ཏང་གི་ཚོགས་ཆེན་བཅུ་དགུ་པ་ལ་རྟེན་འབྲེལ་ཞུ་ཞིང་ཀྲུང་གོའི་ཕུགས་འདུན་བརྗོད་པའི་རྔ་བ་དང་དཀར་མཛེས། མེ་ཧྲན་བཅས་ཀྱི་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་འགྲེམ་སྟོན་ཟླ་བཅུ་བའི་ཚེས་23ནས་ཚེས་29བར་རྔ་བ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་རྒྱུ་རེད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དུ་མེ་ཧྲན་དང་དཀར་མཛེས་ས་ཁུལ་གྱི་བརྩམས་ཆོས་ཡོད་པར་མ་ཟད། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་31། ཡིག་གཟུགས་བརྩམས་ཆོས་22། ཤིང་བརྐོས་བརྩམས་ཆོས་4། ཕྱེས་བཟོས་གཟུགས་བརྙན་3། སྨྱུག་སླས་བརྩམས་ཆོས་10། སྲོལ་རྒྱུན་ཐང་ག་9། ཐང་ག་གསར་བ་15། གསོ་རིག་རྒྱུད་བཞིའི་ཐང་ག་8། སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་18། གནའ་བོའི་བོད་ཡིག་གི་ཡིག་གཟུགས་15སོགས་བརྩམས་ཆོས་སྤུས་ལེགས་130ལྷག་འགྲེམ་སྟོན་ལ་ཞུགས་ཡོད།
ཚེས་23ཉིན། ཐེངས་འདིའི་བྱ་འགུལ་གྱི་འགོ་ཚུགས་མཛད་སྒོ་སྤེལ་ཤིང་། ས་ཁུལ་གསུམ་གྱི་རིག་གནས་ཁང་གི་སྒྱུ་རྩལ་བའི་མཚོན་བྱེད་མི་སྣ་ཡིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གཏམ་བཤད་གནང་།
འགྲེམ་སྟོན་ཁང་དུ་སྤུས་ལེགས་བརྩམས་ཆོས་མང་ཞིང་མཛེས་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། སྒྱུ་རྩལ་བ་རྣམས་ཀྱིས་ལྟད་མོ་བ་རྣམས་ལ་སྤུས་ལེགས་བརྩམས་ཆོས་རྣམས་རེ་རེ་བཞིན་ངོ་སྤྲོད་བྱས།
སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་འགྲེམ་སྟོན་གྱི་སྙུག་ཚོགས་སུ། ས་ཁུལ་གསུམ་གྱི་ཡིག་མཁན་དང་རི་མོ་བའི་ཚབ་བྱེད་མི་སྣ་རྣམས་མཉམ་དུ་འཛོམས་ནས། ཡིག་གཟུགས་དང་རི་མོ་ཡུལ་དངོས་ནས་བྲིས་ཤིང་མཐར་རྒྱ་བོད་ཁྱིམ་ཚང་གཅིག་ཅེས་པའི་ཡི་གེ་རྒྱ་བོད་ཤན་སྦྱར་གྱིས་བྲིས།
ཐེངས་འདིའི་འགྲེམ་སྟོན་བྱེད་སྒོ་ལེགས་འགྲུབ་ངང་སྤེལ་བས། ཁུལ་གསུམ་གྱི་སྒྱུ་རྩལ་བ་རྣམས་ཀྱི་མིག་རྒྱ་བསྐྱེད་པ་དང་ཁོ་ཚོ་ཕན་ཚུན་དབར་བསམ་ཚུལ་བརྗེ་རེས་དང་སློབ་སྦྱོང་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། ཁུལ་གསུམ་གྱི་སྒྱུ་རྩལ་རིག་གནས་ཀྱི་བྱ་བཞག་སྔར་བས་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ་རེད།