ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

རྩོམ་སྒྲིག་པ། ལྷག་པས་བསྒྱུར། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 10-20



        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཞི་ཅིན་ཕིང་ཚེས་19ཉིན་གྱི་སྔ་དྲོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་མདུན་སྐྱོད་ཁ་ཕྱོགས་སྔར་བས་ཁ་གསལ་བསྟན་ཡོད། དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན། དེར་བརྟེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆོད་གཏམ་གསར་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཁྱད་ཆོས་གསར་པ། གོམ་སྟབས་གཉིས་སུ་ཕྱེ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གསར་པ། ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་བཅས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཀུན་སེམས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་བྱ་རྒྱུའི་སྐུལ་ལྕག་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 
        ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་རྣམ་པ་འཁྲུག་ཆ་དོད་ཅིང་། སུན་ཀྲི་ཀང་དང་ཧྲེན་དབྱི་ཆིན་སོགས་འཐུས་མི་དགུས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སྙན་སྒྲོན་སྐོར་ལ་བསམ་ཚུལ་གསུངས་པ་དང་སྦྲགས་སོ་སོའི་ངོས་འཛིན་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད། ཁོང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་དངོས་ཐོག་བདེན་འཚོལ་དང་། དུས་བསྟུན་འཕེལ་རྒྱས། ནུས་སེམས་གཅིག་སྒྲིལ། འབད་འབུངས་ཡར་སྐུལ་བཅས་ཀྱི་སྙན་སྒྲོན་ཞིག་དང་། ཏང་ཡོངས་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་རྒྱུའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་འབད་འབུངས་ལྷོད་མེད་བྱ་རྒྱུའི་སྐུལ་སློང་བྱེད་པའི་སྙན་སྒྲོན་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་སྦྲགས་བརྩི་སྲུང་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། 
        ཞི་ཅིན་ཕིང་གིས་གསན་ཞོར་འབྲི་ཞོར་དུ་འཐུས་མི་ཚོ་དང་གྲོས་བསྡུར་གཏིང་ཟབ་གནང་ཞིང་། ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཕན་ཀྲོའུ་གྲོང་ཁྱེར་ཡུས་ཉི་ཤང་ཡན་པོ་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་ཡུས་ལིའུ་ཧྥིན་གྱིས་གཏམ་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་ས་ཞིང་འགན་གཙང་ལེན་ཡུན་འཐིམས་རྗེས་ད་དུང་ལོ་30རིང་དུ་གཏོང་རྒྱུའི་སྲིད་ཇུས་ལ་རྒྱ་ཆེའི་ཞིང་པ་ཚོ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་འདུག་ཅེས་གསུངས་པ་གསན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བཞིན་འདི་ནི་རྒྱ་ཆེའི་ཞིང་པ་ཚོར་སྤྲད་པའི“སེམས་རྣལ་རིལ་བུ”ཞིག་ཡིན་ཞེས་གསུངས་པ་རེད། ཙུན་དབྱི་གྲོང་ཁྱེར་པོ་ཀྲོའུ་ཆུས་ཧྥིང་ཤང་གྲོང་རྡལ་ཧྭ་མའོ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཕན་ཁེ་ཀང་གིས་གྲོང་གསེབ་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་རྒྱུ་དེ་ཡུལ་མི་ཚོའི་ཕྱུག་འགྱུར་ལམ་བུ་གསར་པར་གྱུར་པའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས་པ་མ་ཟད། གྲོང་གསེབ་ཡུལ་སྐོར་ལ་དབྱེ་ཞིབ་དང་སྔོན་དཔག་བྱས་ཐོག་བྱེད་ཐབས་སྔ་ཙམ་བཟོས་ཏེ་གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། པི་ཅེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཅན་ཁུན་གྱིས་ཐོན་སྐྱེད་ཚོགས་ཆུང་དང་། འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སློབ་སྦྱོང་འཛིན་གྲྭར་ཀྲི་པུའུ་འཛུགས་རྒྱུའི་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཞིང་པའི་སློབ་སྦྱོང་འཛིན་གྲྭ་ནི་གསར་གཏོད་ཅིག་ཡིན་པ་དང་། ཏང་གི་རྨང་གཞི་གཞི་རིམ་དུ་ཡོད་པས། ངེས་པར་དུ་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གྲོང་གསེབ་ཏུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཆན་ལྷོ་ནུབ་ཀྲོའུ་ཀྲེན་ཧྥུང་རྫོང་ལུང་ཁྲང་གྲོང་རྡལ་ལུང་ཧོ་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་པ་ཀྲུང་ཅིང་གིས་གྲོང་གསེབ་ཀྱི་སྨན་བཅོས་འགན་ལེན་གནད་དོན་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས་ད་ཆའི་ཞིང་པས་ལོ་གཅིག་ལ་སྨན་བཅོས་འགན་བཅོལ་གྲོན་དངུལ་ག་ཚོད་འཇལ་དགོས་པ་དང་གྲོང་གསེབ་དབུལ་པོའི་མི་སེར་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད་མེད་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཀུའེ་ཀྲོའུ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཀྲུང་ཧྲན་ཆུས་ཏ་དབན་གྲོང་རྡལ་ཧའེ་ཀ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་དབྱང་པོའོ་ཡིས་རང་ཉིད་ཀྱིས་ལོ་8བསྟུད་མར་གྲོང་སྡོད་ཧྲུའུ་ཅི་ཨང་དང་པོ་བྱས་ནས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་འགག་སྒྲོལ་གྱིས་ཕྱུག་འགྱུར་བྱས་པའི་མྱོང་ཚོར་གླེང་བར། ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་ཡོད་པའི་གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་བྱང་ཚད་ཡག་པ་དང་ཆ་རྐྱེན་ཚང་བ་རྣམས་གནས་སྤོར་ལས་བགོས་བྱེད་པ་དང་དུས་མཚུངས། ན་གཞོན་ལས་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་མདུན་མར་སྦྱོང་བརྡར་སྤྲོས་པར་སྐྱོད་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ད་དུང་ཆན་ཤར་ལྷོ་ཀྲོའུ་ཀྲེན་ཡོན་རྫོང་ཅང་ཀུའུ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་ཧོང་ཅུན་ཆུང་ལ་གསར་བརྗེའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ཀྱི་སློབ་གསོ་གསོ་སྦྱོང་ལས་དོན་ཐད་ཤུགས་སྣོན་བརྒྱབ་ནས། གྲོང་གསེབ་དང་གཞི་རིམ་གྱི་དགེ་རྒན་དེ་བས་མང་བར་ཆེད་ལས་ཀྱི་གསོ་སྦྱོང་བྱེད་དུ་འཇུག་དགོས་ཞེས་གསུངས་པ་རེད། 
        འཐུས་མི་ཚོའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས། ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་འཐུས་མི་ཡིན་པའི་ངོས་ནས་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་དགའ་སྤྲོ་ཤིན་ཏུ་ཆེ་ཞེས་གསུངས་པ་དང་། ཞི་ཅིན་ཕིང་གིས་འདིར་བཞུགས་འཐུས་མི་རྣམས་དང་ཀུའེ་ཀྲོའུ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད། 
        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསར་པ་ཞིག་ཡིན། ཆབ་སྲིད་ཀྱི་བརྡར་ཤ་གལ་ཆེན་དེ་འདྲ་ཞིག་བཅད་གནང་བ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་བསམ་གཞིག་ཅིག་ཡིན། ང་ཚོས་ངེས་པར་དུ་དུས་རབས་ཀྱི་བླང་བྱ་གསར་པ་གཞིར་བཟུང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྲིད་ཇུས་ཁག་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་ལ་དོན་འཁྱོལ་ཡང་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་བ་བྱུང་བ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན་པ་དང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བླང་བྱ་གསར་པ་མང་པོ་བཏོན་ཡོད། དེས་ན་ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་ཀྱིས་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱས་ནས་ཕྱོགས་མང་པོའི་ཐད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་དགོས་པ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས།  ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པས་རང་རྒྱལ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་ནས་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས། ལྷག་པར་དུ་འཐབ་ཇུས་དང་། ལས་དོན། སྲིད་ཇུས། བྱེད་ཐབས་བཅས་རྒྱུན་མཐུད་དང་སྔ་བལྟས་ཕྱི་བསམ་བྱས་ཏེ་གོམ་པ་རེ་རེ་བཞིན་ང་ཚོས་གཏན་འཁེལ་བྱས་པའི་དམིགས་ཚད་ཕྱོགས་སུ་རྒྱུན་མི་ཆད་པར་སྐྱོད་དགོས། 
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་ནི་ཏང་ལ་ཐུག་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་ཏང་གིས་ཡུན་རིང་སྲིད་འཛིན་པའི་རྩ་བའི་བླང་བྱ་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་རྩ་བའི་འགན་ལེན་ཞིག་ཀྱང་རེད། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་བྱེད་དགོས། དེས་ན་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་དེ་བས་སྟོབས་ལྡན་ནུས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་རྫོགས་དུས་མེད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གནད་དོན་འདིའི་ཐད་ང་ཚོར་འགྲིག་ཙམ་འདུག་དང་། ལྷོད་ཙམ་བྱེད་ཆོག་པ། ངལ་གསོ་ཕྲན་བུ་རྒྱག་ཆོག་པ་བཅས་ཀྱི་བསམ་ཚུལ་ཡོད་མི་རུང་བ་དང་། དམག་ཡག་པོ་ཞིག་བརྒྱབ་ནས་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པའི་བསམ་བློ་ལྡན་མི་རུང་བ། གྲུབ་འབྲས་རགས་ཙམ་ཐོན་མ་ཐག་དཀའ་ལས་རྒྱག་མཚམས་འཇོག་པའི་བསམ་བློ་ལྡན་མི་རུང་། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་བྱ་བ་སྒྲུབ་མཁས་པོ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཅུས་གཟེར་དེ་བས་དམ་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བསམ་ཕྱོགས་དང་བྱ་ཐབས་དེ་བས་ཚན་རིག་དང་མཐུན་པ་དང་། དེ་བས་དམ་ཞིང་ཚགས་ཚུད་པ། དེ་བས་ནུས་པ་དང་ལྡན་པ་བཅས་ཡོང་བར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་དང་། ཏང་ཡོན་ཡོངས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། “འདུ་ཤེས་བཞི”ལས་གནས་ཐོག་དོན་འཁྱོལ་དང་བྱ་སྤྱོད་ཐོག་དོན་འཁྱོལ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། 
        ཞི་ཅིན་ཕིང་གིས་ཚོགས་ཆེན་གྲོལ་རྗེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་སློབ་གསོའི་ལས་དོན་དང་སློབ་སྦྱོང་གསོ་སྦྱོང་ལས་དོན་ནན་ཏན་ངང་སྒྲིག་འཛུགས་ཡག་པོ་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་སློབ་སྦྱོང་ལག་ལེན་གྱི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་དྲིལ་བསྒྲགས་ལ་སྣང་ཆེན་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱི་སློབ་སྦྱོང་ལག་ལེན་གྱི་དཔེ་མཚོན་བྱས་རྗེས་དང་རྣམ་པ་ཡག་པོ་མཚོན་པར་སྣང་ཆེན་བྱེད་དགོས། དྲིལ་བསྒྲགས་ཀྱི་རྣམ་པ་དང་བྱེད་ཐབས་སྣ་ཚོགས་གང་ལེགས་སྤྱོད་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་ལྟ་འདོད་པ་དང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར་བཅས་སུ་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ནས་ལས་བྱེད་པའི་ངར་ཤུགས་འཕེལ་བར་བྱེད་དགོས། གཅིག་སྡུད་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་གསལ་པོ་བརྒྱབ་ནས་མི་སེར་གྱིས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད། །
(དོན་གྲུབ་དང་། སྤེན་ཚེ། དམ་ཆོས། སྐལ་མཆོག་བཅས་ཀྱིས་བསྒྱུར)
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1