ཕྲུ་གུའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ བོད་ཁུལ་གྱི་སློབ་སྔོན་སློབ་གསོ།

སི་ཁྲོན་ཞིང་ཆེན་འབར་ཁམས། ས་ཡུལ་ཁྲོ་བོ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-07


[གནད་བཏུས] དཔྱད་རྩོམ་འདིར་ཕྲུ་གུ་འཚར་ལོངས་འཕེལ་རྒྱས་དང་བོད་ཁུལ་གྱི་སློབ་སྔོན་སློབ་གསོའི་སྐོར་ལུང་དང་དཔེ་ལ་བརྟེན་ནས་དཔྱད་པ་བཏང་ཡོད།
[གནད་ཚིག] ཕྲུ་གུ། སློབ་སྔོན་སློབ་གསོ། ལུས་སེམས་འཕེལ་རྒྱས།
(2017ལོའི་དེབ་བཞི་བར་མཐུད་པ)
གསུམ། གསར་དར་སློབ་གསོའི་གཞུང་ལུགས་ཀྱི་མཐོང་རྒྱའི་འོག་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ།
        གོང་གི་ཁག་གཉིས་ལས། ང་ཚོས་ཕྲུ་གུའི་འདུ་ཤེས་དང་སྐད་བརྡ། བསམ་གཞིག རིག་སྟོབས་འཕེལ་རྒྱས་ཀྱི་ནང་རྐྱེན་དང་ཕྱི་རྐྱེན། དེའི་ཕྱི་ནང་རྒྱུ་རྐྱེན་གྱི་འབྲེལ་བ་བཅས་ལ་རིག་སྒྲུབ་བྱས་ཟིན། ཁག་འདི་ལས། བདག་གིས་གོང་གི་ནང་རྐྱེན་དང་ཕྱི་རྐྱེན། ནང་རྐྱེན་དང་ཕྱི་རྐྱེན་གྱི་འབྲེལ་བ་དེ་གསར་དར་སློབ་གསོའི་གཞུང་ལུགས་ཀྱི་མཐོང་རྒྱའི་ནང་བཞག་ནས་སྔར་ལས་ལྷག་པར་རྒྱས་བཤད་བྱེད་འདོད་པ་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་ཚན་རིག་གི་གོང་འཕེལ་དང་བསྟུན་ནས། སློབ་གསོའི་གཞུང་ལུགས་ཕྱོགས་ལའང་འཕེལ་རྒྱས་གསར་བ་བྱུང་ཡོད། སློབ་གསོའི་གཞུང་ལུགས་ཀྱི་མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་ར་འདིའི་ནང་དུ། བདག་གིས་གསར་དར་གཞུང་ལུགས་ཀྱི་མཐོང་རྒྱ་བཞི་གཙོ་བོར་བདམས་ནས་བོད་ཁུལ་གྱི་སློབ་སྔོན་སློབ་གསོའི་གནད་དོན་ལ་རིག་སྒྲུབ་བྱེད་འདོད་པ་ཡིན།
(གཅིག) སློབ་གསོའི་གཞུང་ལུགས་གཙོ་གཞིའི་མཐོང་རྒྱ་འོག་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ།
        སློབ་གསོའི་གཞུང་ལུགས་གཙོ་གཞི་ནི་ལོ་རབས་བརྒྱད་ཅུ་བའི་ནང་བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་མགོར། རང་རྒྱལ་རིགས་པའི་གཞུང་ལུགས་ཀྱི་སྟེང་ནས་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་ཞིབ་འཇུག་བྱེད་པའི་ནང་དུ། མིའི་གནད་དོན་དང་མིའི་ངོ་བོའི་གནད་དོན་ལ་ཞིབ་འཇུག་བྱས་པ་ལས་གྲུབ་པའི་མཚན་ཉིད་རིགས་པའི་གཞུང་ལུགས་གཙོ་བོ་དེ་ནི་སློབ་གསོའི་ལག་ལེན་ནང་སྤྱད་ནས་བྱུང་བ་ཡིན། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ། སློབ་གསོའི་གཞུང་ལུགས་གཙོ་གཞི་ནི། མར་ཁེ་སིའི་མིའི་ཕྱོགས་ཡོངས་རང་དབང་གིས་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་བསམ་བློ་དེ་མཛུབ་སྟོན་བྱས་འོག“གཞུང་ལུགས་དཔྱད་བསྡུར་དང་ལག་ལེན་བྱེད་སྒོའི་ཕྱོགས་ནས་ཕུན་སུམ་ཚོགས་པའི་གྲུབ་འབྲས་བླངས་པ་དང་། ཁྱད་པར་དུ་སློབ་གསོའི་ལྟ་ཚུལ་དང་བསམ་གཞིག་གཏོང་སྟངས་བསྒྱུར་བའི་ཐད་ལ་བྱེད་ནུས་ཡག་པོ་ཐོན་ཡོད།”⑦2009ལོར་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་ཝང་ཏའོ་ཅུན་གཙོ་བྱས་ནས་བསྒྲིགས་པའི《སློབ་གསོ་རིག་པ》པར་ཐེངས་དྲུག་པ་དེ་མཐོ་རིམ་དགེ་འོས་སློབ་གྲྭའི་སློབ་དེབ་ཏུ་དངོས་སུ་པར་སྐྲུན་བྱས་ཏེ། སློབ་གསོའི་གཞུང་ལུགས་གཙོ་གཞི་དེ་མཐོ་རིམ་དགེ་འོས་སློབ་གྲྭའི་སློབ་གསོ་རིག་པའི་སློབ་དེབ་ཏུ་ནང་འདྲེན་བྱས།
        “སློབ་གསོའི་གཞུང་ལུགས་གཙོ་གཞི་ཞེས་པའི ‘གཞི’དེས་མི་སྒེར་སྟོན་པ་དང་། ཚོགས་སྤྱི་དང་ཐ་ན་མིའི་རིགས་སྟོན་པ་ཡིན་མོད། འོན་ཀྱང་སློབ་མའི་འཕེལ་རྒྱས་ལ་གྲོས་བསྡུར་བྱེད་པའི་ཐད་ནས་བཤད་ན་སློབ་མའི་མི་སྒེར་ལ་མང་ཙམ་སྟོན་པ་ཡིན། མི་སྒེར་ནི་དངོས་ཡོད་འཚོ་བའི་ནང་འཚོ་བཞིན་པའི་མི་ཡིན་པ་དང་། མི་གཞན་ནམ་དངོས་པོ་གཞན་དང་མཉམ་གནས་མཉམ་འཚོ་བྱེད་པའི་མི་ཡིན་པའི་ཆ་ནས། སྤྱི་ཚོགས་དང་རང་བྱུང་གིས་ཚོད་འཛིན་ཐེབས་པ་མ་ཟད། རང་བདག་རང་འགུལ་གྱི་ནུས་པའང་ལྡན་པས། མི་དང་ཕྱི་རོལ་ཡུལ་ལམ་ཡང་ན་རང་དབང་གཙོ་གཞི་དང་ཕྱི་ཡུལ་གྱི‘ལས་དབང’གི་འགལ་བར་འཕྲད་ཡོད།”⑧སློབ་གསོའི་གཞུང་ལུགས་ཀྱི་གཙོ་གཞིས“སློབ་མ་ནི་དངོས་ཡོད་འཚོ་བའི་ནང་འཚོ་བཞིན་པའི་སྤྱི་ཚོགས་ཀྱི་མི་ཞིག་ཡིན་པར་ཁས་ལེན་པ་དང་། ཁོ་ནི་སྟོང་སངས་སུ་འཚོ་བའི་སྤྱི་མཚན་གྱི་དངོས་པོ་ཞིག་གམ་ཡང་ན་སྟོང་ཆར་ལུས་པའི་རིགས་ཤིག་མ་ཡིན་པར། དེ་ནི་དངོས་ཡོད་འཚོ་བའི་ནང་གྲུབ་པའི་ཉམས་མྱོང་དང་དགོས་མཁོ། སྤྲོ་སྣང་། བརྩེ་དུང། ནུས་པ། ལེགས་གྲུབ། ཕམ་ཉེས། མགོ་འཐོམ། ཡིད་ཆེས། རེ་སྨོན་བཅས་ཡོད་པའི་མི་ཡིན། སློབ་གསོ་ནི་ཐིག་ལེ་ནས་མགོ་རྩོམ་པ་མ་ཡིན་ཏེ། སློབ་མའི་ཉམས་མྱོང་ནི་ཁོ་རང་སློབ་གསོའི་བྱེད་སྒོའི་གཙོ་གཞིར་གྱུར་པའི་སྤྱི་ཚོགས་རིག་པའི་རྨང་གཞི་དེ་ཡིན་པ་མ་ཟད། སློབ་མ་འཕེལ་རྒྱས་སུ་འགྲོ་བའི་ནང་གནས་ཀྱི་འཚར་ལོངས་འབྱུང་གནས་དང་སློབ་གསོ་དེ་བྱ་ཐུབ་པའི་འདེགས་སྐྱོར་རམ་འབྲེལ་མཐུད་ཀྱི་གནས་ཤིག་ཀྱང་ཡིན།”⑨སློབ་གསོའི་གཞུང་ལུགས་གཙོ་གཞིས“སློབ་མ་ནི་དངོས་ཡོད་འཚོ་བའི་ནང་གི་མི་ཞིག་ཡིན་པར་སྣང་ཆུང་བྱེད་ཅིང། སློབ་མ་དེའི་རང་ཉིད་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་གཙོ་བོ་ཁྱད་གསོད་བྱས་ཏེ། བཙན་ཤེད་ཀྱིས་ལྡུག་པ་དང་ཨུ་ཚུགས་ཀྱིས་ཚང་མ་གཅིག་པ་བྱེད་པ། སློབ་མ་རྣམས་འཕྲུལ་ཆས་རིགས་ཤིག་གི་ལྷུ་ལག་ཚད་ལྡན་ཞིག་ཏུ་སྐྱེད་སྲིང་བྱེད་འདོད་པ་དང་། མི་གཤིས་ཁྱད་པར་ཅན་གྱི་ཡོ་བྱད་ཅིག་ཏུ་སྦྱོང་བརྡར་བྱེད་འདོད་པ་དེས། སློབ་མའི་རང་གཤིས་འཁྱོག་སྒྱུར་བྱེད་པ་དང་སློབ་མའི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འགོག་གནོན་བྱེད་ངེས་ཡིན།”⑩ 
        སློབ་གསོའི་གཞུང་ལུགས་གཙོ་གཞི་དེ་སློབ་སྔོན་སློབ་གསོའི་ཁྲོད་ནང་འདྲེན་བྱེད་ན། གཅིག་ནས་ང་ཚོས་ཕྲུ་གུ་རྣམས་སློབ་སྔོན་སློབ་གསོའི་གཙོ་གཞིར་བཟུང་སྟེ་ཕྲུ་གུ་རྣམས་སློབ་སྔོན་སློབ་གསོའི་ཁྲོད་ཀྱི་གཙོ་གཞིའི་གོ་གནས་དེ་ཁས་ལེན་པ་དང་མཐོང་ཆེན་བྱེད་པའི་བླང་བྱ་འདོན་དགོས། དེས་ང་ཚོར་ཕྲུ་གུས་ཅི་ཡང་མི་ཤེས་པ་དང་ཅི་ཡང་ཆད་ཡོད་པ། ཡོད་ཚད་མི་དར་མས་ཀླད་པར་ལྡུག་དགོས་པ་དང་། མི་དར་མའི་ཚད་གཞི་ལྟར་བཙན་ཤེད་ཀྱིས་བསྒྱུར་བཀོད་བྱེད་པའི་སྲོལ་རྒྱུན་གྱི་འདུ་ཤེས་དེ་བསལ་ནས། ཕྲུ་གུའི་དུས་རབས་དེ་མི་ཚེའི་ཁྲོད་ཀྱི་ལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་འཇིག་རྟེན་དུ་འཛིན་པ་དང་། བྱིས་པ་རྣམས་འཇིག་རྟེན་འདིའི་གྲུབ་ཆ་གཙོ་བོར་བཟུང་སྟེ། འཇིག་རྟེན་འདིའི་ཟོལ་མེད་རྣམ་དག་གི་གནམ་ས་དེ་ཉིད་རྟོགས་ཤིང་སྲུང་སྐྱོང་བྱེད་དགོས་པ་མ་ཟད། བྱིས་པ་རྣམས་ཟོལ་མེད་རྣམ་དག་གི་འཇིག་རྟེན་དེ་རུ་རང་དབང་དང་དགའ་སྣང་གིས་འཚར་ལོངས་འབྱུང་བར་རོགས་རམ་བྱེད་པ་བཅས་ཀྱི་བླང་བྱ་འདོན་དགོས།
        གཉིས་ནས་སློབ་གསོའི་གཞུང་ལུགས་གཙོ་གཞི་དེ་སློབ་སྔོན་སློབ་གསོའི་ཁྲོད་ནང་འདྲེན་བྱེད་ན། བྱིས་པ་རང་སྟེང་གི་སྐྱེ་གྲུབ་ཀྱི་གོ་རིམ་ལ་ང་ཚོས་ཁས་ལེན་པ་དང་བརྩི་འཇོག་བྱེད་པ། ཕྲུ་གུ་རྣམས་གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི་རུ་འཛིན་པ་དང་། ཕྲུ་གུ་རང་སྟེང་དུ་འཛོམས་པའི་ནུས་པ་ཡོད་ཚད་ཀྱི་གདོད་སྐྱེས་རང་བཞིན་དེ་བྱིས་པ་རང་སྟེང་ནས་འཚར་ལོངས་འབྱུང་བའི་གནས་དང་འདེགས་སྐྱོར་གྱི་གནས། འབྲེལ་མཐུད་ཀྱི་གནས་བཅས་སུ་འཛིན་པར་བླང་བྱ་འདོན་དགོས། ཕྲུ་གུའི་གདོད་སྐྱེས་ཀྱི་གནས་དང་འདེགས་སྐྱོར་གྱི་གནས། འབྲེལ་མཐུད་ཀྱི་གནས་དེ་ནི་གནམ་བདག་གིས་གསར་གཏོད་བྱས་པ་མིན་ལ། ཕ་མས་བཀོད་སྒྲིག་བྱས་པའང་མིན། དེ་ནི་རང་སྟེང་གི་སྐྱེ་རྩའི་རྒྱུད་དང་སྦྲུམ་རྟེན་ལ་འཛོམས་པའི་ཚེ་སྲོག་གི་ཐོག་མའི་འགུལ་ཤུགས་གནས་ས་དེ་ཡིན།
        གསུམ་ནས་སློབ་གསོའི་གཞུང་ལུགས་གཙོ་གཞི་དེ་སློབ་སྔོན་སློབ་གསོའི་ཁྲོད་ནང་འདྲེན་བྱེད་ན། བྱིས་པ་ནི་སྟོང་སངས་སུ་འཚོ་བའི་སྤྱི་མཚན་དང་སྟོང་བ། དོན་སྤྱི་ཅན་ཞིག་མ་ཡིན་པར། དེ་ནི་གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི་ཞིག་ཡིན་པར་ང་ཚོས་ཁས་ལེན་པར་བླང་བྱ་འདོན་དགོས། དེས་ན། ཅི་ཞིག་ནི་ད་གཟོད“གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི”ཞིག་ཡིན་ཞེ་ན། དེ་ནི་ང་ཚོས་ཁག་སྔོན་མ་གཉིས་ལས་རིག་སྒྲུབ་བྱས་པའི“སྔ་མའི་འདུ་ཤེས”ནས“བག་ལ་ཉལ་བའི་འདུ་ཤེས”དང“མངོན་དུ་གྱུར་པའི་འདུ་ཤེས”བར་གྱི་འཚར་ལོངས་དང་འགྱུར་ལྡོག འཕེལ་རྒྱས་བཅས་ཀྱི་གོ་རིམ་ཁྲོད་ཀྱི་སྐྱེ་རྩའི་རྒྱུད་དང་སྦྲུམ་རྟེན་ནས་བྱིས་པའི་རང་སྟེང་གི་ནང་གནས་ཀྱི་རྒྱུད་རྒྱུ་དང་ཁྱིམ་ཚང་། རྩེད་རོགས། སྡེ་ཁུལ། ས་ཁམས། མི་རིགས་བཅས་ཁོར་ཡུག་ཆེན་པོ་ལྔའི་བར་ཕན་ཚུན་ནུས་པ་ཐོན་རེས་བྱས་ཏེ་ནར་སོན་པའི་དངོས་ཡོད་ཀྱི་མི་དེ་ཡིན། དེའི་ཕྱིར། “གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི”དེའི་ངོ་བོ་དང་པོ་སྟེ། ཆེས་གཞི་རྩར་གྱུར་པའི་ངོ་བོ་ནི་མིའི་མི་རིགས་ཀྱི་ངོ་བོ་དེ་ཡིན། དེ་ནི་རང་མི་རིགས་ཀྱི་ཕ་སྐད་ལས་བྱུང་བའི་བསམ་གཞིག་གི་གཏན་ཚིགས་ལ་བརྟེན་པ་དང་། རང་མི་རིགས་ཀྱི་ཕ་སྐད་ལས་གྲུབ་པའི་འདུ་ཤེས་ལ་བརྟེན་པ། རང་མི་རིགས་ཀྱི་ཕ་སྐད་ལས་བྱུང་བའི་སྐད་བརྡས་མཚོན་བྱེད་ཀྱི་གཏན་ཚིགས་ལ་བརྟེན་པ། རང་མི་རིགས་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་བཟང་བོ་བྱས་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ། སྐྱེ་ཁམས་ལྟ་ཚུལ། ཤི་གསོན་ལྟ་ཚུལ་བཅས་ལ་བརྟེན་པ་སྟེ། རང་མི་རིགས་ཀྱི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་བྱེད་པའི་ཐག་རིང་བོའི་ཨ་ལོང་ལྟར་གཅིག་ལ་གཅིག་སྦྲེལ་བའི་མི་དེ་ལྟ་བུ་ནི་ད་གཟོད“གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི”ཞིག་ཡིན། གལ་ཏེ་འདི་ཐམས་ཅད་ཁས་མི་ལེན་པ་དང་རྩིས་མེད་དུ་བཏང་ན། མི་ནི“གསོན་ཉམས་ལྡན་པའི་དངོས་ཡོད་ཀྱི་མི”ཞིག་མ་ཡིན་པར་སྤྱི་མཚན་གྱི་མི་ཞིག་སྟེ། འཇིག་རྟེན་འདིར་སྤྱི་མཚན་གྱི་མི་ཞིག་གཏན་ནས་མེད་པས་སོ། །
        དེས་ན། སློབ་གསོའི་གཞུང་ལུགས་གཙོ་གཞི་དེ་སློབ་སྔོན་སློབ་གསོར་ནང་འདྲེན་བྱས་རྗེས། བོད་ཁུལ་གྱི་སློབ་སྔོན་སློབ་གསོར་ཡང་དེ་བེད་སྤྱོད་དགོས་པས། ང་ཚོས་བོད་རིགས་བྱིས་པ་རྣམས་སྦྲུམ་རྟེན་ནས་སྐྱེས་རྗེས་བར་གྱི་གཞི་རྩའི་ཁོར་ཡུག་ཆེན་པོ་ལྔའི་ནང་ཆགས་པའི་བསམ་གཞིག་གི་གཏན་ཚིགས་དང་སྐད་བརྡའི་གཏན་ཚིགས། བོད་སྐད་ཀྱི་ཕ་སྐད་ལ་བརྟེན་ནས་འཐུས་སྒོ་ཇེ་ཚང་དུ་བཏང་བའི་རིག་སྟོབས་འཕེལ་རྒྱས་ཀྱི་གཏན་ཚིགས་སྒྲིག་གཞིའི་གཞི་རྩའི་རྣམ་འགྱུར་དག་ཁས་ལེན་དགོས་པ་དང་བརྩི་འཇོག་བྱེད་དགོས་པར་རིགས་སོ། །
(གཉིས)སྐྱེ་ཁམས་སློབ་གསོ་རིག་པའི་གཞུང་ལུགས་ཀྱི་མཐོང་རྒྱའི་འོག་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ།
        སྐྱེ་ཁམས་རིག་པ་ནི་རང་བྱུང་ཁམས་ཀྱི་རྩི་ཤིང་སྐྱེ་ཁམས་ལ་ཞིབ་འཇུག་བྱས་པ་ལས་བྱུང་བ་ཡིན། རྗེས་སུ། སྐྱེ་ཁམས་རིག་པའི་རྩ་བའི་རིགས་པ་དེ་རིམ་བཞིན་སྤྱི་ཚོགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ནང་འདྲེན་བྱས་ཏེ། སྤྱི་ཚོགས་སྐྱེ་ཁམས་རིག་པ་བྱུང་། སློབ་གསོ་ནི་སྤྱི་ཚོགས་སྐྱེ་ཁམས་མ་ལག་ནང་གི་ཡན་ལག་ཅིག་ཡིན་པའི་ཆ་ནས། སློབ་གསོའི་སྐྱེ་ཁམས་རིག་པ་བྱུང་བ་ཡིན། སློབ་གསོའི་སྐྱེ་ཁམས་རིག་པས་སྐྱེ་ཁམས་རིག་པའི་རྩ་བའི་རིག་པ་དང་བྱེད་ཐབས་ལ་བརྟེན་ནས། ཟུར་ངེས་ཅན་དང་སློབ་གསོའི་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་དག་བདམས་ཏེ། སློབ་གསོའི་མ་ལག་གི་ཕྱིའི་སྐྱེ་ཁམས་ཁོར་ཡུག་དང་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་སོགས་པ་དེ་དག་གིས་སློབ་གསོའི་སྐྱེ་ཁམས་ཀྱི་གཙོ་གཞི་ཡིན་པའི་སློབ་གསོའི་སྐྱེ་ཁམས་མ་ལག་དང་མ་ལག་དེའི་ནང་དུ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་མི་ལ་ཐེབས་པའི་ཤུགས་རྐྱེན་དེར་རྟོག་ཞིབ་དང་དབྱེ་ཞིབ་བྱེད་པ་རེད། སྐུ་ཞབས་ཧྥན་གོ་རུའེ་ཡིས《སློབ་གསོའི་སྐྱེ་ཁམས་རིག་པ》ཞེས་པའི་དཔེ་ཆ་དེའི་ནང“སློབ་གསོའི་སྐྱེ་ཁམས་ཞིབ་འཇུག་གིས་སློབ་གསོ་ནི་དེའི་རང་བྱུང་དང་སྤྱི་ཚོགས། དཔལ་འབྱོར། ཆབ་སྲིད། རིག་གནས་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འབྲེལ་བ་དམ་ཟབ་ཡོད་པ་དང། དུས་ཚོད་དང་བར་སྟོང་གཉིས་ལས་གྲུབ་པའི་སྒོ་འབྱེད་དང་དངོས་གནས་ཀྱི་སྐྱེ་ཁམས་མ་ལག་ཅིག་ཡིན་པ་དང་། དེ་ནི་སྤྱི་ཚོགས་སྐྱེ་ཁམས་མ་ལག་ཧྲིལ་བོའི་ནང་ལྟོས་བཅས་སུ་རང་རྐྱ་འཕེར་བའི་ཡན་ལག་ཅིག་ཡིན་པར་ངོས་འཛིན་བྱས་ཡོད། སློབ་གསོའི་སྐྱེ་ཁམས་རིག་པས་སློབ་གསོ་དང་རང་བྱུང་གི་སྐྱེ་ཁམས་ཁོར་ཡུག་སྣ་ཚོགས་སམ་སྤྱི་ཚོགས་སྐྱེ་ཁམས་ཁོར་ཡུག ཚད་ལྡན་གྱི་སྐྱེ་ཁམས་ཁོར་ཡུག་བཅས་ཀྱི་རྒྱུ་རྐྱེན་གཙོ་བོའི་བར་གྱི་ཕན་ཚུན་ལ་ཐེབས་པའི་ཤུགས་རྐྱེན་ནམ་ཕན་ཚུན་ལ་ནུས་པ་ཐོན་པའི་འབྲེལ་བར་ཞིབ་འཇུག་བྱེད་པ་དང་། ཁྱད་པར་དུ་སློབ་གསོའི་སྐྱེ་ཁམས་ལ་འབྲེལ་བ་དམ་ཟབ་ལྡན་པའི་སྤྱི་ཚོགས་སྐྱེ་ཁམས་ཀྱི་རྒྱུ་གྲངས་ཏེ། དཔེར་ན་རིག་གནས་དང་མི་གྲངས། ཐོན་ཁུངས་ལ་སོགས་པས་སློབ་གསོའི་སྐྱེ་ཁམས་མ་ལག་ལ་ཐེབས་པའི་ཤུགས་རྐྱེན་ལྟ་བུ་གལ་ཆེ་བའི་སྐོར་དེ་དག་ལ་ཞིབ་འཇུག་བྱེད་དགོས་པ་སྟེ། ཕྲ་མཐོང་སློབ་གསོའི་སྐྱེ་ཁམས་ཐད་ནས་བཤད་ན་དེ་དག་སློབ་གསོའི་སྐྱེ་ཁམས་མ་ལག་རྟེན་གཞི་བྱེད་པའི་སློབ་གྲྭ་རྣམས་སྐྱེ་ཁམས་ཁོར་ཡུག་སྣ་ཚོགས་སུ་ཁྱབ་པའི་རྐྱེན་སྲོལ་དེར་རྟོག་ཞིབ་བྱེད་དགོས་པར་མ་ཟད། སློབ་གསོའི་སྐྱེ་ཁམས་མ་ལག་ནང་ཁུལ་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ་དང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བླང་བྱ་སོ་སོར་ཐེབས་པའི་ཤུགས་རྐྱེན་ལའང་དཔྱད་བསྡུར་བྱེད་དགོས།”སློབ་གསོའི་སྐྱེ་ཁམས་རིག་པ་ནི་སློབ་གསོའི་ཞིབ་འཇུག་གི་མཐོང་ཟུར་གསར་བ་ཞིག་ཡིན་པའི་ཆ་ནས། དེའི་གཞུང་ལུགས་ནི་སློབ་གསོའི་ཕྱོགས་སོ་སོར་ཁྱབ་ཡོད། སློབ་སྔོན་སློབ་གསོ་ནི་སློབ་གསོའི་གྲུབ་ཆ་ཞིག་དང་ལྷག་པར་དུ་མི་ཚེའི་ཐོག་མའི་དུས་རིམ་གྱི་སློབ་གསོ་ཞིག་ཡིན་པའི་ཆ་ནས། སློབ་གསོའི་སྐྱེ་ཁམས་རིག་པའི་གཞུང་ལུགས་ནང་རང་ཤུགས་སུ་འདུས་ཡོད་པས། སློབ་གསོའི་སྐྱེ་ཁམས་རིག་པའི་གཞུང་ལུགས་ཀྱི་མཐོང་ཟུར་དུ་གཏོགས་པ་སྨོས་ཅི་དགོས།
        སློབ་གསོའི་སྐྱེ་ཁམས་རིག་པའི་གཞུང་ལུགས་བཀོལ་ནས་སློབ་སྔོན་སློབ་གསོའི་ཞིབ་འཇུག་དང་ལག་ལེན་ལ་མཛུབ་སྟོན་བྱེད་པར་ང་ཚོར་བླང་བྱ་འདི་དག་བཏོན་ཡོད།
དང་པོ། ཕྲུ་གུའི་རང་སྟེང་གི་ནང་གནས་ཀྱི་སྐྱེ་ཁམས་མ་ལག་དེ་ཁས་ལེན་པ་དང་བརྩི་འཇོག་བྱེད་དགོས། སློབ་གསོ་སྐྱེ་ཁམས་རིག་པས་ཕྲ་མཐོང་གི་ཟུར་ནས་དཔྱད་བསྡུར་བྱེད་པ་ནི་སློབ་གསོའི་སྐྱེ་ཁམས་མ་ལག་གི་གཙོ་གཞི་སྟེ། སློབ་མའི་སྐྱེ་ཁམས་སྒྲིག་གཞིར་འཛིན་དགོས། དེས་ན། སློབ་སྔོན་སློབ་གསོའི་གཙོ་གཞི་ནི་ཕྲུ་གུ་ཡིན། ང་ཚོས་སྔོན་ནས་རིག་སྒྲུབ་བྱས་ཟིན་པ་ལྟར་ཕྲུ་གུ་ནི་ཕ་མར་མངལ་སྦྲུམ་པའི་རྗེས་སུ་སྐྱེ་རྩའི་རྒྱུད་ཀྱི་སྦྲུམ་རྟེན་དུ་སྐྱེ་དངོས་ཀྱི་རྐྱེན་གྲངས་ཁྱབ་ཡོད་པར་མ་ཟད། འདུ་ཤེས་ཀྱི་ནུས་པའི་ཆ་འཕྲིན་རང་བཞིན་གྱི་རྒྱུ་རྐྱེན་ཡང་ཁྱབ་ཡོད། དེ་གཉིས་ཨ་མའི་ལུས་སྟེང་དུ་རང་བྱུང་གིས་འཚར་ལོངས་བྱུང་བའི་གོ་རིམ་དེས། སྐྱེ་དངོས་ཀྱི་རྐྱེན་གྲངས་དེ་ཕྲུ་གུའི་ལུས་ཁམས་ཀྱི་སྣང་ཚུལ་དུ་འཚར་ལོངས་འབྱུང་དུ་བཅུག་པ་མ་ཟད། འདུ་ཤེས་ཀྱི་ནུས་པའི་རྒྱུ་རྐྱེན་དེ་ཆ་འཕྲིན་གྱི་ནུས་ཚད་དུ་བཟུང་ནས། ལུས་ཁམས་འཚར་ལོངས་བྱུང་བར་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བར་བཅུག་པ་དང་། ལུས་ཁམས་འཕེལ་རྒྱས་སུ་འགྲོ་བར་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བར་བཅུག་ཅིང་།“སྔ་མའི་འདུ་ཤེས”དང“བག་ལ་ཉལ་བའི་འདུ་ཤེས”ཡིན་པའི་ཆ་ནས་གནས་པ་དང་འཕེལ་རྒྱས་སུ་འགྲོ་བ་ཡིན། བྱིས་པ་ལོ 6 གི་སྔོན་དུ(སློབ་ཞུགས་སྔོན)ལུས་ཁམས་སྟེང་རྒྱུན་ལྡན་གྱི་མི་ལ་ཚང་བའི་དབང་བོ་སྣ་ཚོགས་ཀྱི་བྱེད་ནུས་འཐུས་ཚང་ཡིན་པའི་མི་ཞིག་ཏུ་འཚར་ལོངས་བྱུང་བ་དང་།(ལྷན་སྐྱེས་ཀྱི་ནད་ཅན་རེ་འགའ་སེལ་བ་ལས་གཞན)འདུ་ཤེས་ཀྱི་ནུས་པའི་སྟེང་དེའི་སྐད་བརྡ་བརྗོད་སྟངས་དང་སྐད་བརྡའི་བསམ་གཞིག འདུ་ཤེས་ཀྱི་འཆར་སྒོ། རིག་སྟོབས་ཀྱི་འཕེལ་རྒྱས་ཚང་མ་ཕ་སྐད་ལ་བརྟེན་ནས་མི་དར་མའི་ཆུ་ཚད་ལ་སླེབས་ཡོད། འདི་ནི་སློབ་གྲྭའི་སློབ་གསོའི་སྔོན་འགྲོ་ཡིན་ཞིང་། ང་ཚོས་སྔོན་དུ་དྲངས་མྱོང་བའི་སློབ་གསོའི་གཞུང་ལུགས་གཙོ་གཞིས་བརྗོད་པའི“སློབ་གསོ་ནི་ཐིག་ལེ་ནས་མགོ་རྩོམ་པ་མིན”ཞེས་པ་དེ་ཡིན། འོ་ན་སློབ་གསོ་ནི་ཅི་ཞིག་ལ་ཐིག་ལེ་ནས་མགོ་རྩོམ་པ་མིན་ཞེ་ན། དེ་ནི་སློབ་མ་རང་ཉིད་ལ་ཕ་སྐད་ཀྱི་སྐད་བརྡའི་ནུས་པ་དང་ཕ་སྐད་ཀྱི་སྐད་བརྡའི་མ་ལག་འཐུས་ཚང་ཞིག་འཛོམས་ཡོད་པས་དང་། ཕ་སྐད་ཀྱི་རིག་སྟོབས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བའི་མ་ལག་ཐམས་ཅད་འཛོམས་ཡོད་པས་སོ། ། འདི་ནི་སློབ་མ་རེ་རེའི་རང་ཉིད་ཀྱི་ནང་གནས་སྐྱེ་ཁམས་མ་ལག་ཅིག་ཡིན། འདི་ནི་ལོ6གི་རྗེས་ཀྱི་སློབ་གྲྭའི་སློབ་གསོའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་མ་ཟད། དེ་མཚུངས་སུ་ལོ6གི་སྔོན་གྱི་ལོ་གཅིག་གི་སློབ་སྔོན་སློབ་གསོ(ལོ5)དང་ལོ་གཉིས་ཀྱི་སློབ་སྔོན་སློབ་གསོ(ལོ4)ལོ་གསུམ་གྱི་སློབ་སྔོན་སློབ་གསོ(ལོ3)བཅས་ཀྱི་རྐང་འཛུགས་ས་གཙོ་བོ་ཡང་ཡིན།
        གཉིས་པ། ཕྲུ་གུའི་འདུ་ཤེས་དང་རིག་སྟོབས་འཕེལ་རྒྱས་ཀྱི་རང་མི་རིགས་ཀྱི་སྤྱི་ཚོགས་རིག་གནས་ཁོར་ཡུག་གི་ཕྱི་རོལ་ཡུལ་གྱི་དངོས་ཡོད་དེ་ཁས་ལེན་པ་དང་བརྩི་འཇོག་བྱེད་པ།
        རིག་གནས་སྐྱེ་ཁམས་ནི་སློབ་གསོའི་སྐྱེ་ཁམས་ཀྱི་སྤྱི་ཚོགས་སྐྱེ་ཁམས་ཁོར་ཡུག་ནང་གི་གཅིག་ཡིན་པ་དང་། སློབ་གསོའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་ཞིག་ཀྱང་ཡིན་པའི་ཆ་ནས། སློབ་གསོའི་སྐྱེ་ཁམས་དང་འབྲེལ་བ་དམ་ཟབ་ཡོད། སྐུ་ཞབས་ཧྥན་གོ་རུའེ་ཡིས་འཇར་མན་གྱི་མཁས་པ་ལཱ་ཚའེ་ཨེར(Ratzel,F,1844—1904)གྱི་མི་རིགས་ཀྱི་ས་ཁམས་ཁྱབ་སྟངས་དང་རིག་གནས་འཕེལ་རྒྱས་སྐོར་གྱི་ལྗོངས་རིས་བཤད་ནས“ཁོས་བལྟས་ན། རང་བྱུང་ཁོར་ཡུག་གིས་མི་རིགས་ཤིག་གི་ནང་ཁུལ་གྱི་འཚོ་བ་དང་རིག་གནས་ཀྱི་གྲུབ་ཚུལ། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ཀྱི་ངོ་བོ་བཅས་ཚང་མར་ཤུགས་རྐྱེན་ཐེབས་པ་རེད། མི་རིགས་གཅིག་པའི་མི་རྣམས་ལ་ཐུན་མོང་གི་བསམ་པའི་ངོ་བོ་དང་ཁྱད་དུ་ཡོད་པའི་སྤྱོད་སྟངས་དང་བསམ་གཞིག་བྱེད་སྟངས། ཁྱད་དུ་ཡོད་པའི་རིན་ཐང་གི་འདུ་ཤེས་སོགས་ལྡན། དེ་ཚིག་གཞན་ཞིག་ནས་བཤད་ན། ས་ཁོངས་མི་གཅིག་པར་འཚོ་བའི་མི་རིགས་མི་གཅིག་པ་ལ་མི་མཐུན་པའི་རིག་གནས་ཡོད། དེ་དག་ཚང་མས་མི་རིགས་སློབ་གསོའི་ནང་དོན་དང་བྱེད་ཐབས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། སྤྱི་ཚོགས་སྐྱེ་ཁམས་རིག་པ་དང་མིའི་རིགས་སྐྱེ་ཁམས་རིག་པས་མི་རིགས་གནད་དོན་ལ་ཞིབ་འཇུག་བྱེད་སྐབས་མང་ཆེ་བས་གྲངས་ཉུང་མི་རིགས་དེ་ཞིབ་འཇུག་བྱ་ཡུལ་དུ་བདམས་མོད། འོན་ཀྱང་སློབ་གསོ་རིག་པའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སློབ་གསོའི་གནད་དོན་ལ་ཞིབ་འཇུག་བྱེད་པ་ལྟོས་བཅས་སུ་དཀོན་པ་རེད། སློབ་གསོ་སྐྱེ་ཁམས་རིག་པའི་ཞིབ་འཇུག་གིས་མི་རིགས་མི་གཅིག་པའི་རིག་གནས་དང་སློབ་གསོའི་ཁྱད་པར་དེ་མཚོན་གང་ཐུབ་བྱེད་པ་ནང་བཞིན་གྲངས་ཉུང་མི་རིགས་མི་གཅིག་པའི་སློབ་གསོའི་ཁྱད་ཆོས་དེ་ཡང་མཚོན་པར་བྱེད་དགོས།”ཞེས་བཤད། ལུང་ཚིག་ཚན་པ་འདིས་དོན་དངོས་སུ་ངའི་བརྗོད་དོན་གསལ་བཤད་བྱས་ཟིན། བོད་ཁུལ་གྱི་སློབ་གསོ་དང་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་ལ་མཚོན་ན། ངེས་པར་དུ་ཐོག་མར་སློབ་གསོ་གཏོང་ཡུལ་དང་། བོད་རིགས་སློབ་མ་དང་བོད་རིགས་བྱིས་པས་གྲུབ་པའི“མི་རིགས་གཞན་པའི་རིག་གནས་དང་མི་མཚུངས་པའི་ཁྱད་པར་ཅན་གྱི་རིག་གནས”ཏེ་བོད་ཀྱི་རིག་གནས་སྐྱེ་ཁམས་ཁོར་ཡུག་གི་ཕྱི་རོལ་ཡུལ་གྱི་ནུས་པ་དང་། སློབ་གསོ་ལག་བསྟར་བྱེད་པའི་ཕྱི་རོལ་ཡུལ་གྱི་རྨང་གཞི་དེ་ཁས་ལེན་པ་དང་བརྩི་འཇོག་བྱེད་དགོས།
        གོང་གི་གནད་འདི་གཉིས་ལས། སློབ་གསོ་སྐྱེ་ཁམས་རིག་པའི་ཐད་ནས་ང་ཚོས་གོང་ནས་རིག་སྒྲུབ་བྱས་ཟིན་པའི་བྱིས་པའི་འདུ་ཤེས་དང་བསམ་གཞིག སྐད་བརྡ། རིག་སྟོབས་གྲུབ་པ། འཕེལ་རྒྱས་བཅས་ཀྱི་ནང་རྐྱེན་དང་ཕྱི་རྐྱེན། ཕྱི་ནང་རྒྱུ་རྐྱེན་གྱི་འབྲེལ་བའི་སྐོར་ལ་ངེས་ཐག་ཆོད་ཡོད།
(གསུམ)སློབ་གསོའི་ས་ཁོངས་སྐུལ་འདེད་གཞུང་ལུགས་ཀྱི་མཐོང་རྒྱའི་འོག་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ།
        སློབ་གསོའི་ས་ཁོངས་སྐུལ་འདེད་གཞུང་ལུགས་ནི། ས་ཁོངས་ལྟར་དབྱེ་ཞིབ་བྱེད་པའི་ས་ཁོངས་ཚན་རིག་གཞུང་ལུགས་དང་ཐབས་ཤེས་ཏེ། སློབ་གསོ་ཞིབ་འཇུག་དང་སློབ་གསོའི་འཕེལ་རྒྱས་ཇུས་གཅོད་དང་ཟུང་དུ་འབྲེལ་བའི་སློབ་གསོའི་གཞུང་ལུགས་ཤིག་ཡིན། སློབ་གསོའི་གཞུང་ལུགས་འདིས། ཆེད་བཙུགས་ས་ཁོངས་ཀྱི་ས་རྒྱུས་སྐྱེ་ཁམས་ཁོར་ཡུག་འོག་གི་མི་རིགས(སྡོད་དམངས)དང་སྐད་བརྡ། རིག་གནས། དད་མོས། ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས། བསམ་གཞིག་བྱེད་སྟངས། སྤྱོད་ཚུལ་བཅས་ཕྱོགས་མང་པོའི་འདྲ་མཚུངས་རང་བཞིན(རིགས་འདྲ་རང་བཞིན)གྱི་ཁྱད་ཆོས་ལྟར། དེ་ས་ཁོངས་དེའི་སློབ་གསོ་ཞིབ་འཇུག་དང་ཇུས་གཅོད་ཀྱི་གཞི་རྩའི་རྟེན་གཞིར་བཟུང་ནས། ས་ཁོངས་དེའི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་སློབ་གསོའི་སྲིད་ཇུས་གཏན་འབེབས་བྱས་ཏེ། ས་ཁོངས་དེའི་ཕྱི་རོལ་ཡུལ་གྱི་དོན་དངོས་དང་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་སློབ་གསོ་འཕེལ་རྒྱས་ཀྱི་དཔེ་དབྱིབས་ལག་བསྟར་བྱེད་དགོས། བོད་ཁུལ་གྱི་ས་ཁོངས་དེ་མཚོ་བོད་མཐོ་སྒང་གི་ས་ཁམས་ཁོར་ཡུག་དང་སྐྱེ་ཁམས་མ་ལག་དེ་བར་སྟོང་གི་དོན་སྤྱི་ཡིན་པ་དང། བར་སྟོང་འདིའི་ནང་དུ། བོད་མི་རིགས་ནི་གཙོ་གཞིའི་མི་རིགས་ཡིན་ཞིང་། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་འཕེལ་རྒྱས་ནང་ཐུན་མོང་གི་སྐད་བརྡ་དང་ཐུན་མོང་གི་ཡི་གེ ཐུན་མོང་གི་རིག་གནས་ཡུལ་སྲོལ། ཐུན་མོང་གི་དད་མོས། ཐུན་མོང་གི་འཚོ་བ་རོལ་སྟངས་གྲུབ་ཡོད་ཅིང། དེར་མ་ཟད་ཐུན་མོང་རང་བཞིན་འདི་དག་གིས་གྲུབ་པའི་བསམ་གཞིག་བྱེད་སྟངས་དང་སྤྱོད་ཚུལ་གྱིས་བོད་མིའི་ཐུན་མོང་གི་རང་གཤིས་ཁྱད་ཆོས་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ། ཚེ་སྲོག་ལྟ་ཚུལ། སྐྱེ་ཁམས་ལྟ་ཚུལ་སོགས་ཐག་བཅད་ཡོད། དེས་ན། བོད་ཁུལ་གྱི་ཕྲུ་གུ་ནི་འདི་ལྟ་བུའི་རང་བྱུང་སྐྱེ་ཁམས་དང་རིག་གནས་སྐྱེ་ཁམས་ནང་ཆེས་གཞི་རྩའི་རྒྱུད་རྒྱུ་ཆགས་ནས་མི་རབས་ནས་མི་རབས་སུ་བརྒྱུད་པས་དམིགས་བསལ་གྱི་ལོ་རྒྱུས་ཀྱི་གཙོ་གཞི་འདི་གྲུབ་པ་ཡིན། དེའི་ཕྱིར། བོད་ཁུལ་གྱི་སློབ་སྔོན་སློབ་གསོ་ནི་ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན། ཕྱི་རོལ་ཡུལ་གྱི་རྨང་གཞི་འདི་ལྟ་བུར་བརྟེན་ནས་སློབ་སྔོན་སློབ་གསོ་ལག་བསྟར་བྱེད་དགོས་པ་མ་ཟད། ཐུན་མོང་གི་ས་ཁོངས་འདིའི་ནང་དུ་ཐུན་མོང་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཀྱི་འདུ་ཤེས་ཆགས་དགོས་པ་དང་། ཐུན་མོང་གི་ཕ་སྐད་བེད་སྤྱོད་ཅིང། ཐུན་མོང་གི་རིག་སྟོབས་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས།
(བཞི)སློབ་གསོ་སྤྱི་ཚོགས་རིག་པའི་མཐོང་རྒྱའི་འོག་གི་བོད་ཁུལ་གྱི་སློབ་སྔོན་སློབ་གསོ།
        སློབ་གསོ་མྱོང་བའི་གོ་སྐབས་འདྲ་མཉམ་སྐོར་གྱི་གནད་དོན་དེ་ནི་སློབ་གསོ་སྤྱི་ཚོགས་རིག་པའི་གཞུང་ལུགས་མ་ལག་ཁྲོད་ཀྱི་ནང་དོན་གལ་ཆེན་ནང་གི་གཅིག་ཡིན། སློབ་གསོ་མྱོང་བའི་གོ་སྐབས་འདྲ་མཉམ་གྱི་གནད་དོན་འདི་ནི་སྤྱི་ཚོགས་འདྲ་མཉམ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཡུན་རིང་གི་དམིགས་ཡུལ་ཡིན་པར་མ་ཟད། ཆེས་གལ་ཆེ་བ་ནི་དེ་ཉིད་ནི་སློབ་གསོ་འདྲ་མཉམ་གྱི་ཐད་ཀའི་དམིགས་ཡུལ་ཡང་ཡིན་པ་རེད། སློབ་གསོ་སྤྱི་ཚོགས་རིག་པའི་གཞུང་ལུགས་ཐད་ནས་བལྟས་ན། སློབ་གསོ་འདྲ་མཉམ་དུ་མྱོང་བའི་གནད་དོན་དེའི་ནང་དུ་སློབ་གསོ་མྱོང་བའི་ཐོག་མའི་དུས་རིམ་གྱི་གོ་སྐབས་འདྲ་མཉམ་དང་སློབ་གསོའི་འཕེལ་རིམ་ཁྲོད་ཀྱི་སྦྱངས་འབྲས་དཔྱད་འཇོག་བྱེད་པའི་ཚད་གཞིའི་སྟེང་གི་འདྲ་མཉམ། སློབ་གསོའི་འབྲས་བུས་སློབ་གསོ་མྱོང་མཁན་ལ་མཁོ་སྤྲོད་གནང་བའི་ཤེས་བྱ་དང་ནུས་པ། སློབ་གསོ་གཏོང་མཁན་ལ་མཁོ་སྤྲོད་གནང་བའི་སྤྱི་ཚོགས་ལས་ཞུགས་གོ་སྐབས་ཀྱི་འདྲ་མཉམ་གནད་དོན་སོགས་འདུས་ཡོད། དེས་ན་སློབ་གསོ་མྱོང་བའི་གོ་སྐབས་འདྲ་མཉམ་གྱི་གནད་དོན་དེས་སློབ་གསོའི་གོ་རིམ་ཡོངས་སུ་ཁེབས་ཡོད་པ་ཤེས་ཐུབ།
        སློབ་གསོ་མྱོང་མཁན་གྱི་ཁྱིམ་ཚང་གི་རྒྱབ་ལྗོངས་དང་། སྐད་བརྡའི་བསམ་གཞིག རིག་གནས་ཁོར་ཡུག སྤྱི་ཚོགས་གོ་གནས་སོགས་ལ་ཁྱད་པར་ཡོད་པའི་དབང་གིས། སློབ་གསོ་མྱོང་བའི་གོ་སྐབས་འདྲ་མཉམ་གྱི་གནད་དོན་དེ་ཡང་ཧ་ཅང་རྙོག་འཛིང་ཆེ། མི་རིགས་སྣ་མང་དང་རིག་གནས་རྒྱུ་མང་གི་རྒྱལ་ཁབ་ཅིག་ཏུ། མི་རིགས་སོ་སོའི་སློབ་མ་རྣམས་འདྲ་མཚུངས་ཀྱི་སློབ་གྲྭར་ཞུགས་ནས། འདྲ་མཚུངས་ཀྱི་སློབ་གསོའི་ཆ་རྐྱེན་ལོངས་སུ་སྤྱོད་པ་དང་། འདྲ་མཚུངས་ཀྱི་སློབ་གཞི་སྤྱོད་པ། འདྲ་མཚུངས་ཀྱི་སློབ་ཁྲིད་སྐད་བརྡ་སྤྱོད་པ། སློབ་མའི་སྦྱངས་འབྲས་ཚད་འཇལ་བྱེད་པའི་དཔྱད་བསྡུར་གྱི་ཚད་གཞི་ཡང་འདྲ་མཚུངས་སུ་ལག་བསྟར་བྱེད་པ་བཅས་མངོན་འགྱུར་བྱས་ཚེ། སློབ་གསོ་མྱོང་བའི་གོ་སྐབས་འདྲ་མཉམ་དེ་མངོན་འགྱུར་བྱས་པ་ཡིན་ནམ་ཞེ་ན། དེ་ནི་ག་ལ་ཡིན། རྒྱུ་མཚན་ནི“གྲངས་ཉུང་མི་རིགས་ཀྱི་སློབ་མར”མཚོན་ན། སློབ་ཁྲིད་ཀྱི་སྐད་བརྡ་དང་སློབ་གཞིའི་ཡི་གེ དགེ་རྒན་གྱི་སློབ་ཁྲིད་སྐད་བརྡའི་གཏན་ཚིགས་ཀྱི་སྒྲིག་གཞི་སོགས་ཚང་མ་རང་གི་ཕ་སྐད་དང་མི་གཅིག་ཅིང་། རང་གི་ཕ་སྐད་ལ་བརྟེན་ནས་གྲུབ་པའི་བློ་རིག་གི་སྒྲིག་གཞི་དང་སྐད་བརྡའི་བསམ་གཞིག་གི་གཏན་ཚིགས་ཀྱི་སྒྲིག་གཞི་དང་གཅིག་མཐུན་མིན་པས་སོ།། དེའི་ཕྱིར།“གཙོ་རྒྱུགས་མི་རིགས”ཞེས་པའི་སློབ་མ་དང་མཉམ་དུ་སློབ་ཁང་གཅིག་ཏུ་བསྡད་ནས་དགེ་རྒན་གཅིག་གི་སློབ་ཁྲིད་ལ་ཉན་རུང་། སློབ་ཁྲིད་ཆ་འཕྲིན་སྡུད་ལེན་བྱེད་ཚད་མི་གཅིག་པ་རེད།“གཙོ་རྒྱུགས་མི་རིགས”ཞེས་པའི་སློབ་མའི་སྐད་བརྡའི་སྟེང་དེའི་སློབ་དེབ་སྐད་བརྡ་དང་སློབ་ཁྲིད་སྐད་བརྡ། དགེ་རྒན་གྱི་བསམ་གཞིག་གཏན་ཚིགས་སོགས་ཚང་མ་རང་གི་ཕ་སྐད་ཡིན་ལ། རང་གི་ཕ་སྐད་ལས་གྲུབ་པའི་བསམ་གཞིག་གཏན་ཚིགས་ཀྱི་སྒྲིག་གཞི་དང་གཅིག་མཐུན་ཡིན་པས། དུས་ནམ་དང་སྐབས་གང་དུ་ཡང་གོ་སྐབས་ལེགས་པོ་ལྡན་པ་རེད། དེའི་ཕྱིར། འདི་ན“གྲངས་ཉུང་མི་རིགས”སློབ་མར་མཚོན་ན། སློབ་གསོ་མྱོང་བའི་གོ་སྐབས་དེ་དོན་དངོས་སྟེང་འདྲ་མཉམ་མིན་པ་དེ་རེད།

        དེས་ན། སློབ་གསོ་འདྲ་མཉམ་ངང་མྱོང་བའི་གནད་དོན་དེ་སློབ་གསོ་མྱོང་བའི་ཐོག་མའི་དུས་རིམ་མམ་ཡང་ན་མགོ་འཛུགས་སའི་གནད་དོན་དང་འབྲེལ་བ་ཡོད་པས། དེ་ནི་སློབ་སྔོན་སློབ་གསོའི་གནད་དོན་དང་འབྲེལ་བ་ཡོད་དེ། དཔེར་ན་མི་རིགས་མི་གཅིག་པའི་ཕྲུ་གུའི་སློབ་སྔོན་སློབ་གསོས་ང་ཚོས་ཁག་དང་པོ་དང་ཁག་གཉིས་པའི་ནང་རིག་སྒྲུབ་བྱས་པའི་ཕྲུ་གུའི་སྐད་བརྡ་དང་བསམ་གཞིག འདུ་ཤེས། རིག་སྟོབས་ཆགས་འཕེལ་བཅས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དེར་ཡང་དག་པར་བརྩི་སྲུང་བྱས་ཚེ། སློབ་གསོ་མྱོང་མགོ་རྩོམ་སའི་སྟེང་འདྲ་མཉམ་མངོན་འགྱུར་བྱས་པ་ཡིན། གལ་ཏེ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་འདི་དང་རྒྱབ་འགལ་བྱས་ཚེ། སློབ་གསོ་མྱོང་བའི་གོ་རིམ་ནང་གི་མགོ་རྩོམ་ས་དེ་འདྲ་མཉམ་མིན་པར་བྱས་པ་ཡིན། །


王道俊.《主体教育研究丛书》序言,《游戏活动与儿童教育》[M].北京:人民教育出版社,2012.4.第一版 P2 P3 P4.
范国睿著.《教育生态学》[M].北京:人民教育出版社2000.7.第一版, P3.
范国睿著.《教育生态学》[M].北京:人民教育出版社,2000.7.第一版 P28.
范国睿著.《教育生态学》[M].北京:人民教育出版社,2000.7.第一版 P47.

(མུ་འགོད)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1