ཤར་ཕྱོགས་འཛིན་མའི་ཕ་མཐའ་ཨ་མཆོག་ཏུ་ཁྱབ་ཅིང་། །
ལྷོ་ཕྱོགས་སྤྲིན་པའི་འདབ་རོལ་ཅོ་ནེ་དང་འདྲེས་པ། །
ནུབ་ཀྱི་དངུལ་རྭ་བྱང་གི་བཙན་ཡུལ་གྱི་གནས་ཏེ། །
རྐྱང་སྟོན་གནམ་སྔོན་མེ་ལོང་ལྷུང་ས་འདི་ཀླུ་ཆུ། །
དགུ་ཚིགས་རིང་མོར་འཕྱ་བའི་ས་ཆེན་གྱི་རལ་བ། །
ཀླུ་རྒྱལ་དགྱེ་བའི་ཛམ་ཆུ་མརྒད་དེ་སྔོན་མོ། །
ས་སྟེང་མི་ལ་ཡིད་བཞིན་ལྷ་མི་ཡི་ཞིང་བཀོད། །
གནས་མཆོག་ཆོས་ཟུང་ལིམ་བུའི་དགའ་ཚལ་འདི་ཨེ་མ། །
ཀ་འཛིན་ཡང་དག་སྦྲ་ཆེན་ཁྲི་སྡེ་ཡི་བདག་པོ། །
གཡང་འཛིན་རུ་མ་རིན་ཆེན་ནོར་ལུག་གི་བདག་པོ། །
དུས་འཛིན་བསྐལ་བའི་རུ་འབྲོག་ཀླུ་ཆུ་རུ་འབོད་པའི། །
ཁ་འཛིན་བཙན་ས་མཐོང་བ་དོན་ལྡན་འདི་རྨད་དོ། །
ཕུ་སྟོད་གངས་དང་ནགས་ཀློང་ཅོད་པན་གྱིས་བརྒྱན་ཞིང་། །
བར་སྐེད་ཀླུ་ཆབ་སྔོན་མོའི་དཔུང་རགས་ཀྱིས་བསྐོར་བ། །
མདོ་སྨད་མགོ་ནག་དུ་སྡེ་མར་ཞག་བཞིན་འཁྱིལ་བའི། །
གསེར་གཞོང་བཀོད་པའི་ལྷུན་ཆགས་མཛེས་སྡུག་འདི་འཕགས་སོ། །
མཁར་གསས་རྡོ་མཁར་མཐོན་པོ་གནམ་འདེགས་ཀྱི་ཀ་ལ། །
མཁར་བསྐོར་མི་གཞིག་སྒོར་མོ་བཅུ་གཉིས་ཀྱི་ཚོ་ཆེན། །
མཁར་རྒྱབ་ཨ་མྱེས་དམག་དཔོན་སྤྲིན་རིམ་གྱི་བང་ལ། །
མཁར་ཆགས་མི་སྡེ་སྟོང་ལོའི་ལོ་རྒྱུས་འདི་མཚར་རོ། །
རིང་ན་རྒྱང་སྐད་ཆེའོ་རྫས་ཚ་ཡི་ནགས་ཀློང་། །
གམ་ན་གྲགས་པ་སྙན་ནོ་མེ་ལོང་གི་མཚོ་མོ། །
དོན་ལ་ཁྱད་ཆོས་ལྡན་ནོ་དཔེ་སྲོལ་གྱི་ཆ་ལུགས། །
གླིང་ན་སྙན་པ་ལྡིར་རོ་རོང་འབྲོག་གི་དྭངས་མ། །
རྒན་པོའི་ངག་ལ་གཏམ་གྱི་སྙན་ཆ་ཡིས་ཕྱུག་ཅིང་། །
གཞོན་པའི་ལུས་ལ་མི་ཕོའི་རྩལ་དྲུག་དང་ལྡན་ཞིང་། །
བྱིས་པའི་བློ་ལ་བོད་པའི་རང་མདངས་ཤིག་འཚེར་བའི། །
དགེ་བཅུའི་བཞུད་ལམ་རིང་མོའི་རྨུ་ཐག་དེ་རིང་ཤོག །
བཀྲ་ཤིས་རྟགས་བརྒྱད་ཆོས་སྡེ་ལེགས་བརྒྱད་དུ་འཁྲུངས་ཤིང་། །
མཐུན་པ་སྤུན་བཞི་ཡུལ་སྡེ་ཞི་མཐུན་དུ་གནས་པ། །
ཆོས་སྲིད་ལུགས་གཉིས་ཉི་ཟླ་རེས་མོས་བཞིན་འཁོར་བའི། །
པད་དཀར་ཆུན་པོའི་སྐྱེས་འདི་གཟིགས་འབུལ་ལ་བསྟར་རོ། །