(སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་ཡོད།)
ད་ལྟ་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད་སྙན་སྒྲོན་ཞུ་གི་ཡིན། སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་24ཉིན་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་ཡོད།
ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བ་མ་ཟད་གྲོས་འཆམ་མཐའ་གཅིག་ཏུ་བྱུང་བ་དང་། བཟོ་བཅོས་ཀྱི་འཆར་ཟིན་དེ་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ནུས་པ་ཐོན་རྒྱུ་ཡིན།
ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་འཐུས་མི་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་དུས་རབས་ཀྱི་གོང་འཕེལ་དང་བསྟུན་པ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་སྦྲེལ་གྱི་ཐོག་ནས་དུས་རབས་གསར་པས་གང་འདྲ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། གང་འདྲ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་དེ་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཐད་ལ་ལན་བཏབ་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་དུ་གཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཛིན་དང་གོང་འཕེལ་བཏང་བ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་དང་ཏང་དང་མི་དམངས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་མཉམ་སྡེབ་བློ་རིག་གི་ཉིང་བཅུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དབུ་ཁྲིད་གནང་ནས། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གྲ། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་གཅིག་འདོམས་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད།
ཚོགས་ཆེན་ཐོག གཅིག་གྱུར་ཐོག་ཏང་གི་སྒྲིག་ཡིག་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་དང་ལྷན་དུ་ཏང་གི་བྱ་སྤྱོད་ཕྱོགས་སྟོན་དུ་བྱེད་རྒྱུར་མོས་མཐུན་གནང་ཡོད། ཚོགས་ཆེན་ནས་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བསམ་བློ་དང་བྱ་སྤྱོད་ཐོག་ཏུ་གཅིག་གྱུར་བྱེད་རྒྱུ་དང་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་དང་ཏང་གི་འཛུགས་སྐྱོང་གི་ཕྱོགས་ཁག་གི་ཐོག་ཏུ་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
ཚོགས་ཆེན་ཐོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིག་གནས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་རྒྱུར་མངག་སྐུལ་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད། ཚོགས་ཆེན་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་དང་ལྷན་དུ་ཏང་གི་སྒྲིག་ཡིག་ནང་དུ་འབྲི་རྒྱུར་མོས་མཐུན་གནང་བ་དེས་ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གང་ལེགས་ཐུབ་རྒྱུ་དང་། ཁྱོན་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ནང་དོན་ཁོང་དུ་ཆུད་རྒྱུར་ཕན་ཐོགས་ཡོད། ཚོགས་ཆེན་ཐོག ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་གིས་དཀའ་སྤྱད་འབད་འཐབ་ཀྱིས་གསར་དུ་གཏོད་པའི་བགྲོད་ལམ་འདི་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་འདི། ལམ་ལུགས་འདི། རིག་གནས་འདི་བཅས་ལ་གཅེས་འཛིན་ལྡབ་བརྒྱ་དང་ཡུན་རིང་བློ་བརྟན་འགྱུར་མེད། རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་བཅས་བྱེད་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། བགྲོད་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་སྲ་བརྟན་དུ་བཏང་སྟེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་ལེན་བསྟར་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན་པ་དང་། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་རྔམ་བརྗིད་ལྡན་པའི་ཁས་ལེན་བྱས་པ་ཞིག་ཡིན་པ། ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་ནང་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་རླབས་ཆེའི་དམིགས་འབེན་ཁ་གསལ་བཏོན་པར་མོས་མཐུན་གནང་ཡོད་པ་བཅས་ཀྱི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེ་བཞིན་མང་དུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་གོང་འཕེལ་དོ་སྙོམས་མེད་པ་དང་གོང་འཕེལ་གང་ལེགས་ཐུབ་མེད་པའི་བར་གྱི་འགལ་ཟླར་གྱུར་ཟིན་པའི་ཆབ་སྲིད་ཀྱི་ཆོད་གཏམ་དེའི་ཐོག་ནས་རང་རྒྱལ་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་མངོན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཡུན་རིང་འཐབ་ཇུས་གཏན་འབེབས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ། ཏང་གི་སྒྲིག་ཡིག་ལ་དེ་མཚུངས་ཀྱི་བཟོ་བཅོས་རྒྱབ་པས། ང་ཚོས་རང་རྒྱལ་གོང་འཕེལ་གྱི་ལོ་རྒྱུས་ཁ་ཕྱོགས་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་ཐད་གལ་ཆེའི་ཁྲིད་སྟོན་གནང་ཡོད་པ་བཅས་ཀྱི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱ་རྒྱུ་དང་། གསར་གཏོད་དང་། མཐུན་སྦྱོར། སྦག་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱ་རྒྱུ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་དང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་གཏོང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་སྐྱོང་བྱེད་པ་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཐུབ་པ་བྱ་རྒྱུ་བཅས་ཀྱི་ཐོག་ནས། རང་རེའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་གཞི་རྩའི་དམིགས་འབེན་དང་། གོང་འཕེལ་གྱི་འདུ་ཤེས། འཐབ་ཇུས་བཀོད་སྒྲིག་བྱ་ཚུལ། འཐབ་ཇུས་དམིགས་འབེན་བཅས་མངོན་ཡོད་པ། རྒྱལ་དམངས་དཔལ་འབྱོར་གྱི་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དེ་བས་གཞུང་དྲང་། དེ་བས་རྒྱུན་མཐུད་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ། བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱ་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་བཅུག་པ་དེས། ཏང་ཡོངས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་འཐབ་ཇུས་བཀོད་སྒྲིག་བྱ་རྒྱུའི་ཐད་གཅིག་གྱུར་བྱ་རྒྱུར་སྐུལ་འདེད་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་འཛུགས་རྒྱུ་དང་ལག་ལེན་བསྟར་རྒྱུ། བསྒྱུར་བཅོས་གོང་འཕེལ་གྱི་གནས་བབ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ་བཅས་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཐད་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པ་དང་། ཚོགས་ཆེན་ཐོག་ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་ཁྲོད་བཟུང་བའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། སྲིད་གཞུང་གི་ནུས་པ་དེ་བས་ཡག་པའི་ངང་འདོན་སྤེལ་བྱ་རྒྱུ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུ། གྲོས་མོལ་དང་དམངས་གཙོ་རྒྱ་ཁྱབ་དང་བང་རིམ་མང་བ། ལམ་ལུགས་ཅན་བཅས་ཀྱི་ཐོག་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་བརྗེ་འགྱུར་དང་། གསར་གཏོད་རང་བཞིན་གྱི་གོང་འཕེལ་གཏོང་རྒྱུར་སྐུལ་འདེད། གསར་བརྗེའི་རིག་གནས་རྒྱུད་འཛིན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མཐོར་འདེགས། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་བརྟན་པོར་བཟུང་རྒྱུ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འབྲི་རྒྱུར་མོས་མཐུན་གནང་ཡོད་ཅིང་། གོང་གསལ་ནང་དོན་དག་འཐུས་སྒོ་ཚང་དུ་གཏོང་བ་དེས་ཏང་ཡོངས་ནས་དེ་བས་རང་རྟོགས་དང་། དེ་བས་སྲ་བརྟན་ངང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་དོན་འཁྱོལ་བྱ་རྒྱུ་དང་། གནད་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་བྱ་ཡུལ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་མེས་རྒྱལ་གོང་བུ་གཅིག་འགྱུར། འཐབ་ཕྱོགས་གཅིག་འགྱུར། ཕྱི་འབྲེལ་ལས་དོན་བཅས་ཀྱི་ཐད་གལ་ཆེའི་དགོངས་ཚུལ་རབ་དང་རིམ་པ་བཏོན་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཞི་བདེ་མཐུན་སྒྲིལ་དང་རོགས་རེས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་་འབྲེལ་བ་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུ། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ཁ་ཕྱོགས་གསལ་བཏོན་སྔར་ལས་ལྷག་པ་གནང་བའི་ངོས་འཛིན་གནང་ཡོད། ཚོགས་ཆེན་ཐོག་མོས་མཐུན་གནང་བར། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་བཅིངས་འགྲོལ་དམག་དང་དེ་མིན་མི་དམངས་དྲག་ཆས་སྟོབས་ཤུགས་ལ་བལྟོས་མེད་ཀྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་སྐྱོང་བ་དང་བསྒྱུར་བཅོས་ལ་བརྟེན་ལས་དམག་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དར་རྒྱས་ཡོང་བ་བྱེད་པ། ཁྲིམས་ལྟར་དམག་སྐྱོང་བ་བཅས་བྱས་ནས། ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་པའི་དམག་འཐབ་བྱ་ཐུབ་པ། སྤྱོད་ཚུལ་བཟང་བའི་མི་དམངས་དམག་དཔུང་ཞིག་བཙུགས་ཏེ། མི་དམངས་བཅིངས་འགྲོལ་དམག་གིས་ནུས་ལྡན་ངང་དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་འོས་འགན་འགན་ལེན་ཏན་ཏིག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་བ། ཡང་དག་པའི་ཁེ་ཕན་ལྟ་བ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས། རྒྱུད་གཅིག་ལམ་གཅིག་གི་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་བྲིས་ཡོད། ནང་དོན་དེ་དག་ཕུན་སོམ་ཚོགས་སུ་བཏང་ཚེ། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་ཀྱི་འགོ་ཁྲིད་བྱ་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་པ། རང་རྒྱལ་གྱི་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་གནང་བ་དང་།
ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་བརྒྱད་པ་ཚོགས་ཚུན་རང་རེའི་ཏང་གིས་ཏན་ཏིག་ངང་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་དང་། ཏང་འཛུགས་སྐྱོང་ཐད་ཁྱོན་ཡོངས་ཀྱི་འཚོལ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས། ལེགས་གྲུབ་ལྡན་པའི་ཉམས་མྱོང་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དེ་ངེས་པར་དུ་དུས་ཐོག་ལ་ཏང་གི་སྒྲིག་ཡིག་ནང་བཅུག་སྟེ། ཏང་ཡོངས་ཀྱི་ཐུན་མོང་བསམ་པ་དང་ཐུན་མོང་ཐོག་བརྩི་སྲུང་ཞུ་སར་འགྱུར་བ་བྱ་དགོས་པའི་ངོས་འཛིན་གནང་ཡོད། ཚོགས་ཆེན་ཐོག་མོས་མཐུན་གནང་བར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་གིས་ཏང་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ། ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་གཙོ་བོར་འཇོག་པ་དང་། ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་་བཅས་ལ་སྐུལ་འདེད་བཏང་ཐོག ལམ་ལུགས་འཛུགས་སྐྱོང་དེ་ཀུན་ལ་ཁྱབ་པ་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ་སོགས་ཏང་གི་སྒྲིག་ཡིག་ནང་འཇུག་དགོས་པའི་བླང་བྱ་བཏོན་པ་དང་། ཟམ་མི་ཆད་པར་རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་ཀྱི་ནུས་པ་མཐོ་རུ་བཏང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བཟོས་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱ་དགོས་པ། ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་དེ་ཚད་ལྡན་བཟོ་བ། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་ནས། དགེ་མཚན་ལྡན་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གོང་འཕེལ་གཏོང་དགོས་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་རྒྱུ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་བཅུག་པ། ཏང་དོ་དམ་དང་བཅོས་སྐྱོང་ནན་པོ་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་བྱེད་པར་ངེས་པར་དུ་མངོན་འགྱུར་ཐུབ་དགོས་པའི་གཞི་རྩའི་བླང་བྱའི་གྲས་ལ་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་བཅུག་ཡོད། ནང་དོན་དེ་དག་ཕུན་སུམ་ཚོགས་སུ་བཏང་བས་ཏང་འཛུགས་སྐྱོང་གི་དམིགས་འབེན་དེ་བས་ཁ་གསལ་དུ་ཕྱིན་པ་དང་། བཀོད་སྒྲིག་དེ་བས་འཐུས་ཚང་དུ་ཕྱིན་ཏེ། ཏང་ཡོངས་ཀྱིས་སྔར་བས་ཚན་རིག་དང་མཐུན་པའི་རིག་ལམ་དང་། སྔར་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ཟམ་མི་ཆད་པར་ཏང་འཛུགས་སྐྱོང་གི་སྤུད་ཚད་མཐོ་རུ་བཏང་ནས་ཏང་གི་གསོན་ཤུགས་ནམ་ཡང་རྒྱས་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིནཔ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་ཆེ་ཤོས་དེ་ཡིན། ཏང་སྲིད་དམག་གསུམ་དང་། མི་དམངས་དང་སློབ་མ་བཅས་དང་། ཤར་ལྷོ་ནུབ་བྱང་དབུས་བཅས་སུ་ཏང་ནི་མཐའ་དག་གི་འགོ་ཁྲིད་ཡིན། ཚོགས་ཆེན་གྱིས་གལ་ཆེའི་ཆབ་སྲིད་ཀྱི་རྩ་དོན་དེ་ཏང་གི་སྒྲིག་ཡིག་ནང་འབྲི་བ་དེས། ཏང་ཡོངས་ཀྱི་ཏང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཏང་ཡོངས་ཀྱི་བསམ་བློའི་ཐོག་གཅིག་གྱུར་དང་། ཆབ་སྲིད་ཐོག་མཐུན་སྒྲིལ། བྱ་སྤྱོད་ཐོག་གཅིག་གྱུར་བཅས་མངོན་འགྱུར་ཡོང་རྒྱུ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་སྒྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་བཏང་ནས། ཏང་གིས་ཕྱོགས་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པ་དང་། ཕྱོགས་ཁག་མཐུན་སྦྱོར་བྱེད་རྒྱུར་འགན་སྲུང་བྱས་ནས། ཏང་དང་རྒྱལ་་ཁབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་རྩ་བའི་ཆབ་སྲིད་འགན་ལེན་མཁོ་འདོན་བྱེད་རྒྱུར་མོས་མཐུན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་བསྡུ་ལེན་བྱ་རྒྱུ་མ་ཟད། སྤྱིའི་རྩ་འཛིན་གྱི་ཆ་ཤས་བཟོ་བཅོས་བྱེད་རྒྱུ་དང་འབྲེལ་མཐུད་བྱས་ནས། ཏང་གི་སྒྲིག་ཡིག་གི་དོན་ཚན་ཁག་གཅིག་ལ་བཟོ་བཅོས་འོས་འཚམ་བྱེད་རྒྱུ་དགོས་ངེས་ཡིན་པའི་ངོས་འཛིན་གནང་བ་དང་། ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་རྟོགས་ངང་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ། ཏང་གི་རྩ་དོན་དང་འགལ་བའི་གཏམ་སྤྱོད་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་ནས་ལག་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ་གཏོང་རྒྱུ་བཅས་ནི་རྒྱ་ཆེའི་ཏང་ཡོན་གྱི་འོས་འགན་ཡིན་པ་དང་། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་དེ། ཏང་ཡོན་ནང་ཞུགས་རྒྱུར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་ཡིན་པ། སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས། ཀྲུང་དབྱང་སྡེ་ཚན་ལ་སྐོར་ཞིབ་བྱེད་རྒྱུ་དང་། གྲོང་ཁྱེར་དང་རྫོང་ལ་སྐོར་ལྟ་བྱེད་རྒྱུ་ནི། སྐོར་ཞིབ་ལས་ཀའི་ལག་ལེན་ཉམས་མྱོང་ཕྱོགས་བསྡོམས་ཤིག་ཡིན་པས། ངེས་པར་དུ་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ལ་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་རྒྱུ་ཁ་གསལ་བཟོས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱིས་དམག་དཔུང་ནང་གི་ཏང་གི་ལས་དོན་དང་ཆབ་སྲིད་ལས་ཀ་འགན་འཁུར་རྒྱུ་གསལ་པོ་བཟོས་པ། དམག་དཔུང་སྒྱུར་བཅོས་རྗེས་ཀྲུང་དབྱང་དམག་ཨུད་ནས་ཏང་དོ་དམ་བཅོས་སྐྱོང་གི་འགན་འཁྲི་འཁུར་རྒྱུའི་དོན་དངོས་དགོས་མཁོ་མངོན་པ། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་སྐབས་རེའི་འགན་ཡུན་དུས་བཀག་ལེགས་སྒྲིག་བྱས་ནས། སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ། གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་གནས་བབ་དང་ནུས་པ་གསལ་པོ་བཟོས་པ་དང་། སྤྱི་ཚོགས་སྒྲིག་འཛུགས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ནུས་ཚད་གནས་ཐིག་དང་འགན་འཁྲི་ལས་འགན་ཁ་སྣོན་བྱས་པ། རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་ནང་གི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འགན་འཁྲི་གསལ་པོ་བཟོས་པ་དང་། ཏང་ཀྲི་པུའི་གནས་བབ་དང་ནུས་པ་གསལ་པོ་བཟོས་པ། ལས་བྱེད་པ་འདེམས་བསྐོས་ཀྱི་ཆ་རྐྱེན་དང་བླང་བྱ་ཁ་སྣོན་བྱས་པ། ཏང་གི་སྒྲིག་ཁྲིམས་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་འབྲེལ་ཡོད་ནང་དོན་ཁག་ཅིག་ལེགས་སྒྲིག་དང་ཁ་སྣོན་བྱས་པ་སོགས་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་གཅིག་སྡུད་ཀྱིས་མངོན་པ་ཞིག་ཡིན་པ། ནང་དོན་དེ་དག་ཏང་གི་སྒྲིག་ཡིག་ནང་བཅུག་ཚེ། ཏང་ཡོངས་ཀྱིས་ཏང་གི་མཛུབ་ཁྲིད་དགོངས་པ་དུས་བསྟུན་མཉམ་སྐྱོད་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚིགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།
ཚོགས་ཆེན་ཐོག ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། སྔར་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོང་བཅས་བྱེད་དགོས་པ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཏང་གིས་ཏང་དོ་དམ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཟིན་པ་བྱེད་རྒྱུར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་རྒྱུ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་རྒྱུ་བཅས་ཀྱི་ཆེད་དུ་མུ་མཐུད་འབད་འཐབ་བྱེད་དགོས་པའི་བླང་བྱ་བསྟན་ཡོད་པ་རེད།།