ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་17ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་མི་དམངས་ཚོགས་ཁང་ཆེན་མོར་གྲ་སྒྲིག་གྲོས་ཚོགས་ཚོགས་པ་རེད།
བློ་མཐུན་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་བ་རེད།
ཏང་གི་ཚོགས་ཆེན་བཅུ་དགུ་པར་ཞུགས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2345ཡོད་པ་དང་། གྲ་སྒྲིག་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2307ཡོད།
གྲོས་ཚོགས་ཐོག ལག་པ་བརྐྱངས་ཏེ་བརྡས་ཐག་གཅོད་པའི་རྣམ་པའི་ཐོག་ནས་མི་22ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོར་གྲོས་འཆམ་བྱུང་བ་དང་། མི་243ལས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོར་གྲོས་འཆམ་བྱུང་བ། ལེའུ་ཡུན་ཧྲན་ཚོགས་ཆེན་གྱི་དྲུང་ཆེར་གྲོས་འཆམ་བྱུང་ཡོད།
གྲོས་ཚོགས་ཐོག དྲུང་ཡིག་ཁྲུའི་ལས་ཁུངས་བཀོད་སྒྲིག་དང་ལས་དོན་གྱི་ལས་འགན་ལ་གྲོས་འཆམ་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག་ད་དུང་ཚོགས་ཆེན་བཅུ་དགུ་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་སྟེ། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་གསན་རྒྱུ་དང་། དེར་ཞིབ་བཤེར་བྱ་རྒྱུ། སྐབས་བཅོ་བརྒྱད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་ཞིབ་བཤེར་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་རྒྱུ་བཅས་ཡིན་པ་རེད།།