—— ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དོ་སྣང་ཆེན་པོ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཡུས་ཅ་ཤིན་དང་། ཧའོ་ལི་ཅུན། ཀྲང་ཤིན་ཤིན་བཅས་ཀྱིས།
བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་མགྱོགས་པོ་བྱས་ནས་ཡིད་འོང་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།
ཉིན་ཤས་བསྟུད་མར་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་གྲོས་བསྡུར་གནང་སྐབས་ཐུན་མོང་གི་མྱོང་ཚོར་གསུངས་པ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ལ་ཕྱོགས་ནས་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ་བཅས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཡིད་འོང་འཆར་གཞི་ཞིག་རིམ་བཞིན་འགོད་བཞིན་ཡོད་པ་དེ་རེད།
འཐུས་མི་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་འགན་འཁྲི་དེ་བས་ལྕི་བ་འཁུར་ནས་སྟོབས་འབྱོར་ལྡན་པའི་ཀྲུང་གོར་དེ་བས་མང་བའི“ཡིད་འོང”གི་སྒུལ་ཤུགས་སྣོན་དགོས་ཞེས་གསུངས།
“ཡིད་འོང”དེ་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ནང་བཅུག་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་དུས་རབས་གསར་པར་སླེབས་པ།
“མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན”ད་ཆ་མཛེས་སྡུག་ལྡན་པའི་འཚོ་བའི་དམིགས་ཚད་ཁྲོད་ཡིད་འོང་སྣོད་བཅུད་ཀྱི་གནད་ལ་འཁེལ་ཚད་སྔར་བས་ཟབ་ཏུ་སོང་ཡོད།
དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། ཡིད་འོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་རྒྱུ་ཞེས་འཁོད་ཡོད་པ་སྟེ། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་འཕེལ་རྒྱས་ཀྱི་དམིགས་ཚད་གླེང་སྐབས། “ཡིད་འོང”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་གཉིས་པོ་དེ་བསྣན་པ་མི་རྣམས་ཀྱི་མིག་ལམ་དུ་ཁྲ་ལྷམ་མེར་གསལ་ཡོད།
“‘ཡིད་འོང’ཞེས་པའི་ཡིག་འབྲུ་གཉིས་པོ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་དམིགས་ཚད་ནང་བྲིས་པ་དེ་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཁྲོད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ལུགས་མཚོན་པ་དང་། རང་རེའི་ཏང་གི་མིག་རྒྱང་རིང་ལ་ལྟ་བ་ཟབ་པ་དང་འགན་འཁྲི་འཁུར་ཕོད་པ་གསལ་པོར་མངོན་ཡོད”ཅེས་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཧྲའན་ཤིས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧྥང་ཝུའེ་ཕུང་གིས་གསུངས།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་བྱུང་ཡོད། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཡིད་འོང་འཚོ་བའི་དགོས་མཁོའི་གྲས་ཤིག་ནི་ཡིད་འོང་ཀྲུང་གོ་དང་ཡིད་འོང་ཁྱིམ་གཞིས་ཀྱི་ངོས་ནས་བརྗོད་ན་བསམ་འདུན་ཡག་པོ་ཞིག་རེད། དུས་རབས་གསར་པར་སླེབས་སྐབས་སྣོད་བཅུད་ནི་མི་དམངས་ཀྱི་འཚོ་བར་མེད་དུ་མི་རུང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད།
ལྗང་མདོག་འདུ་ཤེས་མཛུབ་ཁྲིད་དུ་བྱས་ནས་ཡིད་འོང་ཀྲུང་གོའི་ཕུགས་འདུན་གྱི་ནང་དོན་སྔར་བས་ཟབ་ཏུ་སོང་བ།
ཚེས་18ཉིན་གྱི་ཕྱི་དྲོ། མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་བསྡུར་ཐོག་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཏེ་ཅུན་གྱིས་པར་ཞིག་བསྟན་པ་རེད། 《སྣོད་བཅུད་མུ་སྦྲེལ་མཛེས་ཤོས》ཞེས་མིང་དུ་བཏགས་པའི་པར་རིས་དེར་ཕྲུ་གུ་གསུམ་གྱིས་ཐག་པར་འགྱིག་དམ་བརྒྱུས་པ་དང་དེའི་ནང་གད་སྙིགས་སྣ་ཚོགས་བླུགས་པ་ཞིག་སྒལ་པར་ཁུར་ཡོད།
པར་རིས་དེས་གཏམ་རྒྱུད་འདི་འདྲ་ཞིག་བཤད་པ་སྟེ། འདི་ལོའི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་སུ་མིང་ལ་བསྟན་འཛིན་ཟེར་བའི་ཕྲུ་གུ་ཞིག་གིས་གཅུང་པོ་དང་གཅུང་མོ་ཁྲིད་དེ་དབྱར་རྩྭ་དགུན་འབུ་འཐུ་ཞོར་དུ་ལམ་རྒྱུད་ཀྱི་གད་སྙིགས་བསྒྲུགས་པ་དང་། གད་སྙིགས་བླུག་ས་མེད་པས། ཕྲུ་གུ་དེས་འགྱིག་དམ་ཐག་པར་བརྒྱུས་ནས་ཁུར་ཏེ་གཅིག་སྡུད་ཐོག་གད་སྙིགས་ཚུར་བསྡུ་བྱེད་ས་བར་འཁྱེར་གྱི་ཡོད།
འཐུས་མི་ཝུའུ་ཏེ་ཅུན་གྱིས“‘སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་དེ་གཙང་གསུམ་ཆུ་འགོར་གནས་པའི་ཡུལ་ཤུལ་མི་དམངས་ཀྱི་སེམས་སུ་གཏིང་ཟབ་ཟུག་པ་དང་། ས་བབ་སྨི་4000ལྷག་ཙམ་གྱི་ས་མཐོར་སྡོད་མཁན་ཞིང་འབྲོག་པ་མང་པོ་ཞིག་གིས་རང་རྟོགས་འདི་ལྟར་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།
“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པ”དང“སྣོད་བཅུད་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་པ་ལ་སོགས་ད་ཆ་ལྗང་མདོག་གི་འདུ་ཤེས་ཐོན་སྐྱེད་དང་འཚོ་བ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ནས་མི་དེ་བས་མང་བས་རང་རྟོགས་དང་རང་མོས་བྱེད་པའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
“ཡིད་འོང་ཀྲུང་གོའི”ལམ་ལུགས་ཀྱི་སྲུང་ཡོལ་བརྟན་པོར་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་གི“རྒྱང་སྐྱོད་ཀྱི་ལམ”དུ་ཡག་པོ་སྐྱོད་པ།
ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་དབྱི་ཝུའེ་ཡིས་ཡིད་འོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་སྣོད་བཅུད་མཐའ་ཚད་བསྲུངས་ནས་འཕེལ་རྒྱས་དོན་གཉེར་བྱེད་པ་ཞིག་རེད། ནུས་ལྡན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་སྐྱོང་བྱེད་པ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་རེད།
མི་རྣམས་ལ་བག་ཆགས་ཟབ་ཤོས་་བྱུང་བ་ཞིག་ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་བཅས་ཚོད་འཛིན་ཚད་གཞི་གསུམ་ཕྱེ་བའི་ལས་དོན་ལེགས་སྒྲུབ་བྱེད་དགོས་ཞེས་བཏོན་པ་དང་། ད་དུང་གཞུང་ཁོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་རང་བྱུང་སྣོད་བཅུད་ཀྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་དགོས་ལུགས་ཀྱང་བཏོན་ཡོད། ཟློག་མེད་ཀྱི་བྱེད་ཐབས་དང་བླང་བྱ་ནན་པོ་དེ་དག་གིས“ཡིད་འོང་ཀྲུང་གོ”འཛུགས་སྐྲུན་ཐད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད།
“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ལས་འགན་ག་ཚོད་ཛ་དྲག་པ་དང་ག་ཚོད་ལྕི་རུང་དང་ཐོག་དོ་དམ་འགན་ལེན་བྱེད་དགོས”ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ནང་སོག་རང་སྐྱོང་ལྗོངས་དབྱི་ལིན་ཀུའུ་ལེ་མོང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའུ་ཙའེ་ཡིས“ལམ་ལུགས་ཀྱི་སྲུང་ཡོལ”ནན་དུ་གཏོང་བར་ངེས་པར་དུ་དཔྱད་ཞིབ་དང་ཆད་གཅོད་ལམ་ལུགས་ལ་ཤུགས་རྒྱག་དགོས་ཞེས་གསུངས།།