ཟླ་10ཚེས་23ཉིན་གྱི་ཕྱི་དྲོར། ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཀྲུང་དབྱང་ནོར་སྲིད་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝུའེ་མིང་དང་ཁོར་ཡུག་སྲུང་སྐྱོང་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་ལི་ཀན་ཅེ་ཡིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དང་ཡིད་འོང་གི་ཀྲུང་གོ་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པས་བཏོན་པའི་དྲི་བར་ལན་ཡང་བསྐྱོན་པ་རེད། གསར་འགོད་པའི་སྣེ་ལེན་ཚོགས་འདུ་ནི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་མགྲིན་ཚབ་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝུའེ་མིང་གིས་གཙོ་སྐྱོང་གནང་བ་དང་ཀྲུང་ཕྱིའི་གསར་འགོད་པ་320ལྷག་ཙམ་ཞུགས་ཡོད་པ་རེད།
2035ལོར་རྩ་བའི་ཆ་ནས་ཡིད་འོང་ཀྲུང་གོའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ།
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཤེས་རྟོགས་ནས་ལག་ལེན་བར་ལ་ལོ་རྒྱུས་རང་བཞིན་དང་། འཕོ་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཚོགས་འདུའི་ཐོག་ལི་ཀན་ཅེས“སྔར་བྱུང་མྱོང་མེད་པ་ལྔ”ཡི་ཐོག་ནས་ལོ་ལྔའི་རིང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་གནང་བ་སྟེ།
གཅིག་ནི་བསམ་བློའི་ངོས་འཛིན་གཏིང་ཟབ་ཚད་སྔར་བྱུང་མྱོང་མེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆུང་བྱེད་པའི་གནས་ཚུལ་ལ་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པ་དང་། གཉིས་ནི་སྦགས་བཙོག་བཅོས་སྒྲིག་བྱེད་ཤུགས་སྔར་བྱུང་མྱོང་མེད་པ། “དོན་ཚན་བཅུ་བྱས་པ་གསུམ”སྟེ་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་སྦགས་བཙོག་སྔོན་འགོག་གི་བྱ་སྤྱོད་འཆར་གཞི་ཆེན་པོ་གསུམ་ཁྱབ་བསྒྲགས་ལག་བསྟར་བྱས་ཏེ་སྦགས་བཙོག་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་པ། གསུམ་ནི་ལམ་ལུགས་འདོན་ཚད་སྔར་བྱུང་མྱོང་མེད་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས་སྣོད་བཅུད་ཤེས་དཔལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཞིབ་ཕྲའི་སྒྱུར་བཅོས་ཇུས་གཞི་40ལྷག་ཙམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱས་པ། བཞི་ནི་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ཚད་གཞི་ནན་ཚད་སྔར་བྱུང་མྱོང་མེད་པ། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་གསར་པ་2015ལོ་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། གཏན་འབེབས་གསར་པ་དང་ལམ་སྲོལ་གསར་པ་ཁག་གཅིག་གིས་ཁེ་ལས་ཀྱིས་ཁྲིམས་སྲུང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད། ལྔ་ནི་ཁོར་ཡུག་སྤུས་ཚད་ལེགས་བཅོས་ཀྱི་མྱུར་ཚད་སྔར་བྱུང་མྱོང་མེད་པ་ཞིག་བྱུང་བ། རྒྱལ་ཡོངས་ཀྱི་སྐྱུར་ཆར་བབས་ཁུལ་རྒྱ་ཁྱོན་གྱིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་ནང་བཟུང་བའི་བསྡུར་ཚད་དེ་ལོ་རྒྱུས་ཐོག་མཐོ་ཤོས་ཀྱི་30%ཙམ་ནས་ན་ནིང་གི་7.2%བར་ཆག་པ་དང་། ས་ངོས་ཀྱི་ཆུ་ཚོད་འཛིན་ངོསⅠ—Ⅲརིགས་ཀྱི་ཆུ་གཟུགས་བསྡུར་ཚད་67.8%འཕར་བ་དང་ནགས་ཚལ་ཁྱབ་ཚད་དུས་རབས་འདིའི་དུས་འགོའི་16.6%ནས་22%ཙམ་བར་འཕར་ཡོད།
“སྣོད་བཅུད་ཁོར་ཡུག་གི་ཞན་ཆ་གསབ་པར་ངེས་པར་དུ་ཕྱོགས་གཅིག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཞན་ཞིག་ནས་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་དེར་དེ་བས་དམ་འཛིན་བྱེད་དགོས”
“2020ལོར་སླེབས་སྐབས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་། 2035ལོར་སླེབས་སྐབས། སྣོད་བཅུད་ཁོར་ཡུག་རྩ་བའི་ཆ་ནས་ལེགས་སུ་བཏང་སྟེ་ཡིད་འོང་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། ཡིད་འོང་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་སྐྲུན་དགོས”ལི་ཀན་ཅེ་ཡིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་དགོངས་པ་གསར་པ་དང་། བླང་བྱ་གསར་པ། དམིགས་ཚད་གསར་པ། བཀོད་སྒྲིག་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པས། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ལས་འགན་མཐའ་གཅིག་ཏུ་འཁུར་ནས། ལྗང་མདོག་འཕེལ་རྒྱས་གཏོང་ཐབས་དང་འཚོ་བ་སྐྱེལ་སྟངས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་སོགས་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་སྣོད་བཅུད་ཐོན་ཟོག་སྤུས་ལེགས་མཁོ་འདོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ས་རྒྱུའི་སྦགས་བཙོག་གནད་དོན་སྐོར་གྱི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་ལི་ཀན་ཅེས་རླུང་ཁམས་ཆེ་མོའི་སྦགས་བཙོག་དང་ཆུའི་སྦགས་བཙོག་དང་བསྡུར་ན་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་དཀའ་ཚད་དེ་བས་ཆེ་བ་ཡོད། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱེད་པའི་འགག་རྩ་དེ་འབྱུང་རྩ་མཐིལ་རྟོགས་བྱ་རྒྱུར་ཐུག་ཡོད། མིག་སྔར་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། ཞིང་སྤྱོད་ས་ཆར་རིགས་དབྱེའི་དོ་དམ་དང་འཛུགས་སྐྲུན་ས་ཆའི་ཆོག་འཐུས་དོ་དམ་ཐད་སྡེ་ཚན་མང་པོ་ཞིག་གིས་མཉམ་འབྲེལ་ཐོག་བྱེད་ཐབས་ནུས་ལྡན་སྤྱད་པར་ཕན་འབྲས་ཡག་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
ཞིང་སའི་སྦགས་བཙོག་ཆུར་སིམ་པའི་གནད་དོན་ལ་དམིགས་ནས་ལི་ཀན་ཅེས་མིག་སྔར་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕན་འབྲས་ཡག་པོ་ཐོབ་ཅིང་། གྲོང་གསེབ་ཀྱི་མི་འབོར་དུང་ཕྱུར་2ཙམ་ལ་ཕན་པ་ཐོབ་ཡོད། ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་སྦགས་བཙོག་དེ་གྲོང་གསེབ་ཏུ་ཁྱབ་རྒྱུ་སྔོན་འགོག་བྱེད་པ་དང་ཆབས་ཅིག་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་སྦགས་བཙོག་འགོག་བཅོས་དང་། སོག་མ་ཕྱོགས་བསྡུས་བེད་སྤྱོད། ཞིང་སྨན་དང་རྫས་ལུད་ཀྱི་སྦགས་བཙོག་འགོག་བཅོས་སོགས་ཐད་ཀྱི་ལས་དོན་ལའང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ཅེས་གསུངས་པ་རེད།
“གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ནི་སྣོད་བཅུད་བཟང་སར་སྤོ་རྒྱུ་དེ་ཡིན། སྔོན་ཆད་ང་ཚོས་བཟོ་ལས་དང་གྲོང་ཁྱེར་གྱི་སྦགས་བཙོག་འགོག་བཅོས་ལ་མཐོང་ཆེན་བྱས་པ་ལས་ཞིང་ལས་དང་གྲོང་གསེབ་ཀྱི་སྦགས་བཙོག་འགོག་བཅོས་ལ་སྟོབས་ཤུགས་དང་མ་དངུལ་གཏོང་ཚད་འདང་གི་མེད། ཡིན་ནའང་ཉེ་བའི་ལོ་ལྔའི་རིང་གནས་ཚུལ་འདི་རིགས་ལེགས་བཅོས་ཆེན་པོ་བྱུང་ཡོད”དབྱང་ཝུའེ་མིན་གྱིས་སྣོད་བཅུད་ཤེས་དཔལ་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞིའི་ནང་གི་བྱེད་ཕྱོགས་གལ་ཆེན་ཞིག་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྦགས་བཙོག་བཅོས་སྒྲིག་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། སླད་ཕྱིན་འབྲེལ་ཡོད་ཕྱོགས་ཁག་ཚང་མས་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་བླང་བྱ་གཞིར་བཟུང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གལ་ཆེ་མཉམ་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ཁོར་ཡུག་སྦགས་བཙོག་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
བབ་བསྟུན་རྣམ་པ་དང་གནད་འཁེལ་རྣམ་པའི་ཆེད་དོན་ལྟ་ཞིབ་བྱ་རྒྱུ་ཡིན་པ།
ཁག་བཞི་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ་དང་ཆབས་ཅིག་ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཚང་མར་ལྟ་ཞིབ་བྱས་པ་དང་མི་ཁྲི་ཡན་གྱི་འགན་འཁྲི་རྩད་གཅོད་བྱས་པར་སྤྱི་ཚོགས་ཀྱི་དོ་ཁུར་དང་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད། ལི་ཀན་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། ཁག་བཞི་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་གཞི་ཁྲི་13.5བདག་སྤྲོད་བྱས་པ་དང་། ཟླ་སྒྲིལ་བཏང་རྗེས་ས་གནས་ལ་གྱོད་གཞི་ཁྲི་10.4ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ། མིག་སྔའི་བར་ཐེར་འདོན་གྱོད་གཞི་ཁྲི་10.2ཐག་གཅོད་བྱས་ཟིན་པས། ལྟ་ཞིབ་བྱ་སྤྱོད་ལ་མི་སེར་གྱི་སྙིང་དབུས་ནས་དགའ་བསུ་དང་བརྩི་བཀུར་ཐོབ་ཡོད་པ་རེད།
“ང་ཚོས་གཙོ་གནད་ས་ཁུལ་དང་། གཙོ་གནད་ལས་རིགས། གཙོ་གནད་གནད་དོན་བཅས་ལ་གཞིགས་ནས་བབ་བསྟུན་རྣམ་པ་དང་གནད་འཁེལ་རྣམ་པའི་ཆེད་དོན་ལྟ་ཞིབ་སྒྲིག་འཛུགས་བྱ་རྩིས་ཡོད་པས། ཕལ་ཆེར་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོར་འབྲེལ་ཡོད་བྱ་སྤྱོད་སྤེལ་རྒྱུ་རེད”ལི་ཀན་ཅེས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་མུ་མཐུད་སྤེལ་ངེས་རེད། མིག་སྔར་མདུན་གྱི་ཁག་དང་པོ་ནས་བཞི་པ་བར་གྱི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་རེས་སྐོར་གཉིས་པའི་ལས་དོན་ཡག་པོ་མུ་མཐུད་སྤེལ་རྒྱུར་གྲ་སྒྲིག་བྱེད་པ་དང་ཆབས་ཅིག་ལས་དོན་དེ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་གྱི་སྲོལ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ལས་དོན་དེ་ཡུན་རིང་འཕེལ་རྒྱས་དང་མཐའ་འཁྱོངས་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་སྐོར་གླེང་སྐབས། དབྱང་ཝུའེ་མིན་གྱིས། “ལོ་དེ་དག་རིང་ང་ཚོས་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པའི་ཐད་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་མོད། འོན་ཀྱང་བལྟོས་བཅས་ནས་བཤད་ན། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་མ་ཐུབ་པའམ་ལྕག་སྐུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དཔེར་ན། ཇི་ལྟར་བྱས་ཏེ་བཙོག་འབུད་ཉུང་དུ་བཏང་ནས་ཕན་པ་ཐོབ་པ་བྱེད་པའི་ལམ་སྲོལ་འཛུགས་པར་ད་དུང་འབད་བརྩོན་བྱེད་དགོས་པ་དེ་ནི་གོམ་སྟབས་རྗེས་མའི་སྒྱུར་བཅོས་ཀྱི་གཙོ་གནད་ཡིན”ཞེས་གསུངས་པ་རེད།
“ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ང་ཚོར་ད་དུང་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད་པ་དང་ལྗང་མདོག་དངུལ་རྩ་ནི་དེའི་གྲས་ཤིག་ཡིན” ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཀྱི་སྐོར་ཆེད་མངགས་གླེང་ཡོད་ཅིང་། ན་ནིང་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྗང་མདོག་དངུལ་རྩའི་མ་ལག་གཏོད་རྒྱུའི་སྐོར་གྱི་བསམ་འཆར་གཤམ་སྤེལ་བྱས་ཡོད། བྱ་ཐབས་ཁག་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། སྒྱུར་བཅོས་འགའ་ཞིག་ལ་ཡང་སྐུལ་འདེད་གཏོང་བཞིན་ཡོད་པ་དཔེར་ན། ནོར་སྲིད་སྡེ་ཚན་གྱིས་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་ཐེབས་རྩའི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་བཞིན་ཡོད་པ་དང་འཛིན་ལོར་ལྟ་སྐུལ་ཨུ་ལྷན་སོགས་ཀྱིས་ཀྱང་མ་རྐང་ཁྲོམ་རར་བཏོན་པའི་ཀུང་སིའི་ཁོར་ཡུག་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཚད་མཐོ་རུ་ཇི་ལྟར་གཏོང་བ་སོགས་ཀྱི་བྱ་ཐབས་ལ་ཞིབ་འཇུག་བྱེད་བཞིན་ཡོད”ཅེས་དབྱང་ཝུའེ་མིན་གྱིས་གསུངས་པ་རེད།།