ཀྲུང་གོའི་མི་མེད་རང་འདེམ་ཚོང་ཁང་ཐོག་མ་སྒོ་ཕྱེས་པ་།
ཚེ་འཛིན་སྒྲོལ་དཀར་གྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28
མི་མང་པོ་ཞིག་གིས་མི་མེད་རང་འདེམ་ཚོང་ཁང་ནི་མ་འོངས་པའི་ཚན་རིག་གི་ཐོན་ཁོངས་ཤིག་ཡིན་པར་འདོད་མོད། འོན་ཀྱང་ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པའི་ཕྱིན་པའི་དུས་རབས་21གི་ནང་དུ་ཚན་རིག་གི་ཕུགས་འདུན་དེ་མི་གྲུབ་པའི་ངེས་པ་ཡོད་པ་མ་རེད། ཉེ་ཆར་བློ་ཡུལ་ལས་འདས་པ་ཞིག་ལ། ཨ་རིའི་ཡ་མ་ཞོན་མི་མེད་རང་འདེམ་ཚོང་ཁང་བྱུང་བ་དང་བསྟུན་ནས། མ་ཡུན་མི་མེད་རང་འདེམ་ཚོང་ཁང་ཡང་འདི་ལྟར་མགྱོགས་མྱུར་ངང་བྱུང་འདུག སྤྱི་ཟླ་7པའི་ཚེས་8ཉིན། མ་ཡུན་གྱི་མི་མེད་རང་འདེམ་ཚོང་ཁང་ཐོག་མ་དེ་ཧང་ཀྲུའུ་གྲོང་ཁྱེར་དུ་སྒོ་ཕྱེས་ཡོད་ལ། མི་མེད་རང་འདེམ་ཚོང་ཁང་བྱུང་པ་དེ་སིལ་ཚོང་ལས་རིགས་ཀྱི་དངོས་ནས་བཤད་ན་གསར་བརྗེ་ཆེན་པོ་ཞིག་ཡིན་པ་ཐེ་ཚོམ་མེད་པ་ཞིག་རེད། དེ་བས་མི་མང་པོ་ཞིག་གིས་གསར་བརྗེ་འདི་ལ་ལྟ་ཕྱོགས་མི་འདྲ་བའི་ངོས་འཛིན་བྱེད་བཞིན་ཡོད། གང་ལྟར་གསར་བརྗེ་འདི་ནི་ངོས་གཉིས་རལ་གྲི་ནང་བཞིན་དགེ་སྐྱོན་གཉིས་ལྡན་གྱི་གསར་བརྗེ་ཞིག་རེད། ཕྱོགས་གཅིག་ནས་ཀྲུང་གོ་རྒྱལ་ཁབ་ཀྱིས་སྔོན་ཐོན་གྱི་ཚན་རྩལ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་ཐད་ལ་སྟབས་བདེ་བསྐྲུན་ཡོད་པ་དང་ལས་ཆོད་མཐོ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་གོའི་སིལ་ཚོང་ལས་རིགས་ཧྲིལ་བོར་ཤུགས་རྐྱེན་ཆེན་པོ་འཇོག་སྲིད་པའི་དོན་ཆེན་ཞིག་ཏུ་ངོས་འཛིན་བྱེད་བཞིན་མཆིས།
མ་ཡུན་གྱི་མི་མེད་རང་འདེམ་ཚོང་ཁང་ཐོག་མ་ཧང་ཀྲུའུ་གྲོང་ཁྱེར་གྱི་ལྟེ་བར་ཡོད་ལ། ཉིན་དེར། སྒོ་ཕྱི་ནང་གཉིས་སུ་མི་མང་པོ་གྲལ་བསྒྲིགས་ཏེ་སྒུག་ཡོད་ཅིང་། ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་ད་དུང་གྲལ་བསྒྲིགས་ནས་འདུག་མཁན་ཧ་ཅང་མང་། མི་མེད་རང་འདེམ་ཚོང་ཁང་དེར་ཚོང་ཟོག་ཉོ་མཁན་རྣམས་ཁ་པར་ནང་གི་ཐོ་པོ(淘宝)ཡང་ན་ཀྲུ་ཧྥུ་པོ་(支付宝)ཡིས་རྩ་གཉིས་ཨང་གྲངས་བཤེར་ཏེ་ཐད་ཀར་ནང་དུ་འཛུལ་ཆོག་པ་དང་། རྩ་གཉིས་ཨང་གྲངས་བཤེར་ཚར་རྗེས་རང་འགུལ་གྱིས་སྒོ་འབྱེད་ལ། རང་འདེམ་ཚོང་ཁང་ཧྲིལ་བོར་ཚོང་ཟོག་འཚོང་མཁན་དང་དངུལ་བསྡུ་མཁན་སོགས་མི་གཅིག་ཀྱང་མེད་པ་དང་། རང་ལ་དགོས་པའི་ཚོང་ཟོག་བདམས་རྗེས་རྩ་གཉིས་ཨང་གྲངས་བཤེར་ཏེ་རིན་དངུལ་སྤྲོད་མི་དགོས་པར། ཐད་ཀར་སྒོའི་ཕྱིར་ཐོན་ཆོག་ཅིང་། སྒོ་ཆེན་གྱི་སར་སླེབས་དུས་མ་ལག་གིས་རང་འགུལ་ངང་ཁྱེད་ཉིད་ཀྱི་ཚོང་ཟོག་དབྱེ་འབྱེད་བྱེད་ལ། རང་འགུལ་གྱིས་ཀྲུ་ཧྥུ་པོ་ནས་རིན་དངུལ་འཐེན་སྲིད།
གོང་གི་ངོ་སྤྲོད་ལྟར། མི་མེད་རང་འདེམ་ཚོང་ཁ་འདི་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ལ་གོ་རིམ་གསུམ་ལས་མི་དགོས་པར་རང་ཉིད་ཀྱི་འདོད་པ་ཡོད་པའི་ཚོང་རྫས་ཉོ་ཆོག ཚོང་ཁང་ནང་དུ་མི་གཅིག་ཡང་མེད་པའི་རྐྱེན་གྱིས་ལས་མིའི་མ་གནས་མི་དགོས་ལ་མི་མེད་རང་འདེམ་ཚོང་ཁང་གི་འགྲོ་སོང་ནི་སྲོལ་རྒྱུན་རང་འདེམ་ཚོང་ཁང་གི་བཞི་ཆ་གཅིག་ལས་མེད། ཚོང་བདག་རང་ཉིད་ཉིན་རེའི་སྔ་དྲོར་ཚོང་རྫས་ཟད་ཡོད་པའི་ཟོག་སྒྲོམ་སྟེང་དུ་ཚོང་རྫས་ཁ་གསབ་བྱས་ན་ཆོག འདི་ལྟར་བའི་མགྱོགས་ཚད་ལས་སྔོན་དཔག་བྱས་ན། ཉིན་གཅིག་གི་དུས་ཚོད་ནང་དུ་མི་གཅིག་གིས་མི་མེད་རང་འདེམ་ཚོང་ཁང་ཆེན་པོ་བཅུ་དོ་དམ་བྱས་ཆོག ཚོང་རྫས་ཁ་གསབ་བྱེད་པའི་ལས་ཤེས་པའི་ཟླ་རེའི་གླ་ཕོགས་5000ཆར་བཞག་ནས་བཤད་ན་ཚོང་ཁང་རེའི་ཟླ་རེའི་ལས་མིའི་མ་གནས་500ཡན་མེད་ལས་མི་དགོས། དེ་མིན་མི་རེད་རང་འདེམ་ཚང་ཁང་དུས་ཚོད་ཉེར་བཞིའི་རིང་ལ་སྒོ་འབྱེད་བཞིན་ཡོད་ཅིང་། མི་རྣམས་ཀྱི་འཚོ་བའི་ཐད་ལ་ཧ་ཅང་སྟབས་བདེ་བའི་ཆ་རྐྱེན་ཞིག་བསྐྲུན་ཡོད། །