ཞི་ཅིན་ཕིང་གི་ཚོགས་ཆེན་སྙན་སྒྲོན་གྱི་ནང་དོན་གནད་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-20



 
          ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས།
         —— ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གནང་བའི་སྙན་སྒྲོན། (གནད་བསྡུས)
        ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་རྒྱུ་དེ་ཡིན།
        བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་སྙན་སྒྲོན་གནང་སྐབས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ཡིན།
        ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་དུས་རིམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པའི་འགག་རྩའི་དུས་སུ་སྐོང་ཚོགས་བྱས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད།
        ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་བརྩོན་ལྷོད་མེད་བྱེད་དགོས་པ་དེ་ཡིན།
        ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་མགོ་མཇུག་འཁྱོངས་པར་ངེས། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་མི་ཆད་པར་མདུན་དུ་སྐྱོད་པར་སྐུལ་མ་ཐེབས་བྱེད་ཀྱི་རྩ་བའི་སྒུལ་ཤུགས་ཡིན་པས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ནམ་ཡིན་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་གྱི་ཐོག་ནས། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྨོན་བྱ་ཚུལ་དེ་ནམ་ཡང་འབད་འཐབ་ཀྱི་དམིགས་ཡུལ་དུ་བཟུང་སྟེ། དུས་ནམ་ཡང་རྣམ་གཡེང་གི་བསམ་པ་མི་འཆང་བར་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལྡན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བརྗིད་རླབས་ཆེ་བའི་དམིགས་ཡུལ་འགྲུབ་པར་ཁ་ཕྱོགས་ནས་མུ་མཐུད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་བ་རྙོག་འཛིང་ཆེ་ལ་ཟབ་མོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་ལྡན་པའི་དུས་སྐབས་གལ་ཆེན་དུ་གནས་པས། མདུན་ལྗོངས་ལ་འོད་སྟོང་རབ་ཏུ་འབར་ཞིང་། འགྲན་སློང་ཡང་ཧ་ཅང་དྲག་པོ་ཕྲད་ཡོད། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་གཟིགས་རྒྱང་སྔར་ལས་རིང་བ་དང་། བདེ་དུས་ཉེན་དྲན། སྒྱུར་བཅོས་བྱེད་ཕོད་པ། གསར་དུ་གཏོད་ཕོད་པ། འཕེལ་རྒྱུན་ནམ་ཡང་མི་ཆད་པ། འཕེལ་མཚམས་ནམ་ཡང་མི་འཇོག་པར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བརྩོན་ལེན་བྱེད་དགོས།
        འདས་པའི་ལོ་ལྔའི་རིང་ལ་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་རྣམ་པ་གསར་པ་བཏོད་པ།
        བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གནང་རིང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་གི་ལས་དོན་ལ་རྗེས་དྲན་ཞུ་སྐབས་གསུངས་དོན། འདས་པའི་ལོ་ལྔའི་རིང་ལ་སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་རྣམ་པ་གསར་པ་བཏོད་པ་རེད།
        ཞི་ཅིན་ཕིང་གིས་གསུངས་དོན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་བྱུང་རིམ་ཁྲོད་ཀྱི་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་རེད། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཞན་པ་དང་། ཆ་ཤས་སུ་གདོང་ཐུག་དང་ཟིང་ཆ་ཡང་ཡང་ལངས་ཤིང་། སའི་གོ་ལའི་རང་བཞིན་གྱི་གནད་དོན་ཇེ་དྲག་ཏུ་སོང་བའི་ཕྱིའི་ཁོར་ཡུག་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སྐྱོད་པ་སོགས་འགྱུར་ལྡོག་ཟབ་མོ་རབ་དང་རིམ་པ་བྱུང་བར་དམིགས་ཏེ། ང་ཚོས་བརྟན་པོའི་ངང་ནས་ཡར་རྒྱས་ཡོང་བར་བྱེད་པའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གསར་གཏོད་ཡར་བརྩོན་བྱས་པས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་རེད། ལོ་ལྔའི་རིང་ལ། ང་ཚོས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་ཐོག་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པ་མཐུན་སྦྱོར་ངང་ནས་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་གཉིས་པ”ཡི་འཆར་འགོད་རྒྱལ་ཁའི་ངང་ལེགས་གྲུབ་དང་། “ལོ་ལྔ་ཚན་བཅུ་གསུམ་པ”ཡི་འཆར་འགོད་བདེ་བླག་ངང་དོན་འཁྱོལ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་རྣམ་པ་གསར་པ་བཏོད་པ་རེད།
        དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་ཡོ་བསྲང་དང་། འཕེལ་རྒྱས་གཏོང་སྟངས་མཐའ་གཅིག་ཏུ་བསྒྱུར་བས། གོང་སྤེལ་གྱི་སྤུས་ཀ་དང་ཕན་འབྲས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་པ་རེད། དཔལ་འབྱོར་འཕེལ་ཚད་མགྱོགས་འབྲིང་རྒྱུན་འཁྱོངས་ཐུབ་སྟེ། འཛམ་གླིང་གི་རྒྱལ་ཁབ་གལ་ཆེན་ཁྲོད་མདུན་གྲལ་དུ་སླེབས་ཤིང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་ང་བཞི་ནས་སྒོར་དུང་ཕྱུར་ཁྲི་བརྒྱད་ཅུར་འཕར་ཏེ་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་བར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་སུམ་ཅུ་ཡན་ཟིན་པ་རེད། མཁོ་སྤྲོད་ཕྱོགས་གྲུབ་ཚུལ་གྱི་རང་བཞིན་ལྡན་པར་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་གྲུབ་ཚུལ་རྒྱུན་མི་ཆད་པར་བཟང་པོར་བསྒྱུར་ཡོད།
        ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་སྤེལ་བར་ཚད་བརྒལ་ཆེན་པོ་བྱུང་ཡོད། སྒྱུར་བཅོས་ཟབ་སྤེལ་ཕྱོགས་ཡོངས་ནས་གོམ་སྟབས་མྱུར་བགྲོད་ཀྱིས་བརྟན་པོར་སྤོས་པ་དང་། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་བློ་ཐག་ཆོད་པོས་བསལ་ཡོད། སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུཌ་བརྒྱབ་སྟེ། སྣ་མང་ཚད་བརྒལ་དང་། གཏིང་ཟབ་ཏུ་སྤེལ་ཏེ། སྒྱུར་བཅོས་ཆ་ལག་ཚང་བ་དང་། གོང་བུ་འགྲིལ་བ། མཐུན་སྦྱོར་ལྡན་པ་བཅས་ཀྱི་ཐོག་ནས་སྤེལ་གང་ཐུབ་བྱས་པ་དང་། སྒྱུར་བཅོས་བྱེད་ཁྱོན་དང་། ཟབ་ཚད་རིམ་པ་བཞིན་དུ་བསྟུད་མར་ཇེ་ཆེར་བཏང་སྟེ། སྒྱུར་བཅོས་བྱེད་ཐབས་ཁག་ཆིག་སྟོང་ལྔ་བརྒྱ་ལྷག་སྤེལ་བ་དང་། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བཏང་ཞིང་། སྒྱུར་བཅོས་བྱ་གཞིའི་ཁྱབ་ཁོངས་གཙོ་བོ་རྩ་བའི་ཆ་ནས་གཏན་འཁེལ་བྱས་ཡོད།
        དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་གི་གོམ་སྟབས་གལ་ཆེན་སྤོས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་མ་བཏང་བ། ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་མཐུན་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པའི་ལམ་ལུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ཏང་གིས་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་རྒྱུན་མི་ཆད་པར་འཕེལ་རྒྱས་བཏང་བ། ཏང་ནང་གི་དམངས་གཙོའི་ཁྱབ་རྒྱ་སྔར་ལས་ཆེ་རུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་བརྟན་པོའི་ངང་ནས་འཕེལ་རྒྱས་བཏང་བ། མི་རིགས་ཀྱི་ཆོས་ལུགས་ལས་དོན་གསར་གཏོད་ངང་ནས་སྤེལ་བ་བཅས་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་བས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཇེ་ཆེར་ཕྱིན་ཡོད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟ་བྱས་པར་གྲུབ་འབྲས་དངོས་ཐོབ་ཡོད།
        བསམ་བློ་དང་རིག་གནས་ལེགས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་མངོན་གསལ་དོད་པོས་ཇེ་ཆེར་གྱུར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མིའི་སེམས་སུ་ཟབ་མོར་ཟུག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་ཁྱབ་ཆེར་བཏང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་ལེགས་སྐྱོང་གི་བྱེད་སྒོ་ཏན་ཏིག་ངང་ནས་སྤེལ་བ་བཅས་བྱས་ཡོད།
        མི་དམངས་ཀྱི་འཚོ་བ་རྒྱུན་མི་ཆད་པར་ལེགས་བཅོས་བྱུང་ཡོད། དམངས་ཕན་གྱི་བྱེད་ཐབས་འབོར་ཆེན་ཁག་གཅིག་དོན་ཐོག་ཏུ་འཁྱོལ་བ་བྱས་པས། མི་དམངས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཐག་ཆོད་རང་བཞིན་གྱི་འཕེལ་རྒྱས་བྱུང་སྟེ། དབུལ་ཕོངས་མི་གྲངས་ཁྲི་དྲུག་སྟོང་ལྷག་ཙམ་དབུལ་སྒྲོལ་བརྟན་པོར་བྱུང་བ་དང་། དབུལ་པོར་གྱུར་ཚད་བརྒྱ་ཆ་བཅུ་དང་ཚེག་གཉིས་ནས་བརྒྱ་ཆ་བཞི་མན་དུ་ཆག་པ་རེད། སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་། དབུས་ནུབ་རྒྱུད་དང་གྲོང་གསེབ་ཀྱི་སློབ་གསོར་མངོན་གསལ་དོད་པོས་ཤུགས་སྣོན་བརྒྱབ་ཡོད། ལས་ཞུགས་གྱི་གནས་སྟངས་མུ་མཐུད་ལེགས་བཅོས་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་པ་ལོ་རེར་ཆ་སྙོམས་ཁྲི་ཆིག་སྟོང་སུམ་བརྒྱ་ཡན་འཕར་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་བའི་མྱུར་ཚད་དཔལ་འབྱོར་འཕེལ་ཚད་ལས་བརྒལ་བ་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་བསྟུད་མར་མང་དུ་འགྲོ་བཞིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁེབས་པའི་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་རྩ་བའི་ཆ་ནས་བཙུགས་པ་དང་། མི་དམངས་ཀྱི་བདེ་ཐང་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཇེ་མཐོར་ཕྱིན་ཞིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བརྟན་པོའི་ངང་ནས་བྱེད་བཞིན་ཡོད། སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཇེ་ཚང་དུ་གྱུར་པ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་གནས་ཐུབ་ཅིང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྱོན་ཡོངས་ནས་ཇེ་ཆེར་ཕྱིན་ཡོད།
        སྣོད་བཅུད་ཤེས་དཔལ་ལེགས་སྐྱོང་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། སྣོད་བཅུད་ཤེས་དཔལ་ལེགས་སྐྱོང་ལ་སྐུལ་སྤེལ་ཤུགས་ཆེན་བཏང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་སུ་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་གཞི་དོན་འཁྱོལ་གྱི་རང་རྟོགས་དང་རང་འགུལ་གྱི་བསམ་པ་མངོན་གསལ་ཇེ་ཆེར་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་བར་སྣང་ཆུང་བྱེད་ཚུལ་ལ་འགྱུར་བ་མངོན་གསལ་དོད་པོ་བྱུང་ཡོད།
        དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་ཡོད། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་དམིགས་ནས་དུས་བབ་གསར་པའི་འོག་གི་དམག་དོན་འཐབ་ཇུས་མཛད་ཕྱོགས་བཟོས་ཏེ་རྒྱལ་སྲུང་དང་དཔུང་སྡེ་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མི་དམངས་དཔུང་སྡེས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད།
        ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་ཀར་འཕེལ་རྒྱས་གསར་པ་བྱུང་བ།
        ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་པ་གཏིང་ཟབ་ཏུ་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ཕྱི་འབྲེལ་བཀོད་པ་ཆགས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ཐད་ཕྱི་ཕྱོགས་ཀྱི་ཆ་རྐྱེན་བཟང་པོ་བཏོད་ཡོད། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། ཡིད་དབང་འཕྲོག་ཤུགས། གསར་བཟོ་བྱེད་ཤུགས་བཅས་སྔར་བས་མཐོ་རུ་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་འགངས་ཆེན་གསར་པ་ཕུལ་ཡོད།
        ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་ཕན་འབྲས་ཆེན་པོ་ཐོན་ཡོད། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་ཏང་དོ་དམ་དང་ཏང་སྐྱོང་ལྷུག་པོའི་སྣང་ཚུལ་མཐའ་གཅིག་ཏུ་འགྱུར་ལྡོག་བྱུང་བ་རེད། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་གོང་དུ་བཀུར་བར་སྐུལ་སྤེལ་བཏང་བས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཕྱིན་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་དམ་ནན་དུ་བཏང་ནས། ཏང་དོ་དམ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་རིམ་པ་བཞིན་དོན་འཁྱོལ་བྱས་ཡོད། ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་གྱུར་ཡོད། སྒྲིག་ཁྲིམས་སྔོན་ལ་བཞག་སྟེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་ཤོས་དང་། ཏང་གི་སྲིད་འཛིན་རྨང་གཞི་ཉམས་ཉེན་ཆེ་བའི་གནད་དོན་མངོན་གསལ་དོད་ཤོས་ཐག་གཅོད་གང་ཐུབ་བྱས་ཡོད། རུལ་རྒོལ་བཀག་སྡོམ་ཁུལ་མེད་པ་དང་། ཡོངས་སུ་ཁྱབ་པ། བཟོད་སྒོམ་གཏན་ནས་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “སྟག་རྡུང”དང“སྦྲང་གསོད” “ཝ་རྔོན”བཅས་གཡོ་མེད་མཐའ་འཁྱོངས་བྱས་པས། རུལ་སུངས་མི་ཕོད་པའི་དམིགས་ཡུལ་མངོན་འགྱུར་རགས་ཙམ་ཐུབ་པ་དང་། རུལ་སུངས་མི་རུང་བའི་གཟེབ་མའི་ཁ་ཇེ་དམ་དུ་བཏང་བ། རུལ་སུངས་མི་འདོད་པའི་རགས་སྒོ་རྒྱག་བཞིན་ཡོད་པ། རུལ་རྒོལ་འཐབ་རྩོད་ཀྱི་གནོན་ཚུལ་ཆགས་པ་མ་ཟད་འཕེལ་རྒྱས་ཀྱང་བརྟན་པོ་འགྲོ་བཞིན་ཡོད།
        ཆབ་སྲིད་ཀྱི་བློ་གཤོག་ཆེན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ཏེ། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པ་སྤེལ་ནས། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་མ་ཆོད་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ། སྔོན་ཆད་བསྒྲུབ་སྙམ་ཡང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་སྒྲུབ་ཐུབ་པ་བཅས་བྱུང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་ཡོང་བར་བྱས་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་འདི་དག་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་བག་ཆགས་གལ་ཆེན་དང་ཟབ་མོ་བཞག་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་ལྔའི་རིང་ལ། ང་ཚོས་ཏང་ལ་འཕྲད་པའི་ཉམས་ཉེན་དྲག་པོའི་ཚོད་བགམ་དང་ཏང་ནང་ཁུལ་གྱི་གནད་དོན་མངོན་གསལ་དོད་རིགས་ལ་ཁ་གཏད་འཇལ་ཕོད་པར་བྱས་ཏེ། བློ་སྟོབས་དང་གཤིས་རྒྱུད་ཞུམ་མེད་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་། རུལ་རྒོལ་ངན་གཅོད་ལ་བརྟེན་ནས། ཏང་དང་རྒྱལ་ཁབ་ཀྱི་ནང་ཁུལ་དུ་གནས་པའི་འགལ་རྐྱེན་ཚབས་ཆེན་བསལ་བས། ཏང་ནང་གི་ཆབ་སྲིད་འཚོ་བའི་གནས་ཚུལ་ཇེ་བཟང་དུ་གྱུར་པ་དང་། ཏང་ནང་གི་ཆབ་སྲིད་ཁོར་ཡུག་མངོན་གསལ་དོད་པོས་ཇེ་བཟང་དུ་གྱུར་པ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་མངོན་གསལ་དོད་པོས་ཇེ་ཆེར་སོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་བརྟན་པོར་གྱུར་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ལེགས་བཅོས་མངོན་གསལ་དོད་པོས་བྱུང་བ། གསར་བརྗེའི་སྦྱོང་བརྡར་ཁྲོད་དུ་ཏང་སྔར་བས་ཞུམ་མེད་དུ་གྱུར་ཅིང་། གསོན་ཤུགས་ཆེན་པོ་གསར་པ་འཕེལ་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་འགན་ལེན་གཡོ་མེད་འདོན་སྤྲོད་བྱས་ཡོད།
        དུས་མཚུངས་སུ། ང་ཚོའི་ལས་ཀར་སྔར་བཞིན་མི་འདང་ས་མང་པོ་ཡོད་པ་དང་། དཀའ་ངལ་དང་འགྲན་སློང་ཡང་མི་ཉུང་བ་འཕྲད་བཞིན་པའང་ངེས་པར་དུ་རིག་པ་དྭངས་གསལ་གྱིས་ཤེས་པར་བྱས་ཏེ་གནད་དོན་དེ་དག་ངེས་པར་དུ་ཐག་གཅོད་གང་ཐུབ་བྱེད་དགོས།
        ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་རེད།
        བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གནང་སྐབས་བསྟན་དོན། ཡུན་རིང་འབད་བརྩོན་བྱས་པར་བརྟེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། སྒྱུར་བཅོས་སྒོ་འབྱེད་བྱས་མ་ཐག་པའི་སྐབས་སུ། ང་ཚོའི་ཏང་གིས་རང་ཉིད་ཀྱི་ལམ་བུར་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་རླབས་པོ་ཆེ་གནང་བ་རེད། སྐབས་དེའི་དུས་ནས་བཟུང་སྟེ། ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་འཛམ་གླིང་གི་མདུན་གྲལ་དུ་ཚུད་པའི་སྐུལ་མ་བཏང་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་སྔར་མེད་ཀྱིས་མཐོ་རུ་འགྲོ་བར་བྱས་པས། ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་མེད་ཀྱི་འགྱུར་བ་བྱུང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་གསར་རྐྱང་གི་ཐོག་ནས་འཛམ་གླིང་གི་ཤར་ཕྱོགས་སུ་ལངས་པ་རེད།
        ཡུན་རིང་འབད་བརྩོན་བྱས་པར་བརྟེན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་འདི་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་རེད།
        ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ཐོག་ནས། ཉེ་རབས་ནས་བཟུང་སྟེ་གེགས་བར་མང་དུ་བྱུང་བའི་ཀྲུང་ཧྭ་མི་རིགས་ཡར་ལངས་ཀྱི་སྔུན་བསུས་པ་དང་། ཕྱུག་པོར་གྱུར་ནས་སྟོབས་ཆེར་གྱུར་པའི་མཆོང་སྐྱོད་རླབས་པོ་ཆེ་བྱས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་ལྡན་པའི་མདུན་ལྗོངས་ཀྱི་སྔུན་བསུས་པ་མཚོན་པ་དང་། དུས་རབས་ཉེར་གཅིག་པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་ཆེས་ཆེར་རྒྱས་ཏེ། འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་མི་ཆད་པར་འཕེལ་རྒྱས་བྱུང་སྟེ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་བགྲོད་ལམ་དུ་སྐྱོད་ཐབས་རྒྱ་བསྐྱེད་དེ། འཛམ་གླིང་ཐོག་འཕེལ་རྒྱས་མགྱོགས་པོ་ཡོང་རེ་བྱེད་པ་མ་ཟད། རང་ཚུགས་ཀྱང་རྒྱུན་འཁྱོངས་ཡོང་རེ་འདོད་པའི་རྒྱལ་ཁབ་དང་མི་རིགས་ལ་ཁྱོན་ཡོངས་ནས་གདམ་ག་གསར་རྐྱང་མཁོ་འདོན་བྱས་ཏེ། མིའི་རིགས་ཀྱི་དཀའ་ངལ་སེལ་ཕྱིར་ཀྲུང་གོའི་བློ་རིག་དང་། ཀྲུང་གོའི་འཆར་གཞི་མཁོ་འདོན་བྱས་ཡོད། 
        ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པ་འདི་ནི་སྔ་མཐུད་ཕྱི་སྐྱོང་དང་། སྔར་སོང་རྒྱུན་འཛིན་གྱིས་མ་འོངས་གསར་དུ་གཏོད་པ་དང་། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་མུ་མཐུད་ནས་ལེན་པའི་དུས་རབས་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་བླངས་ནས། དེ་འཕྲལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་པའི་དུས་རབས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། བདེ་སྐྱིད་ཀྱི་འཚོ་བ་རྒྱུན་མ་ཆད་པར་བསྐྲུན་ཏེ་མི་དམངས་ཡོངས་རྫོགས་རིམ་བཞིན་ཐུན་མོང་དུ་ཕྱུག་པོར་འགྱུར་བར་བྱེད་པའི་དུས་རབས། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་སྤྲོ་བའི་དུས་རབས། རང་རྒྱལ་འཛམ་གླིང་གི་གར་སྟེགས་དང་ཉིན་བཞིན་ཉེ་བར་བསྐྱོད་དེ། མིའི་རིགས་ལ་ལེགས་སྐྱེས་སྔར་ལས་ལྷག་པ་ཆད་མེད་འབུལ་བའི་དུས་རབས་བཅས་རེད།
        ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་འགྱུར་ཡོད།
        རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་པ་ངེས་པར་དུ་ཤེས་དགོས། ང་ཚོས་འཕེལ་རྒྱས་ལ་མུ་མཐུད་ནས་སྐུལ་སྤེལ་གཏོང་བའི་རྨང་གཞིའི་ཐོག འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་དཀའ་ངལ་སེལ་གང་ཐུབ་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་བཏང་ནས། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་ཐད་ཀྱི་མི་དམངས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཚུལ་སྔར་ལས་ལྷག་པར་བསྐངས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་སྔར་ལྷག་འགྲོ་བ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་སྔར་ལྷག་ཡོང་བར་བྱེད་དགོས།
        རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་བ་བྱུང་བ་དང་བསྟུན་ནས། ང་ཚོས་སྤྱི་ཚོགས་རིང་ལུགས་གནས་ཡུལ་གྱི་ལོ་རྒྱུས་དུས་རིམ་ལ་བརྡར་ཤ་གཅོད་པར་འགྱུར་བ་བྱུང་མེད་པར། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་མ་ཟད་རྒྱུན་རིང་གནས་རྒྱུ་ཡིན་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་ཐོག་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད་པ་ངེས་པར་དུ་ཤེས་དགོས།
        ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཏང་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཇུས་འདི་ཁོང་དུ་བརྟན་པོར་ཆུད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་ཆེ་ཤོས་འདིར་རྩ་བ་བརྟན་པོར་འཛུགས་པ། ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་། མི་དམངས་བདེ་སྐྱིད་ཡོང་བ་གཞི་རྩར་གྱུར་པའི་ཏང་གི་གཞི་རྩའི་ལམ་ཕྱོགས་འདི་མཐའ་འཁྱོངས་གཡོ་མེད་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བཅས་བྱས་ཏེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་རང་རྒྱལ་འདི་ཉིད་འབྱོར་པ་ཕྱུག་ཅིང་དམངས་གཙོ་ལྡན་པ་དང་། དཔལ་ཡོན་རྒྱས་ཤིང་། འཆམ་མཐུན་ཡིད་འོང་གི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་དང་ལྡན་པར་སྐྲུན་པའི་འབད་འཐབ་བྱེད་དགོས།
        ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་འགངས་ཆེན་ལྡན་པ་དང་། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དང་། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ལའང་དོན་སྙིང་འགངས་ཆེན་ལྡན་ཡོད་པ་རེད། ཏང་ཡོངས་ཀྱིས་ཡིད་ཆེས་ཇེ་བརྟན་དང་། སྙིང་སྟོབས་ཆེར་བསྐྱེད་ཐོག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གསོན་ཤུགས་སྔར་ལས་ཆེན་པོ་རྒྱས་པར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1