༄༅།། ཕ་ཡུལ་དྲན་པ།

སྐར་མ་མཁའ་འགྲོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-30


 སྐར་མ་མཁའ་འགྲོ།


རྡུལ་སྨུག་པའི་གསེབ་ནས་ཕ་ཡུལ་དྲན། །
སེམས་རྒོད་པོ་དམར་པོ་བྲག་ལ་འཁོར། །
བྲག་གཟར་པོའི་ཐེམ་ནས་ཨ་ཡིག་མཐོང་། །
འབྲོང་རྡོ་རྗེ་ཟེར་བའི་ཕ་ཞིག་དྲན། །
འབྲོང་བདའ་བའི་མི་ཁྱུ་གངས་ལ་བསྙེགས། །
གངས་དཀར་པོའི་འདབས་ནས་གཞིས་སྡོད་བྱས། །
གནས་ཨ་ཆེན་གངས་དེ་བླ་རི་བྱས། །
སྟོད་གངས་ལ་དྲིན་གྱི་མཆོད་པ་འབུལ། །
བྲག་ཐེམ་པའི་ཨ་ཡིག་བུ་ལ་བཏགས། །
བུའི་མཚན་མིང་སྡེ་ཤོག་སྤྱི་ལ་ཆགས། །
སྡེ་དེ་ལ་ཨ་རིག་སྡེ་ཤོག་ཟེར། །
གཤིས་བཟང་བའི་མི་རྒྱུད་འདི་ནས་འཕེལ། །
གནམ་སྔོན་པོའི་འོག་གི་ཨ་རིག་དང་། །
ས་ཆེན་པོའི་སྟེང་གི་ཨ་རིག་ཅེས། །
རྟ་ཨ་རིག་གྱི་ལིང་གྱོ་རྒྱ་སོགས། །
དཔལ་འབར་བའི་མེ་ལྕེ་དགུང་ལ་འཕྱོ། །
དུས་མི་རྟག་འཁོར་བསྐྱོད་སོ་ཁ་ནས། །
སྡེ་ཆེན་པོ་ཁ་ཁ་སོ་སོར་གྱེས། །
གཙང་ཨ་རིག་བཀའ་བཅུ་ལ་སོགས་ཀྱི། །
ངོ་མཚར་བའི་བཤད་རྒྱུན་མང་དུ་བྱུང་། །
ལས་རླུང་རྟའི་འཁོར་ཕྱོགས་གང་ཡིན་ཀྱང་། །
ལས་སྐྱིད་སྡུག་བཟང་ངན་གང་མྱོང་ཡང་། །
ལས་དགེ་བའི་ཕྱོགས་ནས་ལྷུར་ལེན་མཁན། །
ལས་རྣམ་དཀར་སྐྱོང་བའི་ཡབ་མེས་དྲན། །
ཟླ་གསུམ་པའི་ཡུལ་ལྗོངས་རི་མོ་བཞིན། །
རྒྱའི་མཁར་འདི་ལྷ་ཡུལ་ལྟར་སྣང་ཡང་། །
སེམས་དྲན་པའི་ཆུ་མོ་འགོག་མེད་དུ། །
རྒྱང་རིང་བའི་ཕ་ཡུལ་ཕྱོགས་སུ་བཞུར། །
རྒྱུན་དྲི་མེད་ཡན་ལག་ཆུ་ཕྲན་དང་། །
དབྱངས་གྲེ་འགྱུར་སྒྲོག་པའི་འདབ་ཆགས་ཚོགས། །
བག་ཡངས་མོས་རྒྱུ་བའི་དཀར་ནག་ཕྱུགས། །
ཡུལ་ཕ་ཡུལ་ཕྱོགས་ཀྱི་ཉམས་དེ་དྲན། །
ལུག་གཡང་དཀར་འཚོ་བའི་རྫི་བོ་དང་། །
རྡོ་རྩེད་ར་སྒྲིག་པའི་ན་ཆུང་ཚོགས། །
གཞས་རི་གླུ་འགུགས་པའི་སྟག་ཤར་སོགས། །
ཡུལ་ཕ་ཡུལ་ཕྱོགས་ཀྱི་ཉམས་འདི་དྲན། །
ནངས་སྔ་མོའི་སྐྱ་རེངས་བཅག་དུས་སུ། །
རྫ་རི་ལུང་རྩེ་ན་འདུར་བཞིན་པས། །
ཕྱུགས་དཀར་ནག་འཚོ་བའི་ཕ་ལོ་དང་། །
འབྲི་ཐུལ་མ་བཞོ་བའི་མ་ལོ་དྲན། །
གནས་ཞིང་མཆོག་གཙང་གི་ཨ་རིག་ནས། །
ཁ་མ་ཎི་ཡིག་དྲུག་གྱེར་བཞིན་དུ། །
མ་སེམས་ཅན་དོན་ལ་སྐྱབས་ཞུ་བའི། །
ལས་དགེ་བའི་ཕྱོགས་ཀྱི་ཡུལ་མི་དྲན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1