༄༅།། ཤོན།

བོན་ནག་ཚང་ཡེ་ཤེས་བློ་གྲོས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 10-09


ཤོན་ནི་ཞང་ཞུང་གཅིག་པུ་མ་ཡིན་པར་མདོ་སྨད་ཡུལ་དུ་དར་ཁྱབ་ཆེ་བའི་བདེན་རྟགས་གསར་དུ་རྙེད་པ།

        ཤོན་ནི་ཐོག་མར་ཞང་ཞུང་གི་ཡུལ་དུ་དར་ཁྱབ་ཆེ་བའི་བྲོ་ཡི་རྣམ་པ་ཞིག་ཡིན་ལ། ཡིན་པ་དེ་ཡང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་མདོ་སོགས་སུ་གསལ་བར་མ་ཟད་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། ལ་ལས་ནི་གར་བྱེད་དོ།། ལ་ལས་ནི་གླུ་དབྱངས་བསྒྱུར་རོ།། ལ་ལས་ནི་ཤོན་འཁྲ༷བ་བོ།། ལ་ལས་ནི་བྲོ་བརྡུང་ངོ༌།། ཞེས་གསལ་བར་བཀོད་ཡོད།

 གུ་གེ་མཁར་ཤུལ་གྱི་ཤོན་ལྡན་ལྡེབས་རིས།
        འཁྲབ་ཚིག་གི་ཐད་ནས་ཀྱང་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་གིས་མཛད་པའི་སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ་ལས། ཤོན་རྩེད་མི་གྲངས་ཉི་ཤུ་ནས་བརྒྱ་སྐོར་བར་གང་ཡོད་ཚོ་གསུམ་དུ་བཅད་དེ་ལག་བསྣོལ་བསྒྲིལ་མ་ཟླུམ་སྐོར་ཕྱི་ནང་རིམ་པ་མི་མང་ན་གསུམ་དུ་བྱེད། ཤོན་དཔོན་དང་པོ་དེས་ལག་གཡས་ཀྱིས་༼དྷོ་རིང་༽ཞེས་གཡག་དཀར་པོའི་རྔ་མ་དངུལ་གྱི་ཡུ་བ་ཅན་ཞིག་འཕྱར་བསྐོར་བྱེད་བཞིན་བཞིན་རྔ་ཆེ་ཆུང་དང་། དུང་། དུང་ཆེན། སུར་སྣ་འཁར་རྔ། སྦུབ་ཆོལ་སོགས་ཀྱི་སྒྲ་དང་བཅས། ཁ་ནས་དབྱངས་དང་། རྐང་བས་འགྲོས་ཀྱིས་གཡས་སྐོར་དུ་བསྐྱོད་པའི་གསེབ་ཏུ་སད༼ལྷ༽ཆེས་ལྷ་རྟེན་དང་། ༼ཡུལ་ལྷ་དྲེགས་པ་ཅན་གྱི་རིགས་སོགས་སོ༽མཉམ་དུ་བགྲོད་ཅིང་། ངག་གི་གླུ་དབྱངས་ནི། བྷི་ལི་བྷེ་ཧོ་ན། ༼ལག་པ་འཐུད་ནས་འགྲོ༽ གྷོ་ལི་གྷོ་ཧོ་ན། ༼ཤོན་རྩེད་རོལ་ལ་ཕེབས༽ ཧ་ཡ་བྷེ་ཧོ་ན༽༼སྔོན་དུ་མགྱོགས་པར་སྐྱོད་ལ་ཕྱིར་གཤེགས༽ ཁ་གྷོ་གྷོ་རིང་འུང་དྷེན། ༼ལྷ་མཇལ་མི་ཚོ༽ ཁ་གྷོ་གྷོ་ཙུ་ལིད་པ་ལིད། ༼ལྷ་ཁང་ལིད་པ་འདིར་འཛོམས༽ ཟླུམ་པོ་གྷོ་རི་དུའི་དྷེན། ༼ལྷ་ཡི་དབུ་ཐོད་ཟླུམ་པོ་ཀླུབ༽ འདིས་མཚོན་ཏེ་ཞང་སྐད་འདྲེས་མའི་སྔར་གྱི་ཡུལ་སྐད་རྙིང་བ་ལས་དབྱངས་དང་བཅས་ཏེ་འཁྲབ་པའི་ལུགས། ཁུ་ནུ་སོགས་སྟོད་ཕྱོགས་བོད་ཀྱི་མཐའ་མཚམས་ཀྱི་ཡུལ་ཁག་རྣམས་སུ་ཧ་ཅང་གི་དར་ཁྱབ་ཆེ་བ་ཡིན་ལ། འདི་ཡང་སྔར་དུས་སུ་སྟོན་པ་གཤེན་རབ་མི་བོ་བསུ་སྐྱེལ་གྱི་སྐབས་རྣམས་སུ་ཡང་འདི་ལྟར་རྩེད་པའི་ལུགས་ཡོད་པ་ཡིན་འདུག་སྟེ། ལུང་ལས། ལ་ལ་ཞིག་གིས་ཤོན་བརྩེའོ།། ཞེས་གསུངས་པའི་ཕྱིར། ད་དུང་འདིའི་སྐོར་ལ་རྩད་གཅོད་རྟོག་ཞིབ་བྱེད་རྒྱུ་ཤིན་ཏུ་མང་ངོ་།། ཞེས་འཁྲབ་ཚིག་དང་བཅས་དང་པོའི་ལོ་རྒྱུས་ཀྱི་དོགས་གནད་གསལ་པོར་གསུང་ཡོད། 
        དེ་ལས་རིམ་གྱིས་བོད་ཆེན་པོའི་མངའ་ཁོངས་སུ་མཚོ་སྔོན་གྱི་འབའ་རྫོང་དང་རྟ་ཐང་རྫོང་སོགས་སུ་མི་ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཤོན་འཁྲབ་བཞིན་པའི་ཚོན་རིས་རྫ་ཕོར་ཁ་ཤས་གསར་དུ་རྙེད། 
ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་འབའ་རྫོང་རྫོང་རི་ནས་ཐོན་པའི་ཤོན་ལྡན་རྫ་ཕོར།
        ཤོན་ལྡན་རྫ་ཕོར་འདི་ནི་ད་ལྟ་མཚོ་སྔོན་ཟི་ལིང་གི་གནའ་རྫས་བཤམས་སྟོན་ཁང་དུ་ཡོད། རྫ་ཕོར་འདི་ནི་འབའ་རྫོང་རྫོང་རིའི་རིག་དངོས་ལས་བྱུང་བའི་རྩ་ཆེན་གྱི་དངོས་རྫས་དེ་ཡིན་པར་མ་ཟད་ཀྲུང་གོའི་ཤེས་རིག་གི་རྒྱལ་བོའམ་ཀྲུང་གོའི་ཤེས་རིག་གི་ཏོག་ཅེས་འབོད་བཞིན་འདུག 

        འདིའི་ནང་གི་ཕྱོགས་གཅིག་ན་མི་ཡི་གཟུགས་བརྙན་བཅུ་གཅིག་དང་ཕྱོགས་གཅིག་ན་མིའི་གཟུགས་བརྙན་བཅུ་གསུམ་ཡོད། ཚང་མས་ལག་རྡེང་སྦྲེལ་ཏེ་གཡུང་དྲུང་ཤོན་རྩེད་བཞིན་པའི་རྣམ་པ་མངོན་སུམ་བསྙོན་མེད་དུ་སྣང་། ཤོན་ལྡན་རྫ་ཕོར་འདིའི་མཐོ་ཚད་ལ་སོར་བདུན་དང་བརྒྱད་ཡས་མས་དང་ཁ་ཞེང་ལ་ཡང་སོར་བརྒྱད་ཡས་མས་ཤིག་འདུག འདི་ལ་ཞིབ་འཇུག་པ་ཁ་ཤས་ཀྱིས་ཉི་མའི་བྲོ་གར་ཞེས་བརྗོད་བཞིན་ཡོད་པར་མ་ཟད་ད་སྐབས་མདོ་སྨད་དུ་དར་ཁྱབ་ཆེ་བའི་སྐོར་བྲོའི་འབྱུང་ཡུལ་ཀྱང་བྲོ་གར་འདི་ཡིན་པར་བརྗོད་བཞིན་ཡོད། ཤོན་གྱི་རྨང་གཞིའི་སྟེང་ནས་ད་སྐབས་དར་ཁྱབ་ཆེ་བའི་མཚོ་སྔོན་གྱི་སྐོར་བྲོ་དང་རྒྱལ་རོང་བོད་མིའི་སྐོར་བྲོ་སོགས་རྒྱ་ཆེར་དར་བར་མཚོན་ཐུབ།
རྟ་ཐང་ཧྲང་སུན་ཅ་ནས་ཐོན་པའི་ཤོན་ལྡན་རྫ་ཕོར།
        ཤོན་ལྡན་རྫ་ཕོར་འདི་ནི་སྤྱི་ལོ ༡༩༧༣ ལོར་མཚོ་སྔོན་ཞིང་ཆེན་ཏཱ་ཐོན ༼རྟ་ཐང༽རྫོང་ཧྲང་སུན་ཅ་གྲོང་ཚོའི(上孙家寨)དུར་ཁུང་ནས་ཐོན་པ་ཡིན་ལ། ཤོན་ལྡན་རྫ་ཕོར་འདིའི་ངོས་སུ་ཚོགས་ཆུང་རེ་ལ་མི་ལྔ་ཡི་ལག་གདང་སྦྲེལ་ནས་ཚོ་གསུམ་དུ་བཀོད་ཡོད་ལ། རྒྱའི་རྩོམ་པ་པོ་སུའུ་ཧྲུའུ་དབྱང(苏叔阳)གིས་བརྩམས་པའི་ཀྲུང་གོ་སྤྱི་བཤད། ན་གཞོན་ཀློག་དེབ་ལས་རྡོ་ཆས་གསར་བའི་དུས་རབས་ཀྱི་དུར་ཁུང་ལས་ཐོན་པར་བཤད་ཡོད། རྡོ་ཆས་གསར་བའི་དུས་སྐབས་ནི་ཧ་ལམ་ལོ་ཁྲི་གཅིག་སྔོན་ནས་ལོ་བཞི་སྟོང་སྔོན་བར་དུ་ངོས་འཛིན་གནང་ཡོད། 
        ཤོན་ལྡན་རྫ་ཕོར་འདི་གཉིས་ཀྱིས་མདོ་སྨད་ཡུལ་དུ་དུས་རབས་སྔ་མོའི་སྐབས་སུ་གཡུང་དྲུང་ཤོན་རྩེད་དར་བའི་ལོ་རྒྱུས་ཡོད་པའི་བདེན་པ་གསལ་རྗེན་དུ་བསྟན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1