སྟོན་འཇུག་གི་རོང་བྲག་དང་མཛེས་མའི་ཕ་ས།

བདེ་གཡང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 11-01


        སྟོན་མཇུག་ལ་སླེབས་པའི་རོང་བྲག་རྫོང་ནི་བོད་ཁུལ་ཡོངས་སུ་ཆེས་མཛེས་པའི་རྫོང་གྲོང་དེ་ཡིན་ངེས། རྒྱུ་མཚན་ནི་མཛེས་སྡུག་ལྡན་པའི་རང་བྱུང་གི་བཀོད་པ་དང་། ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཙམ་གྱིས་མི་ཚད་པར། ད་དུང་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་པའི་རོང་བྲག་གི་མཛེས་མ་དེ་ཚོའི་དབང་གིས་རེད།

        སྤྱི་ལོ་2001ལོར་རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་དེ་གཞི་རྒྱ་ཆེན་པོའི་ངང་སྤེལ་འགོ་ཚུགས་ཡོད་པ་དང་། དེ་ནི་གཙོ་བོར་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་ལ་གཞིགས་ནས། གནའ་བོའི་མཁར་རྫོང་ལ་ལྟ་སྐོར་དང་སྐོར་བྲོ་འཁྲབ་སྟོན། གྱོན་ཆས་བཤམས་སྟོན། ཞིང་པའི་རིག་གནས་མྱོང་ཚོར། མཛེས་མ་གདམ་གསེས་བྱེད་པའི་བྱེད་སྒོ་གསར་པ་སོགས་ཁ་སྣོན་བྱས་ཡོད་པས། དེ་ནི་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་སྤྲོ་ཚོགས་ཤིག་ཡིན་ལ། མཛེས་སྡུག་ལྡན་པའི་ཤང་གྲོང་ཡུལ་སྐོར་གྱི་སྟོན་ཚོགས་ཤིག་ཀྱང་ཡིན།

        རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་གྱི་ལོ་རྒྱུས་རྒྱུན་རིང་བ་དང་། དང་ཐོག་སྟོན་མཇུག་གི་ལོ་ལེགས་ལ་རྟེན་འབྲེལ་ཞུ་ཆེད་དུད་ཚང་ཁག་ནས་ཟས་རིགས་འདྲ་མིན་དང་རང་ཉིད་ཀྱི་བསྙལ་བའི་ཆང་སོགས་ཁྱེར་ནས་ལྷན་དུ་འཛོམས་པ་དང་། རྩེད་མོའི་ཚུལ་དུ་དམངས་གླུ་ལེན་རེས་དང་སྐོར་བྲོ་འཁྲབ་པའི་སྲོལ་ཡང་ཡོད་ཅེས་གྲགས།

        སྔར་ནས་མཁར་རྫོང་དང་བོད་ཁང་རྙིང་པ། མཛེས་མའི་ལུང་པ་སོགས་ཀྱི་སྙན་གྲགས་ཆེ་བའི་དཀར་མཛེས་རོང་བྲག་རྫོང་ནི་ཁུལ་ལྟེ་བ་དར་རྩེ་མདོ་དང་སྤྱི་ལེ་137གྱི་བར་ཐག་ཡོད་པ་དང་། སྐུ་ལྷ་རི་བོའི་བར་ལ་སྤྱི་ལེ་120  དེ་བཞིན་ཁྲེན་ཏུའུ་གྲོང་ཁྱེར་བར་ལ་སྤྱི་ལེ་365ཡོད། རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་གྱི་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་ནུབ་རྒྱུད་ཡུལ་སྐོར་ལམ་ཐིག་ཐོག་གི་གལ་ཆེའི་ལམ་འགག་དང་དམིགས་ས་གཙོ་བོ་ཞིག་ལ་ཆགས་ཡོད་པ་དང་། རྒྱ་རྒྱུད་ལ་བོད་ཁང་རྙིང་པ་སྐོར། སོག་པོར་མཁར་རྫོང་གཟིགས། བྲག་སྟེང་ཕྱོགས་ན་མཛེས་མ་མང་། སྤྲོ་སྣང་ཕྱོགས་ལ་ཕོ་གསར་ཡག   དེམ་ཁོག་དང་འབྲི་སྨད་ཕྱོགས་སུ་ཚ་ཆུ་མང་ཞེས་པའི་བཤད་སྲོལ་ཡོད།

        ད་ལོའི་བྱེད་སྒོ་འདི་ཡང་སྤྱི་ཟླ་10པའི་ཚེས་26ཉིན་ནས་28ཉིན་བར་སྤེལ།

        རོང་བྲག་ཤང་གྲོང་བཅོ་ལྔ་ནས་ཡོང་བའི་མཛེས་མ་སུམ་ཅུས་གཟབ་རྒྱས་ངང་འགྲན་བསྡུར་ནང་ཞུགས་ཡོད། སོ་སོས་རང་ཉིད་ཀྱི་ཤེས་ཡོན་དང་ཞབས་བྲོ་ལ་བརྟེན་ནས་ཕ་ཡུལ་ལ་ལེགས་སྐྱེས་སྣ་མང་ཕུལ་ཡོད། མཐར་གསེར་གྱི་མེ་ཏོག་གཅིག་དང་། དངུལ་གྱི་མེ་ཏོག་གཉིས། སེ་འབྲུའི་མེ་ཏོག་གསུམ་བཅས་མཛེས་མ་དྲུག་བདམས་ཡོད། འགྲན་ཞུགས་ཀྱི་བུ་མོར་ལོ་ན་ཆེ་ཆུང་མེད་པར་མོས་པ་ཡོད་མཁན་ཞིག་ཡིན་ཕྱིན་ཚང་མ་ཞུགས་ཆོག དེ་བཞིན་མཛེས་མ་འདེམ་དུས་སྐྱེ་གཟུགས་ཁོ་ན་མ་ཡིན་པར་བུ་མོས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་ཤེས་ཡོན་སོགས་ལའང་གཞིགས་དགོས།

        མཛེས་མ་འདེམ་སྲོལ་འདིས་མ་རྒྱུད་བཟང་པོའི་རིག་གནས་རྒྱུད་འཛིན་བྱས་ཡོད་ལ། རྒྱལ་མོ་རྔུལ་ཆུའི་རླབས་སྒྲ་དེ་བས་ཇེ་ཆེར་བཏང་ཡོད། དེ་བཞིན་རོང་བྲག་རྫོང་གི་ཡུལ་སྐོར་གོང་འཕེལ་ལའང་ཕྱར་བ་གྲུ་འདེགས་ལྟ་བུའི་བྱེད་ནུས་བཏོན་ཡོད། སྤྱི་ལོ་2003ལོར་རོང་བྲག་རྒྱལ་རོང་གི་ཡུལ་སྲོལ་གོམས་འདྲིས་དུས་ཆེན་དེ་དཀར་མཛེས་ཁུལ་གྱི་མི་རིགས་དམངས་སྲོལ་དུས་ཆེན་དྲུག་གི་ནང་བདམས་པ་དང་། སྤྱི་ལོ་2005ལོར་ཀྲུང་གོའི་ཆེས་མཛེས་པའི་ས་གནས་ཞེས་པའི་བང་གྲལ་ནང་རོང་བྲག་ནི་ཀྲུང་གོའི་ཆེས་མཛེས་པའི་གནའ་གྲོང་ལ་བདམས་ཡོད། སྤྱི་ལོ་2007ལོར་སྤྲོ་སྣང་ཤང་ནི་ཀྲུང་གོའི་གྲོང་གསེབ་མཛེས་ཤོས་ནང་ཚུད་ཡོད། སྤྱི་ལོ་2008ལོར་རོང་བྲག་ནི་སི་ཁྲོན་གྱི་གནའ་བོའི་དུས་ཆེན་བཅུ་དང་། སོག་པོ་གནའ་གྲོང་ནི་ཀྲུང་གོའི་ལོ་རྒྱུས་རིག་གནས་གནའ་གྲོང་ནང་ཚུད་ནས་རོང་བྲག་ལ་འཕེལ་རྒྱས་བྱུང་ཡོད་པ་མ་ཟད། དཀར་མཛེས་ཁུལ་ལའང་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་ཕྱིན་ཡོད།

        སྟོན་མཇུག   རོང་བྲག་ལ་དམངས་སྲོལ་དུས་ཆེན་ཙམ་གྱིས་མི་ཚད་པར་རང་བྱུང་བཀོད་པའི་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད། ཤིང་ལོ་ཚང་མ་དམར་པོ་དང་སེར་པོ་ཆགས་ནས་དེ་དུས་ཁྱེད་ཀྱིས་ཚོན་མདོག་སྣ་ལྔའི་རྒྱལ་མོས་སྲུང་བའི་རོང་བྲག་མཇལ་ཐུབ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1