ཀན་ལྷོའི་སྐད་གཉིས་སློབ་གསོ་གླེང་བ་དཔྱོད་ལྡན་ དགྱེས་པའི་འཛུམ་ཟེར།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་། སངས་རྒྱས་བཀྲ་ཤིས། བཀྲ་ཤིས་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-07


[གནད་བཏུས] རྩོམ་འདིར་ཀན་ལྷོའི་སྣོད་བཅུད་ཀྱི་ཆགས་ཚུལ་དང་། སྐད་གཉིས་སློབ་གསོའི་བྱུང་བ་རགས་བསྡུས་ཙམ་བརྗོད་དེ། སྐད་གཉིས་སློབ་གསོའི་གནས་བབ་དང་འཕེལ་རྒྱས་སུ་སོང་ཚུལ། དེས་ཀན་ལྷོའི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་ལ་ཐོན་པའི་དགེ་མཚན་སོགས་བརྗོད་པ་དང་། སྐད་གཉིས་སློབ་གསོ་དེ་ཡུན་ནས་ཡུན་དུ་དར་རྒྱས་གོང་འཕེལ་དུ་འགྲོ་དགོས་ན། རང་ལྟ་མཆོག་འཛིན་དང་། མ་ཤེས་རྨོངས་ཚོད་ཀྱིས་ཧོལ་རྒྱུགས་མི་བྱ་བར། འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་སློབ་གསོ་ལ་སློབ་སྦྱོང་དང་བརྟག་དཔྱད་སྒོས་ས་གནས་དང་མི་རིགས་ལ་ཕན་པའི་སྐད་གཉིས་སློབ་གསོ་བསྒྲུབ་རྒྱུ་ནི་གནད་དམ་པ་ཡིན་ཚུལ་བརྗོད་ཡོད། །
[གནད་ཚིག] ཀན་ལྷོ། སྐད་གཉིས་སློབ་གསོ། གནས་བབ། འཕེལ་རྒྱས།
དང་པོ། ཀན་ལྷོའི་སྣོད་བཅུད་དང་སྐད་གཉིས་སློབ་གསོའི་བྱུང་བ།
        ཀན་ལྷོ་ནི་ཀན་སུའུ་དང་། མཚོ་སྔོན་དང་། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འདྲེས་མཚམས་སུ་ཡོད་ཅིང་། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༤.༥ཡོད་པ་དང་། དེས་ཀན་སུའུ་ཞིང་ཆེན་གྱི་མི་རིགས་གྲངས་ཉུང་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི༢༦%ཟིན་པ་དང་། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱིས་སྨི༣༠༠༠ལྷག་དང་། ལོ་ཧྲིལ་བོའི་དྲོད་གྲང་གི་ཚད་ཆ་སྙོམས་ཀྱིས༡.༧Cདང་། ས་ཁྱོན་ཆེ་ཞིང་གནམ་གཤིས་འཁྱགས་པ་དང་། རང་བྱུང་གི་ཆ་རྐྱེན་ཞན་ཞིང་། ཞིང་འབྲོག་དམངས་ཚོགས་ཁ་ཐོར་དུ་གནས་པས། བརྡ་འཕྲིན་དང་འགྲིམ་འགྲུལ་སྟབས་བདེ་མིན་པ་དང་། མངའ་ཁོངས་སུ་བསང་ཆུ་དང་། རྨ་ཆུ་དང་། ཀླུ་ཆུ་དང་། ཅོ་ནེ་དང་། ཐེ་བོ་དང་། བ་མཚེས་དང། འབྲུག་ཆུ་བཅས་རྫོང༧དང་། གཙོས་གྲོང་ཁྱེར་ལ་ཞང་དང་གྲོང་བརྡལ༩༩ཡོད་ལ། དེའི་ནང་དུ་བོད་དང། རྒྱ་དང་། ཧོར་དང་། སོག་པོ་དང་། ཧོས་རིགས་བཅས་མི་རིགས༢༤ཡོད། མི་གྲངས་ཁྲི༦༨.༠༣དང་། དེའི་ནང་བོད་རིགས་ཁྲི༣༧.༨༥ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི ༥༥.༦%ཟིན་པ་དང་། ཞིང་འབྲོག་ལས་ཀྱི་མི་གྲངས་ཁྲི་༥༤.༥༦དང་། དེས་སྤྱིའི་མི་གྲངས་ཀྱི ༨༠.༢%ཟིན་ཡོད།
        ༡༩༥༣ལོའི་ཟླ༡༠བའི་ཚེས༡ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དངོས་སུ་བཙུགས། ཀན་ལྷོ་ཁུལ་ནི་བོད་རིགས་གཙོ་བྱས་པའི་མི་རིགས་སྣ་མང་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་པས། རང་སྐྱོང་ཁུལ་མ་བཙུགས་པའི་ཡར་སྔོན་ནས་སྤྱིར་བཏང་གི་སློབ་གསོ་དང་སྐད་གཉིས་སློབ་གསོའི་མྱུ་གུ་འབུས་མགོ་བརྩམས་ཡོད།
        ༡༩༢༧ལོའི་ཟླ༡༡པའི་ཚེས༨ཉིན། བླ་བྲང་བོད་དམངས་རིག་གནས་ཡར་སྐུལ་ཚོགས་པས་བླ་བྲང་བོད་དམངས་སློབ་ཆུང་བཙུགས། ༡༩༤༩ལོར་སློབ་གྲྭ་དེར་འཛིན་གྲྭ༥དང་། དགེ་རྒན༤དང་། སློབ་མ༤༢ཡོད། ༡༩༩༠ལོར་སློབ་གྲྭ་དེ་གར་འཛིན་གྲྭ༡༢དང་། སློབ་ཡུན་ལོ༦བྱས་ཡོད། དགེ་བཟོ་པ༤༠དང་། སློབ་མ༥༡༠ཡོད། སློབ་གྲྭ་འདི་ནི་ཞིང་ཆེན་དང་། ཁུལ་དང་། རྫོང་བཅས་ཀྱི་དཀྱིལ་སྙིང་སློབ་ཆུང་ཞིག་ཡིན། སྔ་གཞུག་ཏུ་བོད་རིགས་ཤེས་ལྡན་མི་སྣ་སྟོང་ཕྲག་དུ་མ་གསོ་སྐྱོང་བྱས།
        ༡༩༥༨ལོར། རྨ་ཆུ་རྫོང་སྨད་མ་སློབ་ཆུང་བཙུགས་པ་དང་། ༡༩༧༩ལོའི་དཔྱིད་ཀར་བཅའ་སྡོད་སློབ་གྲྭར་བསྒྱུར། ༡༩༨༧ལོར། སློབ་མ༢༥༣ཡོད་པ་དང་། དགེ་རྒན༤༠ཡོད། དེའི་ནང་གཞུང་སྒྲུབ་དགེ་རྒན༡༠དང། དམངས་སྒྲུབ་དགེ་རྒན༡༠ཡོད། གཞན་ད་དུང་ཕྱུགས་རྫི་དང་། འོ་མ་བཞོ་མཁན་དང་། ཇ་མ་བཅས་ལས་བཟོ་པ༨ཡོད། སློབ་གྲྭར་འཛིན་གྲྭ༧ཡོད་པ་དང་། འཁྲིད་བྱའི་ནང་དོན་ལ་སྐད་ཡིག་དང་། རྩིས་རིག(བོད་སྐད་ཀྱིས་ཁྲིད་པ།“藏数学”)རྒྱའི་སྐད་ཡིག བསམ་བློ་ཀུན་སྤྱོད། ལུས་རྩལ། རོལ་དབྱངས་དང་མཛེས་རིས་སོགས་བསླབ་ཚན༧ཡོད། སློབ་གྲྭར་ད་དུང་ན་གཞོན་བཟོ་ལས་སྦྱོང་མཁན་དང་ཡིག་རྨོངས་འཛིན་གྲྭ་གཅིག་ཡོད་པ་དང་། འཛིན་གྲྭ་དེར་སློབ་མ༢༢ཡོད། སློབ་གྲྭ་དེ་མཚོ་ངོས་ལས་སྨི༣༣༠༠ལྷག་གི་ཁྲོ་ཁོ་རྩྭ་ཐང་དུ་བཙུགས་ཡོད་ལ། སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༡༥༠༠༠ལྷག་ཡོད་པ་དང་། སྨད་མ་ཞང་སྲིད་གཞུང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཚད་མེད་གནང་བ་མ་ཟད། ས་གནས་ཀྱི་སྤྲུལ་སྐུ་སྐལ་བཟང་འཕྲིན་ལས་ལགས་སློབ་གྲྭའི་མཚན་འཛིན་སློབ་དཔོན་དུ་བསྐོས་པ་སོགས་ཐབས་མཁས་ཀྱི་སྒོ་ནས་སློབ་གྲྭའི་བྱ་བར་དངོས་ཤུགས་ཅི་རིགས་ནས་གསོ་སྐྱོང་བྱས་པས། བྱིས་པ་སློབ་གྲྭར་འགྲོ་ཚད་དང་། སྦྱངས་འབྲས་སོགས་ཚད་ལྡན་དུ་གྱུར་ཡོད།
        ཀླུ་ཆུ་ལྷ་མོ་ཞང་གི་སྒར་རྙིང་སློབ་ཆུང༡༩༥༨ལོར་བཙུགས། འབྲོག་པ་མང་ཚོགས་ཁ་ཐོར་དུ་གནས་པ་དང་། སློབ་མ་སྤོ་འགུལ་ཧ་ཅང་མང་པ་སོགས་ཀྱིས་ལོ་མང་པོའི་རིང་ལ་སློབ་ཆུང་མཐར་ཕྱིན་པའི་སློབ་མ་ཚད་ལྡན་གཅིག་ཀྱང་གསོ་སྐྱོང་བྱེད་མ་ཐུབ། ༡༩༨༦ལོར་སྦྲ་གུར་སློབ་ཆུང་ཚོད་ལྟའི་ངང་བསྒྲུབས། 《ཚོད་ལྟའི་ངང་སྒྲུབ་པའི་སྦྲ་གུར་སློབ་ཆུང་གི་ལག་བསྟར་བཅའ་ཡིག》ནང་དུ། ལོ་རེའི་ཟླ༢པའི་ཚེས༡༥ཉིན་ནས་ཟླ༦པའི་ཚེས༩དང་། ཟླ༡༠བའི་ཚེས༡༠ཉིན་ནས་ལོ་རྗེས་མའི་ཟླ༡པའི་ཚེས༡༥བར་གནས་གཅིག་ཏུ་བསྡུས་ནས་སློབ་ཁྲིད་བྱེད་པ་དང་། ལོ་རེའི་ཟླ༦པའི་ཚེས༡༥ཉིན་ནས་ཟླ༧པའི་ཚེས༡༥དང་། ཟླ༩བའི་ཚེས༡༥ཉིན་ནས་ཟླ༡༠བའི་ཚེས༩ཉིན་བར་སྦྲ་གུར་དུ་གཅིག་གྱུར་གྱིས་དཔེ་ཁྲིད་དང་བསྐྱར་སྦྱོང་གི་དུས་ཚོད་དུ་བཅོས་པ་དང་། ལོ་ཧྲིལ་བོར་ངལ་གསོའི་གནང་བ་ཉིན༧༠ཡོད། འབྲོག་པའི་དབྱར་དགུན་སྟོན་དཔྱིད་ཀྱི་རྩྭ་ཆུའི་རྣམ་པར་བརྟེན་ནས་རུ་སྤོ་བའི་ཆོས་ཉིད་ལ་གཞིགས་ཏེ་དགུན་དཔྱིད་ལ་གནས་གཅིག་ཏུ་གཏན་འཇགས་ཀྱིས་སློབ་ཁྲིད་བྱེད་པ་དང་། དབྱར་སྟོན་ལ་འབྲོག་པའི་རུ་པའི་རྗེས་སུ་སྦྲ་གུར་སློབ་ཆུང་བསྙེགས་པས། དམངས་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད། སློབ་གྲྭར་ཞུགས་ཚད་ཀྱང་ལྡབ་འགྱུར་གྱིས་ཇེ་མཐོར་ཕྱིན། ༡༩༩༠ལོའི་ལོ་མཇུག་ཏུ་སློབ་གྲྭར་འཛིན་གྲྭ༣དང་། སློབ་མ་བསྡོམས་པས༢༩ཡོད། བོད་རིགས་དགེ་རྒན༢བཅས་ཡོད།
བསང་ཆུ་རྫོང་ཁོ་ཚེ་བཅའ་སྡོད་སློབ་ཆུང༡༩༥༨ལོ་ནས་སྒྲུབ་མགོ་ཚུགས། ༡༩༨༠ལོའི་བར་སློབ་ཆུང་མཐར་ཕྱིན་པའི་སློབ་མ་གཅིག་ཀྱང་སྐྱེད་སྲིང་བྱེད་མ་ཐུབ། ༡༩༨༡ལོར་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས་འབྲོག་པའི་རུ་སྤོ་བའི་རྣམ་པར་བརྟེན་ནས་སློབ་མའི་སྤོ་འགུལ་ཆེ་བའི་དོན་དངོས་དང་། སློབ་སྒྲུབ་ཀྱི་འབྲས་བུ་ཞན་པ་བཅས་ཀྱི་གནས་ཚུལ་ལ་གཞིགས་ནས་འབྲོག་དམངས་ལ་སྐུལ་སློང་གིས་སློབ་སྒྲུབ་ཀྱི་མ་རྩ་བསྡུས་ཏེ། ཞང་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭ་བཙུགས། དེ་དང་མཉམ་དུ། ཞང་ནང་ཁུལ་གྱི་སློབ་གྲྭའི་ཁྱབ་ཁོངས་སྙོམས་སྒྲིག་བྱས་པས། ཞང་ཧྲིལ་བོའི་སློབ་གྲྭའི་ཁྱབ་ཁོངས་ལྟོས་བཅས་ཀྱིས་གཅིག་གྱུར་བྱུང་། དེའི་རྗེས་ནས་རྫོང་རིམ་པས་མ་དངུལ་བཏང་སྟེ་སློབ་གྲྭ་དེའི་སྡོད་ཁང་རྒྱ་ཆེར་བསྐྱེད་པ་དང་། སློབ་མ་རེར་ཟླ་རེར་སྒོར༤རེས་རོགས་དངུལ་གནང་བས། སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་། སློབ་མའང་ཇེ་མང་དུ་སོང་ནས༡༠༢ལ་སླེབས། ༡༩༨༢ལོར་སློབ་མའི་ཞིང་བདག་འབྲེལ་བ་སློབ་གྲྭར་བཀོད་དེ། སྡོད་དམངས་ཀྱི་ཚད་གཞི་ལྟར་བཟའ་འབྲས་བྱིན་པ་དང་། ཐོན་སྐྱེད་རུ་ཁག་གིས་སློབ་མར་ཐབ་ཆས་མཁོ་སྤྲོད་དང་། ཁྱིམ་བདག་གིས་གོན་པ་དང་། མལ་ཆས་དང་། མར་དང་ལོ་རེར་དགུན་ཤ་ལུག་རེ་སློབ་གྲྭར་བྱིན་པས། སློབ་མ༡༧༠ལྷག་ལ་སླེབས། ༡༩༨༦ལོའི་ལོ་མཇུག་ཏུ། སློབ་གྲྭར་འཛིན་གྲྭ༧ཡོད་པ་དང་། སློབ་མ༢༡༢ཡོད། ༡༩༩༠ལོར་སློབ་གྲྭར་འགྲོ་རན་པའི་བྱིས་པ་སློབ་ཞུགས་ཀྱི་ཚད ༥༤.༩%ཟིན། ༡༩༨༡ལོ་ནས༡༩༨༧ལོའི་བར་ཁྱོན་བསྡོམས་སློབ་མ༩༡སློབ་མཐར་ཕྱིན་པ་དང་། དེའི་ཁྲོད་སློབ་མ༦༣གྱིས་རྫོང་བོད་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད།

        ༡༩༩༠ལོའི་ཀན་ལྷོ་ཁུལ་གྱི་སློབ་ཆུང་གི་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་གནས་ཚུལ།


        རིག་གསར་རྗེས་སུ་ཀན་ལྷོའི་ཡུལ་གྲུ་སོ་སོ་ནས་སྐད་གཉིས་སློབ་གསོའི་བྱ་བ་དེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟ་བུའི་རྣམ་པ་ཤར། ༡༩༨༠ལོར་བསང་ཆུ་རྫོང་གི་བླ་བྲང་བོད་དམངས་སློབ་ཆུང་དེ་སླར་གསོ་བྱས་པ་དང་མཉམ་དུ་ལོ་དེར་བོད་དམངས་སློབ་ཆུང་གི་མངའ་ཁོངས་སུ་བོད་རིགས་དམའ་འབྲིང་འཛིན་གྲྭ་གཉིས་ཁ་སྣོན་བྱས། ཡང་གཅིག་བཤད་ན། དེ་ནི་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཐོག་མའི་རྣམ་པ་ཡིན་ལ། ༡༩༨༡ལོའི་ཟླ༡༠བ་ནས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དངོས་སུ་གསར་འཛུགས་བྱེད་མགོ་བརྩམས། ལོ་དེར་སྡོད་ཁང༣༧བསྐྲུན་པ་དང་། བོད་རིགས་སློབ་ཆུང་དུ་ཡོད་པའི་དམའ་འབྲིང་འཛིན་གྲྭ་གཉིས་ཀ་སློབ་གྲྭ་གསར་བར་གནས་སྤོས། ༡༩༨༢ལོར་སློབ་གྲྭའི་ཚོམས་ཆེན་དང་། ༡༩༨༥ལོར་སློབ་ཁྲིད་ཐོག་ཁང་ཆེན་མོ་གསར་དུ་བསྐྲུན་པ་སོགས་ཀྱི་རླབས་ཆེ་བའི་བྱ་གཞག་རྣམས་གཅིག་རྗེས་གཉིས་མཐུད་དུ་བསྒྲུབས་པས། བསང་ཆུ་རྫོང་བོད་རིགས་བཅའ་སྡོད་ཆ་ཚང་སློབ་འབྲིང་རིམ་གྱིས་འཕེལ་རྒྱས་བྱུང་། ༡༩༨༥ལོ་ནས༡༩༨༧ལོའི་བར་ཁྱོན་བསྡོམས་སློབ་མ༢༣༢སློབ་མཐར་ཕྱིན་པ་དང་། དེའི་ཁྲོད་སློབ་མ༡༠༩མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད། ༡༩༨༧ལོར་སློབ་གྲྭ་དེ་གར་འཛིན་གྲྭ༡༣དང་། དེའི་ནང་མཐོ་འབྲིང་འཛིན་གྲྭ༣དང་། དམའ་རིམ་འཛིན་གྲྭ༡༠དང་། སློབ་གྲྭར་སློབ་མ༥༣༧ཡོད་པ་དང། ཚང་མ་བོད་རིགས་རྐྱང་རྐྱང་ཡིན། དགེ་བཟོ་པ༥༤དང་། བོད་རིགས༢༡ཡོད། བསླབ་གནས་ལ་སྐད་ཡིག་དང་། རྒྱ་ཡིག རྩིས་རིག དངོས་ལུགས། རྫས་འགྱུར། ཆབ་སྲིད། སྐྱེ་ཁམས། ལོ་རྒྱུས། ས་ཁམས་དང་ལུས་རྩལ་སོགས་བཀོད་སྒྲིག་བྱས་ཡོད་ལ། འཁྲིད་གཞི་ཚང་མ་སྐད་གཉིས་ཀྱི་རྣམ་པས་དཔེ་ཁྲིད་བྱེད་བཞིན་ཡོད།
        བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ཚུགས་པ་དང་མཉམ་དུ། ༡༩༨༠ལོར་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་བཙུགས། ༡༩༨༢ལོར་འབྲུག་ཆུ་རྫོང་དུ་བོད་རིགས་སློབ་འབྲིང་ཞིག་དང་། ཀླུ་ཆུ་རྫོང་དུའང་བོད་རིགས་བཅའ་སྡོད་སློབ་འབྲིང་བཙུགས། ༡༩༨༤ལོར་ཅོ་ནེ་དང་ཐེ་བོ་ས་ཆར་བཅའ་སྡོད་སློབ་འབྲིང་རེ་བཙུགས། ༡༩༩༠ལོར་ཀན་ལྷོ་ཁུལ་གཙོས་ས་ཆར་བོད་རིགས་བཅའ་སྡོད་སློབ་འབྲིང་ཞིག་བཅས་ཁུལ་ཡོངས་ཀྱི་ས་ཆ་སོ་སོར་བོད་རིགས་བྱིས་པ་སྐྱེད་སྲིང་བྱེད་པའི་སློབ་འབྲིང་རེ་རེ་བཙུགས།
ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནི་སྤྱི་ལོ༡༩༧༢ལོའི་ཟླ༩ནས་ལས་མགོ་བརྩམས་ཤིང་། ༡༩༧༤ལོའི་ཟླ༡༡པར་གྲུབ་ནས་སློབ་མགོ་བརྩམས། སློབ་གྲྭའི་དམིགས་ཡུལ་ནི། བོད་རིགས་གཞི་རིམ་གྱི་ལས་བྱེད་མི་སྣ་དང་། བོད་རིགས་དགེ་རྒན་དང་ལོ་ཙཱ་པ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། ༡༩༨༠ལོ་ནས། སློབ་གྲྭས“མི་རིགས་དགེ་འོས་སློབ་གྲྭའ ི”རྣམ་པའི་སྟེང་ནས། རོང་འབྲོག་ཕྱོགས་ཀྱི་སློབ་ཆུང་ལ་དམིགས་ནས་བོད་རིགས་སློབ་ཆུང་གི་དགེ་རྒན་སྐྱེད་སྲིང་བྱས། ༡༩༩༠ལོའི་ལོ་མཇུག་ཏུ་དགེ་བཟོ་པ༧༥དང་། དགེ་རྒན་༤༩ཡོད། (མི་རིགས་གྲངས་ཉུང༤༩ལས་བོད་རིགས༤༠ཡོད)
བསླབ་གནས་ལ་སྐད་ཡིག་དང་། རྒྱ་ཡིག རྩིས་རིག དངོས་ལུགས། རྫས་འགྱུར། ལོ་རྒྱུས། ས་ཁམས། སློབ་གསོ་རིག་པ། སེམས་ཁམས་རིག་པ། རོལ་དབྱངས། ལུས་རྩལ་དང་མཛེས་རིས་སོགས་འཁྲིད་གཞི༡༣བཀོད་སྒྲིག་བྱས་ཡོད། སྐད་ཡིག་བསླབ་གཞི་ནི་སྐད་ཡིག་སློབ་དཔྱོད་ཁང་གི་དགེ་རྒན་རྣམ་པས་རྩོམ་སྒྲིག་བྱེད་བཞིན་ཡོད། 《སྙན་ངག་ལ་འཇུག་པའི་ཚུལ་རྒྱ་ཆེར་བཤད་པ་ཚངས་སྲས་བཞད་པའི་སྒྲ་དབྱངས》ཞེས་པའི་སྙན་འགྲེལ་འདི་ཡང་། ༡༩༨༠ལོར་བསེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ཀན་ལྷོ་མི་རིགས་སློབ་གྲྭའི་དགེ་རྒན་དུ་བཞུགས་པའི་སྐབས་སུ་སློབ་གྲྭ་དེ་གའི་དགེ་རྒན་དང་སློབ་མ་རྣམས་ལ་སྙན་ངག་སློབ་ཁྲིད་གནང་སྐབས་བརྩམས་པའི་སློབ་གྲྭ་དེ་གའི་བསླབ་གཞི་ཡིན་པ་སྙན་འགྲེལ་དེའི་མཇུག་བསྡུ་བའི་ནང་གསལ་བོར་གསུངས་ཡོད་དོ། །
        སློབ་གྲྭ་བཙུགས་པ་ནས༡༩༩༠ལོའི་ལོ་མཇུག་བར། ཁྱོན་བསྡོམས་སློབ་མ༡༤༩༧སློབ་མཐར་ཕྱིན་པ་དང། གཞན་ད་དུང་། སློབ་ཆུང་དགེ་རྒན༡༢༨གསོ་སྐྱོང་བྱས་པ་དང་། ༡༩༨༠ལོ་ནས། སློབ་གྲྭ་དེས་རང་ས་གནས་ལ་བོད་རྒྱ་སྐད་གཉིས་དགེ་རྒན་མང་པོ་སྐྱེད་སྲིང་བྱས། མི་རིགས་གྲངས་ཉུང་གི་མཐོ་རིམ་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་ཀྱི་དགེ་རྒན་དཔུང་སྡེ་ཞན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ༡༩༨༤ལོའི་ཟླ༧པའི་ཚེས༣༠ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ཆེན་སྲིད་གཞུང་ལ་གཙོས་གྲོང་བརྡལ་དུ་མི་རིགས་དགེ་འོས་སློབ་གྲྭ་འཛུགས་དགོས་པའི་སྙན་ཞུ་ཕུལ། ༡༩༨༥ལོའི་ཟླ༡པའི་ཚེས༣ཉིན་ཞིང་ཆེན་སྲིད་གཞུང་གིས་གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས་ཆོག་པའི་ཆོག་མཆན་བཀོད། ལོ་དེའི་ཟླ༨པ་ནས་དངོས་སུ་སློབ་མགོ་བརྩམས། སྐབས་དེར་བོད་ཡིག་སྡེ་ཁག་དང་། རྒྱ་ཡིག་སྡེ་ཁག རྩིས་རིག་སྡེ་ཁག་བཅས་ཀྱིས་འཛིན་གྲྭ༡རེ་དང་སློབ་མ་བསྡོམས་པས༡༡༤བསྡུས།

        ༡༩༩༠ལོའི་ཀན་ལྷོ་བོད་རིགས་སློབ་འབྲིང(ལོ་རིམ་བརྒྱད་ཅན་གྱི་ལམ་ལུགས་འདུས)གི་བོད་རྒྱ་སྐད་གཉིས་ཀྱི་སློབ་ཁྲིད་གནས་ཚུལ།

དེ་ལྟར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་ནས་བཟུང་། ཁུལ་ཡོངས་ཀྱི་ས་ཁུལ་སོ་སོར་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྐད་གཉིས་སློབ་གསོ་དེ་གཞི་རིམ་རོང་འབྲོག་གི་སྦྲ་གུར་སློབ་ཆུང་དང་སྡེ་བའི་སློབ་ཆུང་། དེ་ནས་ཞང་གི་བཅའ་སྡོད་སློབ་ཆུང་དང་། རྫོང་རིམ་པའི་བཅའ་སྡོད་ཆ་ཚང་སློབ་འབྲིང་དང་། ཁུལ་རིམ་པའི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་དང་། དགེ་འོས་ཆེད་སྦྱོང་སློབ་གྲྭ་སོགས་གང་ལ་གང་འཚམ་གྱིས་གསར་དུ་བསྐྲུན་པས། རྒྱ་ཆེའི་དམངས་ཚོགས་མ་རིག་པ་རྨོངས་པའི་གཉིད་ལས་དཀྲོགས་ཤིང་འཚོ་བ་གསར་བའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་མགོ་བརྩམས།
གཉིས་པ། ཀན་ལྷོའི་སློབ་གསོའི་གནས་བབ་དང་ད་ལྟའི་འཕེལ་འགྱུར །
        རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་མང་པོའི་ཁྲོད། ཀན་ལྷོའི་སྲིད་འབྱོར་རིག་གསུམ་ལ་གཡོ་འགུལ་དང་ཉམས་ཉེན་ཆེན་པོ་བྱུང་བའི་རྐྱེན་གྱིས་ཀན་ལྷོའི་སྐད་གཉིས་སློབ་གསོའི་རྣམ་པའང་ངེས་གཏན་མིན་པ་དང་། མི་རིགས་སློབ་གསོའི་ལས་དོན་ལ་འཕོ་འགྱུར་བྱུང་བའི་དུས་སྐབས་ཤིག་ཡིན།
        རིག་གསར་རྗེས་སུ་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སྔར་ཡོད་སླར་གསོ་དང་། སྔར་མེད་གསར་འཛུགས་ཀྱི་ལས་གཞིའི་ཚ་རླབས་འཕྱུར། ཁུལ་ཡོངས་ཀྱི་རྫོང་སོ་སོར་སྔ་གཞུག་ཏུ་བོད་རིགས་སློབ་འབྲིང་རིམ་གྱིས་ཚུགས་མོད་ཀྱང་། སྐབས་དེར་བོད་རིགས་ས་ཁུལ་དུ་བྱིས་པ་སློབ་ཞུགས་ཀྱི་ཚད་དམའ་བ་དང་། བསླབ་ཚན་སོ་སོ་འཁྲིད་མཁན་གྱི་སྐད་གཉིས་དགེ་རྒན་གྱི་དཔུང་ཁག་ཧ་ཅང་ཞན་པ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཡོད་པ་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་ངོ་བོ་དང་སྲིད་འཛིན་གྱི་མི་སྣ་ཁ་ཤས་ཀྱིས་རང་སྣང་གང་ཤར་གྱིས་སློབ་གྲྭ་ནས་རྒྱལ་ཁབ་སྤྱི་སྤྱོད་ཀྱི་སྐད་དང་ཡི་གེ་གཙོར་བཟུང་ཞིང་མི་རིགས་སྐད་ཡིག་སྣང་མེད་དུ་བསྐྱུར་ཏེ་མི་རིགས་ས་ཁུལ་དུ་ཡུལ་དུས་དང་མི་འཚམ་པའི་སློབ་གསོ་ཙམ་སྤེལ་ཁུལ་བྱས་པ་དང་། སློབ་གྲྭ་ནས་སློབ་ཁྲིད་ཀྱི་དཔེ་གཞི་ངེས་མེད་དུ་བརྗེ་སྤོར་བྱེད་པའམ་སློབ་གསོའི་ཆོས་ཉིད་དང་མི་མཐུན་པར་གང་འདོད་དུ་སྤྱད་པས། ཀན་ལྷོའི་སློབ་གསོ་སྤྱིའི་འཕེལ་རྒྱས་དང་བྱེ་བྲག་སྐད་གཉིས་སློབ་གསོའི་སྤུས་ཚད་མཐོ་རུ་འདེགས་པའི་གེགས་སུ་སོང་བའི་སྣང་ཚུལ་འདི་དག་གིས། གཅིག་ནས་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་སྲིད་ཇུས་དང་མི་རིགས་ཤིག་གི་རིག་གནས་སྲོལ་རྒྱུན་སྣང་མེད་དུ་བརྩིས་པ་དང་། གཉིས་ནས་མི་རིགས་སློབ་གསོའི་ལས་དོན་དངོས་ལ་འཚོལ་ཞིབ་དང་ཆོས་ཉིད་ལ་བརྩི་འཇོག་མ་བྱས་པ། གསུམ་ནས་མི་རིགས་བཙན་གནོན་དང་གཞན་བསྒྱུར་རིང་ལུགས་ཀྱི་བསམ་སྦྱོར་ངན་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་བརྩེ་དུང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་བྱས་པས། སློབ་གསོའི་ལམ་བུར་གཡོ་འགུལ་ཆེན་པོ་ཐེབས་པར་བྱས་པས་སྐད་གཉིས་སློབ་གསོའི་རྣམ་པ་དེ་ལོག་ལམ་དུ་འཕྱན།
        ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། རྒྱལ་ནང་གི་ས་ཁུལ་སོ་སོར་སློབ་གསོ་དར་སྤེལ་བྱུང་བ་བཞིན། རང་ས་གནས་ཀྱི་སྐྱེས་ཆེན་དམ་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་། གུང་ཐང་བསྟན་པའི་དབང་ཕྱུག་དང། བསེ་ཚང་བློ་བཟང་དཔལ་ལྡན་དང་། ཨ་ལགས་གླང་ཚང་དང། ཨ་ལགས་རྒྱ་ནག་པ་ཚང་དང་། སྐབས་དེའི་སྲིད་འཛིན་གྱི་སྐྱེས་ཆེན་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང། ཁུལ་དཔོན་རྟ་མགྲིན་རྒྱལ་སོགས་བླ་ཆེན་དང་སྐྱེས་ཆེན་དམ་པ་དེ་དག་གི་ཐུགས་བསྐྱེད་དང་འབད་བརྩོན་གྱི་རྔུལ་ཁྲག་གྲངས་མེད་གཏོར་བ་ལས་ཀན་ལྷོའི་སྐད་གཉིས་སློབ་གསོའི་རྩ་བ་རྒྱས་ཤིང་རྩེ་མོ་འབུས་མགོ་བརྩམས། དུས་སྐབས་དེ་ནས་བཟུང་། ཀན་ལྷོའི་སྐད་གཉིས་སློབ་གསོའི་དཔེ་གཞི་ནི་མི་རིགས་ཤིག་གི་རིག་གནས་སྲོལ་རྒྱུན་གྱི་སྲོག་དབང་གཞིར་བྱས་པའི་ཕུགས་འདུན་དང་། མང་ཚོགས་ཕལ་མོ་ཆེའི་བློ་ཁ་འཁྱེར་ཕྱོགས། ད་ལྟའི་སྤྱི་ཚོགས་རིག་གནས་ཀྱི་འཕོ་འགྱུར། མི་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་དང་བསྟུན་ནས་རྣམ་པ་རང་ཆས་སུ་སྤེལ་བ་ལས། སྲིད་ཐབས་ཀྱི་གཡོ་འགུལ་སྐྱོམ་ཤུགས་དང་བཙན་ཐབས་ལ་བརྟེན་པའམ་རང་གཞན་ཆགས་སྡང་གི་དམིགས་འདུན་དང་བསམ་སྦྱོར་མི་ལེགས་པ་ལྟར་སྐབས་འཕྲལ་ཙམ་གྱི་དགོས་དབང་དུ་སྤྱོད་མི་རུང་བ་རྟོགས་ནས་ཡང་དག་པའི་ལྟ་སྟངས་དང་། དོན་དངོས་ཀྱི་ལག་ལེན། ཡུལ་ཆོས་ཀྱི་གནས་སྐབས་སྣ་ཚོགས་ལ་དམིགས་དགོས་པའི་བདེན་སྟོབས་ས་གནས་ཀྱི་མི་དམངས་དང་སྲིད་འཛིན་ལས་བྱེད་སྔོན་ཐོན་པ་དག་ནམ་ལངས་ན་མུན་པ་རང་སངས་ཞེས་པ་བཞིན་ད་གཟོད་ངང་གིས་རྟོགས།
        ༢༠༠༢ལོར《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་སློབ་གསོ་བཅོས་སྒྱུར་གཏིང་ཟབ་དང་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་ཐག་གཅོད》ནང།“སྟོབས་ཤུགས་ཆེན་པོས་མི་རིགས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྐད་གཉིས་སློབ་གསོ་གོང་འཕེལ་དུ་གཏོང་དགོས” ཞེས་ནན་གྱིས་བསྟན་པ་དང་། ༢༠༡༠ལོར་ཐག་གཅོད་བྱས་པའི《རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད༢༠༡༠-༢༠༢༠》དུ།“སྟོབས་ཤུགས་ཆེན་པོས་སྐད་གཉིས་སློབ་གསོ་གོང་འཕེལ་དུ་གཏོང་དགོས”ཞེས་གསལ་བོར་བསྟན་ཡོད། མི་རིགས་གྲངས་ཉུང་གིས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པར་བརྩི་སྲུང་དང། སློབ་གསོ་མྱོང་བའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། ཞེས་གསུངས་པ་ལྟར། མི་རིགས་ས་ཁུལ་དུ་སློབ་གསོ་དར་སྤེལ་གཏོང་བ་ལ། ཨུ་རུ་སུའི་སློབ་གསོ་རིག་པ་སྨྲ་བ་ཝུ་ཧྲིན་སི་ཅུས“མི་རིགས་རང་གི་སྐད་བརྡ་ནི་ཤེས་རྟོགས་ཀྱི་བརྡ་ཐབས་ཆེས་ལེགས་ཤིང་སྐད་བརྡ་གཞན་སློབ་པ་ལ་མེད་དུ་མི་རུང་བའི་རྨང་གཞི་ཡིན་པ་མ་ཟད། ཆེས་གལ་ཆེ་བ་ནི་དེ་རང་གཏན་ཚིགས་སམ་བསམ་གཞིག་གི་ནུས་པ་འཕེལ་རྒྱས་སུ་གཏོང་བའི་རྐང་ཚུགས་ས་འབའ་ཞིག་ཏུ་ངེས་པ་ལགས”ཞེས་གསུངས་པ་བཞིན། བོད་སྐད་ནི་བོད་རིགས་སློབ་མ་ཕལ་ཆེ་བའི་ཕ་སྐད་ཡིན་ལ། ཕ་སྐད་འདི་ལ་བྱིས་པ་སུ་ཡིན་རུང་སྐྱེས་པ་ནས་མའི་པང་དུ་གོམས་འདྲིས་སུ་སྦྱང་ལ་བློ་རིག་ཧོབ་གྲོལ་དང་བློ་སྒོ་སངས་འབྱེད་ཀྱི་བྱེད་ནུས་ལྡན་པ་དང། བོད་ཡིག་ནི་བོད་རིགས་རང་གི་བྱིས་པའི་ཕ་སྐད་དམ་བོད་སྐད་ཐོ་ལ་འགོད་བྱེད་ཀྱི་ཡི་གེར་ངེས་ཤིང་། བོད་རིགས་རང་གི་བྱིས་པས། སློབ་གསོ་ངེས་ལེན་བྱེད་སྤྱད་ཀྱི་བརྡ་ཐབས་འདྲིས་ཆ་ཅན་དང་། བློ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག རིག་སྟོབས་སྔོག་བྱེད་ཀྱི་ཡོ་ཆས། བསམ་གཞིག་འཕེལ་བྱེད་ཀྱི་སྒྲོན་མེ་ལྟ་བུ་ཡིན་པས་ན། དམའ་རིམ་སློབ་གསོ་ཁྱབ་གདལ་དུ་གཏོང་བ་ལ་ཕ་སྐད་ལས་ལྷག་པའི་བརྡ་ཐབས་ཕན་ནུས་ཅན་ཞིག་མེད་པ་འཛམ་གླིང་གི་སློབ་གསོ་སྨྲ་བ་ཀུན་ནས་གཅིག་མཚུངས་སུ་འདོད།
དེ་བཞིན་དུ་ཀན་ལྷོ་ཁུལ་ཡོངས་ནས་ཡུལ་ཆོས་ཀྱི་གནས་སྐབས་དང་དོན་དངོས་ལག་ལེན་ལ་གཞིགས་ཏེ། སྐད་གཉིས་སློབ་གསོའི་སློབ་ཁྲིད་ཀྱི་དཔེ་གཞི་དེའང་དགེ་རྒན་དང་བསླབ་གཞིའི་རྐྱེན་ཙམ་ལ་བརྟེན་ནས་གང་འདོད་དུ་བརྗེ་སྤོར་མི་བྱེད་པར། བོད་རིགས་འདུས་སྡོད་ཀྱི་གཞི་རིམ་རོང་འབྲོག་ས་ཁུལ་དུ་ཡུལ་གྲུ་ཕལ་མོ་ཆེའི་འབྲེལ་འདྲིས་ཀྱི་བརྡ་ཐབས་བོད་སྐད་དུ་ངེས་ཤིང། ཕ་སྐད་རིག་གནས་ཀྱི་ཁོར་ཡུག་ཤིན་ཏུ་ལེགས་པས་སློབ་གྲྭའི་སློབ་ཁྲིད་སྤེལ་ཐབས་སུ་རྒྱའི་སྐད་ཡིག་གཅིག་པུ་ལས་གཞན་པའི་བསླབ་ཚན་ཡོངས་བོད་སྐད་ཀྱི་འཁྲིད་ཐབས་ལ་བརྟེན་པ། གཙོས་གྲོང་ཁྱེར་གྱི་མངའ་ཁོངས་སུ། ཁ་ཀྱཱ་སྨད་སློབ་ཆུང་། ཁ་ཀྱཱ་སྟོད་སློབ་ཆུང་། རྒྱལ་མོ་སྒོམ་སློབ་ཆུང་། ཀླུ་ཤོད་སློབ་ཆུང་། རུ་སྟོད་མ་སློབ་ཆུང། མཛོད་དགེ་སྟོད་མ་དཀྱིལ་སྙིང་སློབ་ཆུང་། ལམ་ལུང་སློབ་ཆུང་། གཙོས་གྲོང་ཁྱེར་སློབ་ཆུང་། མཛོད་དགེ་སྨད་མ་དཀྱིལ་སྙིང་སློབ་ཆུང་། གཙོས་སློབ་ཆུང་བཞི་བ་བཅས་བཅུ་ཡོད།
        བསང་ཆུ་རྫོང་གི་མངའ་ཁོངས་སུ། བསང་ཆུའི་བོད་དམངས་སློབ་ཆུང་། ཅིག་ཀྱཱ་སློབ་ཆུང་། ཁོ་ཚེ་སློབ་ཆུང་། ཙ་ཡུས་སློབ་ཆུང་། འབོ་ར་སློབ་ཆུང་། ཐང་དཀར་ནང་སློབ་ཆུང་། མར་ཐང་སློབ་ཆུང་། རྒན་ཀྱཱ་སློབ་ཆུང་། རྒན་ཀྱཱའི་བ་སྡེའི་སློབ་ཆུང་། རྒན་ཀྱཱའི་རུ་ངན་སློབ་ཆུང་། བསང་ཁོག་བཅའ་སྡོད་སློབ་ཆུང་། སྒྱིས་ཚང་བཅའ་སྡོད་སློབ་ཆུང་། ས་སོ་མ་སློབ་ཆུང་། ཡ་རུ་རྒྱུད་བཅའ་སྡོད་སློབ་ཆུང་། ཨ་མཆོག་དཀྱིལ་སྙིང་སློབ་ཆུང་བཅས་བཅུ་དྲུག་ཡོད།
        ཀླུ་ཆུ་རྫོང་གི་མངའ་ཁོངས་སུ། ལྷ་མོ་གྲོང་རྡལ་དཀྱིལ་སྙིང་སློབ་ཆུང་། ལྷ་མོ་གྲོང་རྡལ་དགོན་པའི་སློབ་ཆུང་། རྫོང་བོད་རིགས་སློབ་ཆུང་། ཨ་ལ་སློབ་ཆུང་། ཀཱ་ཤུལ་སློབ་ཆུང་། མ་ངེས་སློབ་ཆུང་། མཚོ་ཉིན་དཀྱིལ་སྙིང་སློབ་ཆུང་། རྫས་ཚ་སློབ་ཆུང་། ཆོས་འཁོར་སློབ་ཆུང་བཅས་དགུ་ཡོད།
        རྨ་ཆུ་རྫོང་གི་མངའ་ཁོངས་སུ། རྫོང་བཅའ་སྡོད་སློབ་ཆུང་། དངུལ་རའི་བཅའ་སྡོད་སློབ་ཆུང་། ཝ་བན་ཚང་སློབ་ཆུང་། དངུལ་ར་ཞོལ་མའི་སློབ་ཆུང་། ཆུ་ཁ་མའི་སློབ་ཆུང་། རྫོང་སློབ་ཆུང་གཉིས་པ། སྨད་མ་བཅའ་སྡོད་སློབ་ཆུང་། མཚེར་མ་བཅའ་སྡོད་སློབ་ཆུང་། མུར་ཞག་སློབ་ཆུང་བཅས་དགུ་ཡོད།
        ཐེ་བོ་རྫོང་གི་མངའ་ཁོངས་སུ། རྫོང་བོད་ཡིག་སློབ་ཆུང་། ཏན་ཀ་སློབ་ཆུང་། ཡུས་བ་སློབ་ཆུང་བཅས་གསུམ་ཡོད།
        ཅོ་ནེ་རྫོང་གི་མངའ་ཁོངས་སུ། རྫོང་བོད་རིགས་སློབ་ཆུང་། ཁྱཱ་དགེ་སློབ་ཆུང་། རྡོ་ཁོག་སློབ་ཆུང་། ཝ་དམར་སློབ་ཆུང་། ཉིན་པ་དཀྱིལ་སྙིང་སློབ་ཆུང་། རྒྱ་མཆེད་སློབ་ཆུང་། རྡོ་ཁོག་དཀྱིལ་སྙིང་སློབ་ཆུང་། ཁང་ཐོག་སློབ་ཆུང་བཅས་བརྒྱད་ཡོད།
        དེ་བཞིན་དུ་བོད་ཀྱི་སྐད་ཡིག་ལས་གཞན་པའི་བསླབ་ཚན་ཡོངས་རྒྱའི་སྐད་ཡིག་གི་འཁྲིད་ཐབས་ལ་བརྟེན་པ། གཙོས་སུ་གཙོས་གྲོང་ཁྱེར་གྱི་སློབ་ཆུང་དང། བསང་ཆུ་རྫོང་དུ་སློབ་ཆུང་དང་པོ། མདའ་མེ་སློབ་ཆུང། ཆུ་སྔོན་དཀྱིལ་སྙིང་སློབ་ཆུང་། མཱ་ལན་ཐན་སློབ་ཆུང། ཐང་དཀར་ནང་སློབ་ཆུང་། བང་སྒར་ཐང་སློབ་ཆུང་བཅས་དྲུག་ཡོད།
        རྨ་ཆུ་རྫོང་དུ་བོད་རིགས་སློབ་ཆུང་གཉིས་པ་དང། ཐེ་བོ་རྫོང་དུ་རྫོང་མཁར་ལོ་རིམ་དགུ་བའི་སློབ་ཆུང་། ལོ་ཏ་སློབ་གྲྭ། ཟམ་པ་དཀྱིལ་སྙིང་སློབ་ཆུང་། འ་ཞ་སློབ་གྲྭ། བོད་རིགས་སློབ་ཆུང་། ཏན་ཀ་སློབ་ཆུང་། ལ་གཟར་འགག་སློབ་ཆུང་། ཏོ་འར་སློབ་ཆུང་། ཏ་ལ་སློབ་ཆུང་། ཉི་འོད་སློབ་ཁུལ་མིན་ཏིག་སློབ་ཆུང་། ཉི་འོད་དཀྱིལ་སྙིང་སློབ་ཆུང་། བང་ཙང་སློབ་ཆུང་། ཁམས་པ་སློབ་ཆུང་། ཧཱ་ཡོན་སློབ་ཆུང་བཅས་བཅུ་བཞི་ཡོད།
        ཅོ་ནེ་རྫོང་དུ་བྲག་སྒམ་ལུང་བཅའ་སྡོད་སློབ་ཆུང། ཤོ་བ་དཀྱིལ་སྙིང་སློབ་ཆུང་དང་གཉིས། བ་མཚེས་རྫོང་དུ་རྒྱ་མཁར་དཀྱིལ་སྙིང་སློབ་ཆུང་བཅས་ཁུལ་ཡོངས་ཀྱི་ས་ཁུལ་སོ་སོར་བོད་ཡིག་གཙོ་བོར་བྱས་པ་དང་། རྒྱ་ཡིག་གཙོ་བོར་བྱས་ནས་སྐད་གཉིས་སློབ་གསོར་གཞོལ་བཞིན་པའི་སློབ་ཆུང་བདུན་ཅུ་ལྷག་དང་། དེ་མིན་རྫོང་སོ་སོར་བོད་རིགས་སློབ་འབྲིང་རེ་ཡོད་པ་དང་། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དང་། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་རྒྱ་ཡིག་གཙོ་བོར་བྱས་པའི་འཛིན་གྲྭ་མེད་པ་མ་གཏོགས། ཅོ་ནེ་དང་བསང་ཆུ་དང་ཐེ་བོ་འབྲུག་ཆུ་གཙོས་སོགས་སུ་ཡོད་མོད། ༢༠༠༩ལོ་ནས་བསང་ཆུ་དང་ཅོ་ནེ་རྫོང་གཉིས་སུ་རྒྱ་ཡིག་གཙོ་བོར་བྱས་པའི་འཛིན་གྲྭར་སློབ་མ་བསྡུ་བའི་མཚམས་བཅད། འབྲུག་ཆུ་རྫོང་དུ་བོད་ཡིག་གཙོ་བོར་བྱས་པའི་སློབ་གྲྭ་མེད་པ་དང་། རྒྱ་ཡིག་གཙོ་བོར་བྱས་ཏེ་བསྒྲུབས་པའི་མི་རིགས་འཛིན་གྲྭའང་མིང་ཙམ་ལས་མ་འདས།
        དེ་ལྟར་ཁུལ་ཡོངས་ཀྱི་བོད་རིགས་འདུས་སྡོད་བྱེད་པའི་ས་ཁུལ་སོ་སོར་སློབ་གྲྭ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་གོང་འཕེལ་དུ་ཕྱིན་པ་དང། ལོ་ངོ་བཅུ་ཕྲག་གི་དཀའ་སྡུག་དང་འབད་བརྩོན་ལ་བརྟེན་ནས། ༢༠༡༠ལོར་སླེབས་པ་ན་ཁུལ་ཡོངས་སུ་རིམ་པ་སོ་སོའི་སློབ་གྲྭ༥༢༥ཡོད་པ་ལས། བོད་རྒྱ་སྐད་གཉིས་སློབ་ཁྲིད་བྱེད་པའི་སློབ་གྲྭ་ཆུང་འབྲིང༡༥༨ཡོད་པ་དང། ཁུལ་ཡོངས་ཀྱི་སྤྱིའི་སློབ་གྲྭ་ལས ༣༠.༡%ཟིན། སྐད་གཉིས་སློབ་ཁྲིད་མྱོང་བའི་སློབ་མ༤༤༤༢༩ཡོད་པ་དང། སྐད་གཉིས་སློབ་ཁྲིད་བྱེད་པའི་དགེ་རྒན༣༩༠༡ཡོད། སློབ་གྲྭ་དེ་དག་ཏུ་རང་ས་གནས་ཀྱི་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་དང་། གཙོས་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་གཙོར་བྱས། ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དག་ནས་སློབ་མཐར་ཕྱིན་པའི་སློབ་མ་དག་གིས་ད་ཡོད་ཀྱི་སློབ་གྲྭ་དེ་དག་ཏུ་ཁྱབ་པས། རིག་གནས་ཀྱི་རྨང་གཞི་མཐུག་ཅིང་། ཆེད་ལས་ཆུ་ཚད་མཐོ་བའི་ན་གཞོན་ཤེས་ལྡན་པ་དེ་དག་གིས་ཀན་ལྷོའི་སློབ་གསོའི་དཔུང་སྡེ་ལ་སྔར་མེད་ཀྱི་གསོན་ཤུགས་ཆེན་པོ་རྒྱས་སུ་བཅུག
        ༢༠༠༦ལོར་བོད་རིགས་བྱིས་པ་སློབ་གྲྭར་འགྲོ་རན་གྱི་ཚད༩༦.༣༤%དང་། ༢༠༠༩ལོར་༩༨.༥༧%སླེབས་ཡོད་པ་དང་། སློབ་གྲྭ་ནས་སློབ་སྦྱོང་བྱེད་པའི་སློབ་མའི་གྲངས་ཀ་གཏན་འཇགས་དང་ཚད་ལྡན་ཅན་དུ་གྱུར་ཡོད། ༢༠༡༧ལོར་ཀན་ལྷོ་ཁུལ་ཡོངས་ནས་བོད་རིགས་སློབ་འབྲིང་གི་དམའ་འབྲིང་སློབ་མཐར་ཕྱིན་པའི་སློབ་མ༣༠༠༠ལ་ཉེ་བ་དང་། མཐོ་འབྲིང་སློབ་མཐར་ཕྱིན་པའི་སློབ་མ༢༥༠༠སླེབས་ཡོད་པས། ཀན་ལྷོའི་སྐད་གཉིས་སློབ་གསོ་དེ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་ཆེན་པོ་བྱུང་སྟེ། ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་བཅས་ལ་ལག་རྗེས་ཆེན་པོ་བཞག་དང་འཇོག་བཞིན་ཡོད་དོ། །
གསུམ་པ། སྐད་གཉིས་སློབ་གསོས་ཀན་ལྷོའི་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན།
        ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་མི་རིགས་ཉི་ཤུ་ལྷག་ཡོད་པ་དང་། བོད་རིགས་ཁྲི༣༧.༨༥ཡོད་ལ། དེས་སྤྱིའི་མི་གྲངས་ཀྱི༥༥.༦%ཟིན་ན་ཡང་། ༡༩༨༠ལོའི་ཡར་སྔོན་དུ་རྒྱལ་ཁབ་ཀྱི་སློབ་གསོ་ཚད་ལྡན་མྱངས་ཡོད་པ་ཉུང་ཤས་ཤིག་ལས་མེད་པ་དང་། ༧༠%ཡིག་རྨོངས་རེད་ཅེས་བརྗོད་ན་འུད་སྒྲོག་ཙམ་དུ་ག་ལ་འགྲོ། སྤྱི་ཚོགས་ཧྲིལ་བོས་ཕྱུགས་ལས་གཙོ་བོར་གཉེར་བ་དང་ཞིང་ལས་སྟབས་བདེ་ཞིག་གིས་མི་ཚེ་འཚོ་བ་སྐྱེལ་བཞིན་ཡོད །
        ༡༩༧༧ལོར་མཐོ་རྒྱུགས་སླར་གསོ་བྱས་པ་ནས་ཀན་ལྷོའི་བོད་རིགས་སློབ་མ་རེ་གཉིས་ཙམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམས་མྱོང་མོད། སྤྱིར་ས་གནས་རང་བཞིན་གྱི་སློབ་གསོ་ཧ་ཅང་རྗེས་ལུས་ཡིན་པའི་རྐྱེན་གྱིས་མཐོ་རིམ་སློབ་གསོའི་ཐོག་མའི་མྱུ་གུ་ཙམ་དུ་ཟད། ས་གནས་སློབ་འབྲིང་གི་སློབ་མ་ཇེ་མང་དུ་སོང་བ་དང་བསྟུན་ནས། ༡༩༨༥ལོ་ནས་རིམ་བཞིན་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དག་གིས་སློབ་མ་བསྡུ་བའི་གྲངས་ཀ་ཇེ་མང་དུ་བཏང་། ༡༩༨༨ལོ་ནས་མཐོ་རིམ་སློབ་གྲྭ་ཆེན་མོ་དག་ནས་སློབ་མཐར་ཕྱིན་པའི་སློབ་མའང་ཇེ་མང་ནས་ཇེ་མང་དུ་སོང་། མཐར་ཕྱིན་སློབ་མ་དེ་དག་རང་ཁུལ་གྱི་ས་གནས་སོ་སོའི་ལས་རྐང་ཁྲོད་མ་བགྲོས་རང་མཐུན་གྱིས་ཁྱབ་གདལ་དུ་གྱུར་པ་དང། ད་ལྟའི་བར་ཀན་ལྷོའི་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་དང། མི་རིགས་སློབ་ཆེན་སོ་སོ་ནས་སློབ་མཐར་ཕྱིན་པའི་སློབ་མ་འབུམ་ཕྲག་དུ་མ་སྐྱེད་སྲིང་བྱས། ལས་བྱེད་མི་སྣ་དེ་དག་ལས་ལ་ལ་ཞིག་སྲིད་འཛིན་གྱི་མགོ་འདྲེན་དུ་གྱུར་ཏེ་སྤྱི་ཚོགས་ཀྱི་ཕན་བདེའི་ལས་དོན་ལ་གཞོལ། ཁ་ཅིག་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་དུ་གྱུར་ཏེ་ཕ་མས་བུ་ལ་ཇི་བཞིན་མི་རབས་རྗེས་མ་གསོ་སྐྱོང་གི་ལས་བརྩོན། འགའ་ཤས་ནི་ཆེད་ལས་སྣ་ཚོགས་ཀྱི་རྐང་འཛིན་དུ་གྱུར་ཏེ་རང་གི་བློ་གྲོས་ཀྱི་རྩལ་དང་སྟོབས་ལ་བརྟེན་ནས་མི་རྣམས་ལ་བསམ་པའི་ལོངས་སྤྱོད་དང་དངོས་པོའི་ལོངས་སྤྱོད་འཛད་དུ་མེད་པ་གསར་སྐྲུན་བྱེད་བཞིན་ཡོད།

        ༢༠༡༣ལོ་ནས༢༠༡༧ལོའི་བར་ཞིང་ཆེན་ཕྱི་ནང་གི་མི་རིགས་སློབ་གྲྭ་ཆེན་མོ་དག་ལ་རྒྱུགས་འཕྲོད་པའི་གནས་ཚུལ་དངོས།

        གོང་གི་རེའུ་མིག་ཏུ་བཀོད་ཡོད་པ་ནི་ལོ་འདི་ཤས་ཀྱི་རིང་ལ་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་བོད་རིགས་མཐོ་འབྲིང་ནས་མཐར་ཕྱིན་པའི་སློབ་མ་རྒྱལ་ནང་གི་སློབ་ཆེན་སོ་སོས་བསྡུས་པའི་གནས་ཚུལ་དངོས་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་མངའ་ཁོངས་སུ་ཡོད་པའི་བོད་རིགས་སློབ་འབྲིང་ནི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་བོད་རིགས་སློབ་འབྲིང་དང་། གྲོང་ཁྱེར་བོད་རིགས་སློབ་འབྲིང་། བསང་ཆུ་རྫོང་བོད་རིགས་སློབ་འབྲིང་། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཐེ་བོ་རྫོང་བོད་རིགས་སློབ་འབྲིང་། ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་དག་ཡིན་པ་དང་། དེ་དག་ཁར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་བོད་རིགས་སློབ་འབྲིང་བཅས་ཡིན།
        ལོ་འདི་གའི་མཐོ་རྒྱུགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ན། ཀན་སུའུ་ཞིང་ཆེན་ཡོངས་ཀྱི་བོད་རིགས་སློབ་འབྲིང་གི་མཐོ་འབྲིང་མཐར་ཕྱིན་སློབ་མ་ཞིང་ཆེན་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དག་ཏུ་རྒྱུགས་འཕྲོད་ཚད་བསྡུར་ཏེ་དཔྱད་ན། ཀན་ལྷོའི་སློབ་མས ༩༣%ཟིན། མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་པའི་གྲངས་ཀ་འདི་དག་གིས་ཀན་ལྷོའི་སྐད་གཉིས་སློབ་གསོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ངང་ངམ་ཤུགས་ཀྱིས་བསྟན། སློབ་གསོ་འཕེལ་རྒྱས་བྱུང་བ་ལས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་སྟེ། དཔལ་འབྱོར་དང་བཟོ་ཚོང་ཁེ་ལས། འགྲིམ་འགྲུལ་དང་ཡུལ་བསྐོར་ལྗོངས་རྒྱུ། ཆབ་སྲིད་དང་སྤྱི་བདེ་དམག་དོན། ཚན་རིག་དང་རིག་གནས་སྒྱུ་རྩལ་སོགས་ལ་སྐུལ་འདེད་དང་ཞབས་ཞུ་བླ་མེད་བསྒྲུབས་ཡོད་པ་རྣམས་ཡིག་ཚོགས་སྐྱུང་བའི་ཕྱིར་རེ་ཞིག་བཏང་སྙོམས་སུ་བཞག ཡིན་ཡང་། ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཀན་ལྷོའི་སྐད་གཉིས་སློབ་གསོས་བོད་ཀྱི་སློབ་གསོའི་སྟེགས་བུའི་སྟེང་གཞན་ལ་གླེང་རིན་ཡོད་པའི་གྲུབ་འབྲས་བླངས་ཡོད་པ་འདི་ནི་སྐད་གཉིས་སློབ་གསོས་ཀན་ལྷོའི་སྤྱི་ཚོགས་ལ་བཞག་པའི་དགེ་མཚན་བླ་ན་མེད་པ་ཞིག་རེད་ཅེས་བརྗོད་ན་ཅིས་མི་ཆོག
བཞི་བ། ཉམས་མྱོང་དང་བསླབ་བྱ།
        སྤྱིར་ས་གནས་སློབ་གསོ་དང་། ཡུལ་དུས་དང་འཚམ་པའི་སྐད་གཉིས་སློབ་གསོས་བོད་ཁུལ་སྤྱི་དང་སྒོས་སུ་ཀན་ལྷོའི་སྤྱི་ཚོགས་སུ་རླབས་ཆེན་གྱི་མཛད་རྗེས་བསྐྲུན་ཡོད་པ་སྤྱི་ཚོགས་ཀྱི་ལས་རིགས་གང་གིས་ཀྱང་བསྒྲུན་དུ་མེད། ཡིན་ཡང་། དེང་གི་དུས་འདིར་བོད་ཁུལ་གྱི་ས་ཆ་ལ་ལར་བོད་རིགས་སྲིད་འཛིན་པ་ཁ་ཤས་ཀྱིས་སྲིད་གཞུང་གི་ཁྲིམས་སྲོལ་དང་། མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་དགོངས་གཞིར་བརྩི་འཇོག་མི་བྱེད་པར་རང་སྣང་གང་ཤར་གྱིས་སྐད་གཉིས་སློབ་གསོའི་རྣམ་པ་དེ་གང་དགར་བསྒྱུར་བའི་རྣམ་པ་ཤར་བཞིན་ཡོད། དེ་བས། ཀན་ལྷོའི་སྐད་གཉིས་སློབ་གསོའི་ལས་འཛིན་དག་ལ། གནའ་མི་བོད་ཀྱི་ཁ་དཔེར། ཆུ་ནང་ཅལ་གྱི་སྒྲ་གྲགས་པས། ། གཅན་གཟན་རི་དྭགས་ཕལ་ཆེར་བྲོས། ། ཞེས་པ་བཞིན་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འགྲོ་མི་རུང་བ། གལ་བོ་ཆེ་ལ་ནན་ཏན་དང་། དམ་པའི་ཆོས་ལ་བརྒྱ་ཚར་གྱི་ཚུལ་དུ་བརྗོད་པ་ལགས།
        དེས་ན། སྲིད་གཞུང་གི་ཁྲིམས་སྲོལ་ནི་བོད་ཁུལ་དུ་སྐད་གཉིས་སློབ་གསོ་སྤེལ་བའི་བརྟེན་གཞི་ཡིན་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་ཚན་པ་བཞི་བར། མི་རིགས་སོ་སོ་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་དར་སྤེལ་དུ་གཏོང་བའི་རང་དབང་ཡོད་ཅེས་དང་། ཚན་པ་བཅུ་དགུ་བའི་ནང་དུ། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཐུན་མོང་གིས་སྤྱོད་པའི་སྤྱི་སྐད་ཁྱབ་གདལ་དུ་གཏོང་བ་ཞེས་པ་ལས་རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་ཀར་མཉམ་སྤྱོད་ཀྱི་ཁེ་དབང་སྤྲད་ཡོད་པ་དང་། 《མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས》ནང་དུ། མི་རིགས་ས་གནས་རང་སྐྱོང་གི་རང་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་སློབ་གསོའི་བྱེད་ཕྱོགས་དང་བཅའ་ཁྲིམས་ཀྱི་གཏན་ཕབ་གཞིར་བཟུང་ནས། རང་ས་གནས་ཀྱི་སློབ་གསོར་ཇུས་འགོད་དང་། རིམ་པ་སོ་སོའི་སློབ་གྲྭ་སྣ་ཚོགས་ཀྱི་སྒྲིག་གཞི་དང་། སློབ་ཡུན། སློབ་སྒྲུབ་ཀྱི་རྣམ་པ། སློབ་ཁྲིད་ཀྱི་ནང་དོན། སློབ་ཁྲིད་ཀྱི་སྐད་བརྡ། སློབ་མ་འཚོལ་སྡུད་བྱེད་ཐབས་བཅས་གཏན་ཁེལ་བྱས་ཆོག་ཅེས་གསུངས་ཡོད།
        དེར་མ་ཟད། རྒྱལ་ཁབ་ཀྱི་གཙོ་འཛིན་ཏིན་ཞའོ་ཕེན་གྱིས། སློབ་གསོ་ནི་འཛམ་གླིང་ལ་ཁ་ཕྱོགས་པ་དང། དེང་རབས་ཅན་ལ་ཁ་ཕྱོགས་པ། མ་འོངས་པ་ལ་ཁ་ཕྱོགས་དགོས་པའི་བླང་བྱ་བཏོན་པ་བཞིན། བོད་རིགས་ས་ཁུལ་སྤྱི་དང་། སྒོས་སུ་རང་རེའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་མགོ་འདྲེན་དང། སློབ་གསོའི་སྡེ་ཁག་གི་ཤེས་ལྡན་པ་ཚོས་འཛམ་གླིང་སྤྱིའི་སློབ་གསོ་སྒྲུབ་སྟངས་ལ་སློབ་སྦྱོང་དང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་ནང་གི་སློབ་གསོ་གཞུང་ལུགས་དང་ལམ་ལུགས། དེ་མིན། མི་རིགས་རང་སྐྱོང་ས་ཁུལ་གྱི་བཅའ་ཁྲིགས་ལག་ལེན་མཐའ་འཁྱོལ་བ་བྱས་ཏེ། ལོ་ངོ་ཉི་ཤུ་ལྷག་གི་རང་ས་གནས་ཀྱི་སྐད་གཉིས་སློབ་གསོའི་གནས་ཚུལ་དངོས་ལ་གཞིགས་ནས་སྐད་གཉིས་སློབ་གསོའི་གྲུབ་འབྲས་ལ་ཡང་དག་པའི་དངོས་གཙོ་རྩོད་སྒྲུབ་སྨྲ་བའི་གཞུང་ལུགས་ཀྱི་ལྟ་བས་ལེགས་པ་སོར་བཞག་དང། ཉེས་པའི་ཆ་རྣམས་སྙིགས་དོར་བཅུད་ལེན་གྱི་ཚུལ་དུ་ས་གནས་དམངས་ཚོགས་ཀྱི་འདོད་བློ་དང་མཐུན་པའི་སློབ་གསོ་ཕུལ་དུ་བྱུང་བ་ཞིག་བསྒྲུབ་རྒྱུ་ནི་གནད་དམ་པའོ། །
དཔྱད་གཞིའི་ཡིག་ཆ།
[1]《ཀན་ལྷོ་ཁུལ་གྱི་དེབ་ཐེར》སྟོད་ཆ། སྨད་ཆ།[M]༡༩༩༩ལོའི་ཟླ༡༢པར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
[2]甘肃省教育考试院编. 《甘肃省普通高等学校招生专业目录》[G].2013年至2017年
[3] ༢༠༡༦ལོའི《བོད་ཀྱི་སློབ་གསོ》དེབ༥བ། སུམ་བྷ་དོན་གྲུབ་ཚེ་རིང་། 《བོད་ཀྱི་སྐད་གཉིས་སློབ་གསོའི་འབྱུང་རྐྱེན་སྐོར》[J].
[4]顾嘉祖、陆昇主编.《语言与文化》[M].上海外语出版社,2002年.


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1