གཞུང་ལུགས་ཀྱི་བཤད་སྟངས་སྣ་ཚོགས་ཀྱང་ཤེར་བར་འགྱུར་རོ།། མི་སུ་ཞིག་གི་སྐད་ཆའི་ཤེས་བྱ་འཛོམས་པོར་གྱུར་བ་ནི། མི་དེ་སྤྱི་ཚོགས་དང་རིག་གནས་དེའི་ཁྱབ་ཁོངས་ནས་གོ་གནས་ཇེ་མཐོར་སོང་པ་དང་ཁྱད་མེད་པས། སྐད་བརྡ་ནི་རིག་གནས་ཀྱི་མ་ལག་སྤྱིའི་ངོས་ནས་བཤད་ན། ངག་ནས་སྒྲ་འབྱིན་པའི་གོམས་སྲོལ་ཞིག་དང་བསམ་པའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་མ་གཏོགས། མ་ལག་ལྡན་པའི་ལག་ཆ་ལྟ་བུ་ཞིག་མ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1