བོད་ཀྱི་ལྷ་བཟོ་རིག་རྡོ་ལ་ཀྲུང་གོའི་བཟོ་རྩལ་གྱི་གསེར་གྱི་བྱ་དགའ་ཐོབ་པ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ་དཀོན་མཆོག་རྡོ་རྗེ། )དེ་རིང་མཇུག་སྒྲིལ་བའི་ཐེངས་བཅོ་བརྒྱད་པའི་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་དང་ཁྱད་འཕགས་ལག་ཤེས་བཟོ་རྩལ་བརྩམས་ཆོས་ཀྱི་དངོས་མང་བཤམས་ཚོགས་ཐོག་སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གི་ལྷ་བཟོ་ཆེན་མོ་རིག་རྡོས་བཟོས་པའི་རྡོ་རྗེ་འཇིགས་བྱེད་སྐུ་འདྲ་ལ་ཀྲུང་གོའི་ཁྱད་འཕགས་བཟོ་རྩལ་གྱི་ཆེས་མཐོ་བའི་བྱ་དགའ་སྟེ་གསེར་གྱི་བྱ་དགའ་ཐོབ་པ་རེད།   

        ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་ཟླ་བ་10ཚེས་20ནས་23པར་ཐེངས་བཅོ་བརྒྱད་པའི་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་དང་ཁྱད་འཕགས་ལག་ཤེས་བཟོ་རྩལ་བརྩམས་ཆོས་ཀྱི་རྒྱལ་སྤྱིའི་དངོས་མང་བཤམས་ཚོགས་དེ་ཧང་ཀྲུའུ་རུ་འཚོགས་ཤིང་། དེ་ནི་མིག་སྔར་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་བརྩམས་ཆོས་ཀྱི་ཆུ་ཚད་ཆེས་མཐོ་བའི་དངོས་མང་བཤམས་ཚོགས་ཤིག་ཡིན། རྒྱལ་ཁབ་ཕྱི་ནང་གི་བཟོ་བཀོད་མཛེས་རྩལ་མཁས་ཅན་གྱི་བརྩམས་ཆོས་རྩེ་གྲས་ཁག་ཅིག་ཐེངས་འདིའི་བཤམས་ཚོགས་སུ་ཞུགས་ཡོད་པར་མ་ཟད་བརྩམས་ཆོས་ཁག་ཅིག་ལ་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་སོགས་སྤྲད་ཅིང་།  རིག་རྡོར་ནི་ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་བོད་རིགས་ཁོ་ན་དེ་ཡིན།

        དཔལ་ཡུལ་རྫོང་དམངས་ཁྲོད་ཀྱི་ཁེ་ལས་པ། མིང་དུ་གྲགས་པའི་བོད་ཀྱི་བཟོ་རྩལ་པ་གདོང་ཚ་རིག་རྡོ་ནི་ཕ་མེས་ནས་བརྒྱུད་པ་འཛིན་པའི་བཟོ་རྩལ་ལག་ཤེས་ཕུལ་དུ་བྱུང་བའི་ལྷ་བཟོ་ཆེན་མོ་ཞིག་ཡིན་པ་མ་ཟད།  བོད་ཀྱི་བཟོ་རྩལ་ལག་ཤེས་དེ་རྒྱལ་ཁབ་ཕྱི་ནང་དུ་དར་ཁྱབ་གཏོང་བའི་བོད་ཀྱི་རིག་གནས་ཐོན་རྫས་གསར་སྤེལ་བྱེད་མཁན་གྱི་ཁེ་ལས་པ་ཞིག་ཀྱང་རེད།

        ལོ་མང་བའི་རིང་དུ་གདོང་ཚ་རིག་རྡོ་ཡིས་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་ཡོང་བའི་ཕུལ་བྱུང་གི་ལག་ཤེས་དེ་མི་ཉམས་གོང་འཕེལ་གཏང་ཆེད།  ཧུར་ཐག་འབད་ཐག་གིས་གསེར་དངུལ་རིགས་ཀྱི་ལྷ་སྐུ་དང་མཆོད་ཆས།  མཛེས་རྒྱན།  སྤྱོད་ཆས་སོགས་གྱ་ནོམས་པ་ཞིག་མགར་རྡུང་བླུག་གསུམ་གྱི་སྲོལ་རྒྱུན་གྱི་རྨང་གཞི་རྒྱུན་འཛིན་བྱས་ཐོག  འདྲེན་ཚོང་དང་དོ་དམ་སོགས་དེང་རབས་ཀྱི་ཐབས་ཤེས་སྤྱོད་དེ་མུའུ་སུམ་བཅུ་ལྷག་གི་བཟོ་རྩལ་ལས་སྣོན་གྱི་བཟོ་གྲྭ་བཙུགས་ནས་མི་ཉིས་བརྒྱ་ཙམ་ལ་ལས་གནས་འདོན་སྤྲོད་བྱེད་ཐུབ་པ་དང་ལོ་རེར་སྒོར་ཁྲི་ཉིས་སྟོང་ལྷག་གི་ཐོན་རྫས་ཕྱིར་ཚོང་བྱེད་ནུས་པའི་གདོང་ཚའི་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གྱུར་ཅིང་།  སྤྱི་གཉེར་ཁང་དེར་ལོ་རེར་ཁེ་སྤོག་རྐྱང་པ་སྒོར་ཁྲི་སུམ་བརྒྱ་ཙམ་ཐོབ་བཞིན་ཡོད་པ་རེད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1