བསླབ་ཚན་བཅོས་སྒྱུར་འོག་གི་ཐབས་ལམ་དང་པོའི་རིགས་ཀྱི་ འཁྲིད་ཐབས་གསར་བའི་དཔྱད་འཇོག

རྔ་བ་དགེ་འོས་སློབ་གླིང་གི་སྐད་གཉིས་སློབ་གསོའི་སྡེ་ཁག བཙུན་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-07


[གནད་བཏུས] སྔོན་སྦྱོང་རྗེས་འཁྲིད་དང་ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཐབས་ནི་མིག་སྔར་གསར་དུ་དར་བའི་འཁྲིད་ཐབས་བཟང་ཤོས་ཤིག་ཡིན་ལ། བསླབ་གཞི་གསར་བའི་སློབ་ཁྲིད་ཀྱི་འདུ་ཤེས་དང་ལེན་བྱེད་སླ་བར་མ་ཟད། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་རྩ་བའི་སྟེང་ནས་འགྱུར་ལྡོག་གཏོང་གིན་ཡོད། “སྤྱི་འགྲོས་ཅན”གྱི་འཁྲིད་ཐབས་བསྒྱུར་ཏེ“སྣོད་བསྟུན་སློབ་གསོ”ལག་བསྟར་བྱས་ན་སློབ་མས་སླ་ཞིང་མྱུར་བའི་སྒོ་ནས་ཁྲིད་གཞིའི་ནང་དོན་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། སློབ་སྦྱོང་གི་སྤྲོ་བ་འཕེལ་ནས་བསླབ་ཚན་གྱི་ཁྱོན་ཡོངས་ལ་འཇུག་པར་བག་ཆགས་ཟབ་མོ་འཇོག་ཐུབ་པའི་དགེ་མཚན་ཡོད།

[གནད་ཚིག] བསླབ་གཞི། འཁྲིད་ཐབས། ལྟ་འཁྲིད་སྦྱོང་གསུམ།

        དེང་རབས་སྤྱི་ཚོགས་ཀྱིས་སྤྱི་དམངས་ལ་མི་ཆོས་རིག་གནས་ཀྱི་ཡོན་ཚད་དང་ཚན་རིག་གི་ཡོན་ཚད་ལེགས་པོ་ཞིག་ལྡན་དགོས་པ་དང་། གསར་གཏོད་ཀྱི་སྙིང་སྟོབས་དང་མཉམ་ལས་ཀྱི་འདུ་ཤེས། མཐོང་རྒྱ་ཡངས་པོ་བཅས་ལྡན་དགོས་པར་མ་ཟད། ལྟ་ཀློག་བྱས་ཏེ་གོ་བ་ལེན་པ་དང་གོ་བརྡ་སྤྲད་ནས་བསམ་ཚུལ་བརྗེ་རེས་བྱེད་པ་ལ་སོགས་པའི་རྩ་བའི་ནུས་རྩལ་དང་བླང་བྱ་བཏོན་དང་འདོན་བཞིན་ཡོད། སྐད་ཡིག་སློབ་གསོས་དེང་རབས་སྤྱི་ཚོགས་ལ་མཁོ་བའི་མི་རབས་གསར་བ་སྐྱེད་སྲིང་བྱེད་པར་ནུས་པ་གལ་ཆེན་འདོན་དགོས་ཀྱང་དགོས་ལ་ཐུབ་ཀྱང་ཐུབ་པ་རེད། སྐད་ཡིག་སློབ་གསོའི་བསླབ་ཚན་གྱི་དམིགས་ཚད་དང་། ནང་དོན། སློབ་ཁྲིད་ཀྱི་ལྟ་བ་དང་སློབ་སྦྱོང་བྱེད་ཚུལ། དཔྱད་འཇོག་གི་དམིགས་ཡུལ་དང་བྱེད་ཐབས་སོགས་ངེས་པར་དུ་ཆ་ཡོངས་ནས་བསྒྱུར་བཅོས་བྱེད་དགོས། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ལག་ཆར་གྱུར་པའི་བསླབ་ཚན་གྱི་སློབ་ཁྲིད་དངོས་གཞིའི་འཁྲིད་ཐབས་ཁྲོད་དུ། གནད་དོན་ཆེན་པོ་གསུམ་བཟོ་བཞིན་ཡོད་དེ། གཅིག་ནས་སྲོལ་རྒྱུན་གྱི་ལུགས་བཟང་རྒྱུན་འཛིན་དང་དར་སྤེལ་བྱེད་ཐུབ་ཀྱིན་མེད་ལ། དེང་རབས་ཀྱི་ལུགས་གསར་ཀྱང་ནང་འདྲེན་ཐུབ་ཀྱིན་མེད། མི་རིགས་རང་གི་སྲོལ་རྒྱུན་གྱི་འཆད་ཉན་སྤེལ་སྲོལ་མ་ཉམས་གོང་འཕེལ་དང་མི་རིགས་གཞན་གྱི་འཁྲིད་ཐབས་གསར་པར་སློབ་སྦྱོང་བྱ་རྒྱུ་ནི་དུས་རབས་ཀྱི་ཁྱད་ཆོས་ཡིན་ལ། འཕེལ་རྒྱས་ཀྱི་དགོས་མཁོའང་རེད། འདི་ལ་ས་ཁུལ་དང་འབྱོར་བ། རིག་གནས་དང་སྤྱི་ཚོགས་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པའི་སྐྱོན་ཀྱང་ཡོད་ངེས་མོད། མ་མཐའ་ཡང་ཧུར་ཐག་གིས་སྐད་ཡིག་གི་སློབ་ཁྲིད་འཁྲིད་ཐབས་ལ་ཞིབ་འཇུག་བགྱིས་ཏེ། བསླབ་ཚན་གྱི་ཚད་གཞིར་སླེབས་ཐུབ་པ་དང་བྱིས་པའི་སློབ་གསོ་དང་བསམ་བློའི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ནི་དགེ་རྒན་གྱི་ངོས་ཐད་ནས་བཤད་ན་སྐད་ཡིག་སློབ་གསོའི་བསླབ་ཚན་གྱི་ཆོས་ཉིད་ལ་བརྩི་འཇོག་དང། སྤྱི་ཚོགས་ཀྱི་ངོས་ཐད་ནས་བཤད་ན་སྐད་ཡིག་འཕེལ་རྒྱས་ཡོང་ཐུབ་མིན་གྱི་འགག་རྩར་ཐུག་ཡོད། གཉིས་ནས་འཁྲིད་དཔྱོད་ཀྱི་གོ་དོན་གསལ་བོར་རྟོགས་ཐུབ་ཀྱིན་མེད། རྒྱུན་པར་དགེ་རྒན་ཕལ་ཆེ་བས་སྐད་ཡིག་གི་སློབ་ཁྲིད་འཁྲིད་དཔྱོད་ཀྱི་ཐད་ནས་འཁྲིད་རྒྱུ་གང་ཡིན་པ་དེ་ཐད་ཀར་ནང་འཇུག་བྱེད་པར་གོམས་ཡོད་པ་དང་། གང་འཁྲིད་པར་བྱ་བའི་ནང་དོན་དེར་ཞིབ་འཇུག་གཏིང་ཟབ་ཏུ་མི་སྤེལ་བའི་ཁར། འབྲེལ་ཡོད་ཀྱི་ནང་དོན་སྐོར་གྱི་བསྟན་བཅོས་ལ་དཔེ་ཀློག་ཐན་ཐུན་ཙམ་ཡང་མེད་པར་རང་ཉིད་ཀྱི་རྒྱུད་ན་ཡོད་པའི་ཤེས་བྱ་ཐར་ཐོར་ཙམ་ལ་བརྟེན་ནས་སློབ་ཁྲིད་ཀྱི་ཉི་མ་འཁྱོལ་ཐབས་བྱ་བ་ལས། བརྟག་དཔྱད་དང་རྩད་གཅོད། དབྱེ་སྡུར་དང་ཞིབ་འཇུག་གི་སྐོར་ལ་ཡེ་ནས་དོ་སྣང་བྱེད་ཀྱིན་མེད། དོན་དམ་དུ་བཤད་ན། དཔྱོད་པ་ལ་གང་འཁྲིད་བྱའི་བསླབ་ཚན་གྱི་སྤྱི་ཁོག་ངེས་པར་བྱས་ཏེ་དེའི་ཆོས་ཉིད་རྟོགས་ཞིབ་བྱེད་པ་དང་གཅིག གང་འཁྲིད་ཡུལ་གྱི་སློབ་མའི་སེམས་ཁམས་རྒྱུས་ལོན་དང་སློབ་མའི་རིག་གནས་ཡོན་ཏན་གྱི་ཚད་འཇལ་ཏེ་སློབ་སྦྱོང་གི་སྤྲོ་སྣང་ཇི་ལྟར་འཕེལ་ཐབས་ལ་ཞིབ་འཇུག་བྱེད་པ་དང་གཉིས། གང་འཁྲིད་དགོས་པའི་སྐབས་བབ་ཀྱི་སློབ་ཚན་གྱི་ནང་དོན་ལ་གྲ་སྒྲིག་གྱ་ནོམ་པ་བྱེད་རྒྱུ་བཅས་ཕྱོགས་གསུམ་གྱི་ནང་དོན་འདུས་ཡོད་དེ། དཔྱོད་ནི་འཁྲིད་ཀྱི་སྔོན་འགྲོ་དང། འཁྲིད་ནི་དཔྱོད་ཀྱི་མཇུག་འབྲས་ཡིན། དཔྱད་པ་དང་ཞིབ་འཇུག་མེད་པའི་སློབ་ཁྲིད་ནི་ཚད་གཞིར་མི་རན་ཞིང་ལུགས་དང་མི་མཐུན་པའི་སློབ་ཁྲིད་ཅིག་ཡིན་པས། སློབ་མའི་སློབ་སྦྱོང་གི་འབྲས་བུ་ཡར་ཐོན་ཡོང་རྒྱུར་རྩ་བ་ནས་གླེང་ཐབས་མེད། གསུམ་ནི་འཁྲིད་ཐབས་རིགས་དང་པོར་བསྟེན་པའི་དགེ་རྒན་ཕལ་ཆེ་བར་གོམས་ལོབས་སུ་གྱུར་པའི“སྤྱི་འགྲོས་ཅན”གྱི་སློབ་ཁྲིད་བྱེད་ཐབས་ཀྱི་གནས་ཚུལ་འདིའི་རིགས་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་ལ་དུས་ཡུན་རིང་བའི་སློབ་ཁྲིད་ཉམས་མྱོང་དང་ཧུར་བརྩོན་གྱི་སློབ་སྦྱོང་། གཞན་འཁྲིད་ཐབས་གསར་བསྒྱུར་བྱེད་པའི་སེམས་ཤུགས་དང་ལག་ལེན་དངོས་ཀྱི་འཚོལ་ཞིབ་སོགས་དགོས་པ་རེད། མིག་སྔར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གིས་རྩ་འཛུགས་གནང་སྟེ། སློབ་གྲྭ་ཆུང་འབྲིང་གི་རྐང་འཛིིན་དགེ་རྒན་སྐོར་ཞིག་ཁྲིད་དེ་ནང་ལོག་ཏུ་སློབ་ཁྲིད་འཁྲིད་ཐབས་སྐོར་གྱི་སློབ་སྦྱོང་ལ་སོང་བ་དང། གཞན་གྱི་འཁྲིད་ཐབས་གསར་བ་དེ་གཞི་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་ཀྱི་རིམ་པ་དང་པོའི་ཁྲོད་ན་ཚ་ཚ་འུར་འུར་གྱིས་སྤེལ་མུས་སུ་ཡོད་ལ་གྲུབ་འབྲས་ཀྱང་མངོན་གསལ་བླངས་ཡོད། འོ་ན་འཁྲིད་ཐབས་གསར་བ་དེའི་སྐོར་རགས་རམ་ཙམ་གླེང་བར་བྱ་བ་ལ།

གཅིག སྔོན་སྦྱོང་རྗེས་ཁྲིད་དང་ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་ངོ་སྤྲོད།

        སྔོན་སྦྱོང་རྗེས་ཁྲིད་དང་ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཐབས་ནི་མིག་སྔར་གསར་དུ་དར་བ་དང་རྒྱུགས་ཆེ་བ་དང་། བསླབ་གཞི་གསར་བའི་སློབ་ཁྲིད་ཀྱི་འདུ་ཤེས་དང་དུ་ལེན་སླ་བར་མ་ཟད། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་རྩ་བའི་སྟེང་ནས་འགྱུར་ལྡོག་གཏོང་གིན་ཡོད། འཁྲིད་ཐབས་རིགས་འདིས་སློབ་མས་སྦྱོང་བ་དང་དགེ་རྒན་གྱིས་ཁྲིད་པའི་གོ་རིམ་ལ་འགྱུར་ལྡོག་བྱུང་དུ་བཅུག་ཡོད་པ་དང་། ལོ་ངོ་དུ་མའི་རིང་གི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ནི་སྔོན་ལ་དགེ་རྒན་གྱིས་ཁྲིད་པ་དང་རྗེས་ནས་སློབ་མས་སྦྱོང་བ་ཡིན་མོད། འོན་ཀྱང་སློབ་ཁྲིད་བྱེད་ཐབས་འདིས་སྔོན་ལ་སློབ་མས་སྦྱོང་བ་དང་རྗེས་ནས་དགེ་རྒན་གྱིས་འཁྲིད་དགོས་པའི་ཐབས་ལམ་གསལ་བོར་བསྟན་ཡོད།

        སྔོན་སྦྱོང་རྗེས་འཁྲིད། ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་སྦྱོང་བ་དང་འཁྲིད་པའི་གཙོ་ཕལ་ལ་འགྱུར་ལྡོག་བཏང་བ་དང་། རང་ཚུགས་རང་བདག་གིས་སློབ་སྦྱོང་བྱེད་པ་གཙོ་བོ་དང་རྗེས་ཁྲིད་བྱེད་པ་ཕལ་བར་བཟུང་ཡོད། སློབ་ཐུན་སྐབས་ཀྱི་སྐར་མ་སུམ་ཅུ་ལྷག་གི་རིང་ལ་སློབ་མས་རང་བདག་གིས་སློབ་སྦྱོང་བྱེད་པ་དང་། དེའི་ནང་དུ་སྔོན་སྦྱོང་དང་དཔེ་ཀློག སྦྱོང་བརྡར། ཞིབ་དཔྱད་ཚད་ལེན་བྱེད་པ། སྦྱང་ཚན་ལེགས་འགྲུབ་བྱེད་པ་སོགས་འདུས་པ་དང་། རྗེས་ཀྱི་དུས་ཚོད་སྐར་མ་བཅོ་ལྔའི་ནང་དུ་མཉམ་ལས་བྱས་ཏེ་སློབ་སྦྱོང་བྱེད་པ་འདུས། དགེ་རྒན་གྱིས་ཁྲིད་པའི་དུས་ཡུན་ཤིན་ཏུ་ཐུང་བ་དང་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་སྦྱོང་བ་གཙོ་བོ་དང་ཁྲིད་པ་ཕལ་བ་ཡིན་པར་ཁག་ཐེག་བྱས་ཡོད།

གཉིས། སྔོན་སྦྱོང་རྗེས་འཁྲིད། ཐུན་དངོས་སྦྱོང་བརྡར་སློབ་ཁྲིད་བྱེད་ཐབས་ཀྱི་བཀོལ་སྤྱོད་ཐབས་ལམ།

༡. འཁྲིད་གཞིའི་པང་ཡིག

སྐད་ཆ་གཅིག་གཉིས་ཤིག་ལ་བརྟེན་ནས་བློས་བསླང་བའམ་ཡང་ན་ཐད་ཀར་ཁྲིད་གཞིའི་ནང་དོན་ལ་འཇུག་པ།

༢. དམིགས་ཡུལ་གསལ་སྟོན་བྱེད་པ།

སློབ་སྦྱོང་གི་དམིགས་ཡུལ་གསལ་སྟོན་བྱེད་པ་དང་མཉམ་དུ། སློབ་མ་རྣམས་ལ་སློབ་ཐུན་དེ་གའི་དཔེ་ཁྲིད་དམིགས་ཡུལ་ཤེས་སུ་བཅུག་ནས་སློབ་སྦྱོང་གི་སྤྲོ་སེམས་དང་ཧུར་བརྩོན་བྱེད་སེམས་ཆེར་བསྐྱེད་པ།

བཀོལ་སྤྱོད་ཀྱི་གནད་འགག་འགྲོལ་ཐབས།

1.གྲིབ་གཟུགས་ལས་ཕྱིར་སྟོན་པའི་ཐབས་ཤེས་བཀོལ་བ་དང་སློབ་ཆུང་གི་ལོ་རིམ་དམའ་བའི་སློབ་མ་དག་ལ་དགེ་རྒན་གྱིས་ཐད་ཀར་གསལ་བཤད་བྱེད་པའི་ཐབས་བཀོལ་བ།

2.རིག་གནས་སློབ་ཚན་ལས་གསལ་སྟོན་བྱས་པའི་དཔེ་ཁྲིད་ཀྱི་དམིགས་ཡུལ་ནི་གཙོ་བོར་ཤེས་བྱ་ལ་རྒྱུས་ལོན་དང་ནུས་པ་སྐྱེད་སྲིང་བྱེད་པའི་ཕྱོགས་ཡིན་ལ། བརྩེ་སེམས་དང་རིན་ཐང་ལྟ་བའི་ཐད་ཀྱི་དཔེ་ཁྲིད་དམིགས་ཡུལ་ནི་གཙོ་བོར་དགེ་རྒན་གྱི་བཟོ་ལྟ་དང་ཉམས་འགྱུར། བརྩེ་སེམས། སྒྱུ་རྩལ་སོགས་བྱ་ལུགས་བྱེད་སྟངས་ཕྱོགས་གང་ཅིའི་ཐད་ལ་སིམ་འཛུལ་བྱས་ཡོད་ཅིང་དེ་ལས་མཚོན་པ་མ་གཏོགས། ཐད་ཀར་དཔེ་ཁྲིད་དམིགས་ཡུལ་གསལ་སྟོན་བྱེད་པ་དཀོན་པོ་རེད།

3.དཔེ་ཁྲིད་དམིགས་ཡུལ་དམའ་མི་རུང་ལ་ཧ་ཅང་མཐོའང་མི་རུང་། བཀོལ་སྤྱོད་བྱེད་སྲིད་པའི་ཤེས་བྱ་དག་ཐུན་དངོས་བཀོལ་སྤྱོད་བྱེད་པའི་རེ་བ་ཡོད་དགོས་པ་དང། དེ་ནུས་པ་ཞིག་ཏུ་ཆགས་ཐུབ་པ་བྱས་ནས་ཤེས་བ་ཙམ་ཀྱི་ཆུ་ཚད་ལས་མཚམས་མི་འཇོག་པར་ཇེ་མཐོ་ཇེ་བཟང་ལ་གཏོང་ཅི་ཐུབ་བྱ་དགོས། སྐད་ཡིག་སློབ་ཐུན་དེ་ཆབ་སྲིད་ཚོགས་དང་རྒྱུན་ཤེས་ཚོགས་ལྟར་སློབ་ཁྲིད་བྱེད་པ་དང་ཡང་ན་ཆབ་སྲིད་སློབ་ཐུན་དེ་སྐད་ཡིག་སློབ་ཐུན་ལྟར་ཚོགས་པ་སྔོན་འགོག་བྱེད་པའི་ཆེད་དུ། དཔེ་ཁྲིད་དམིགས་ཡུལ་ལ་ཕྱོགས་རིས་ཡོད་མི་རུང་ལ་ནོར་འཁྲུལ་ཡང་ཡོད་མི་རུང་།

4.དཔེ་ཁྲིད་དམིགས་ཡུལ་དེ་ཚིག་ཉུང་དོན་དྲིལ་དང་གོ་བདེ་ཤེས་སླ་ཞིག་ཡིན་དགོས་ལ་དངོས་ཡོད་ཡིན་དགོས་པ་ལས་དོན་དངོས་དང་བྲལ་བ་ཞིག་ཡིན་མི་རུང་།

5.དམིགས་ཡུལ་གསལ་སྟོན་བྱེད་སྐབས། དགེ་རྒན་ལ་སྤྲོ་སེམས་དང་འབོད་སྐུལ་གྱི་ནུས་པ། སྐུལ་སློང་རང་བཞིན་བཅས་ཡོད་དགོས་པ་ལས་དྲན་གཏམ་གསར་སྐྱེད་བྱེད་པ་དང་མདོ་མེད་ཀྱི་སྐད་ཆ་བཤད་པ། འབྲེལ་མེད་ཀྱི་བྱ་བ་སོགས་བསྒྲུབ་མི་རུང་།

༣. རང་སྦྱོང་ཐད་ཀྱི་མཛུབ་སྟོན།

རང་སྦྱོང་ཐད་ཀྱི་མཛུབ་སྟོན་དེ་ངེས་པར་དུ་བྱེ་བྲག་ཏུ་ཕབ་ནས། སློབ་མར་རང་སྦྱོང་གི་ནང་དོན་དང་རང་སྦྱོང་གི་ཐབས་ལམ། རང་སྦྱོང་གི་དུས་ཚོད་དང་རེ་འདུན་སོགས་གསལ་བོ་ཡོད་པ་བྱེད་དགོས།

བཀོལ་སྤྱོད་ཀྱི་གནད་འགག

1.རང་སྦྱོང་གི་ནང་དོན་ནི་གཙོ་བོར་སློབ་མ་རྣམས་ལ་དཔེ་དེབ་ཁྲོད་ཀྱི་ཤེས་བྱ་གསར་བར་བལྟ་རུ་འཇུག་པ་དང་དེའི་ཐད་ལ་ཁྲིད་སྟོན་བྱེད་པ་དེ་ཡིན།

2.རང་སྦྱོང་བྱེད་སྐབས་སྐད་དམའ་མོས་ཀློག་འདོན་བྱེད་པའམ་ལྐོག་ནས་འདོན་པ། ཡང་ན་དཔེ་ཆར་བལྟ་ཞོར་དུ་གྲོས་བསྡུར་བྱེད་པ་སོགས་གང་རུང་བྱ་ཆོག་ལ། གཙོ་བོར་སློབ་མ་རང་ཉིད་ཀྱི་གནས་ཚུལ་དང་བསྟུན་དགོས། སྤྱིར་བཏང་གི་གནས་ཚུལ་འོག དཔེ་ཆར་བལྟ་ཞོར་དུ་གྲོས་བསྡུར་བྱེད་པ་ལས་སློབ་མས་རང་ས་ནས་དཔེ་ཆར་བལྟས་རྗེས་བསམ་གཞིག་བཏང་ན་ཕན་འབྲས་ཆེན་པོ་ཡོད།

3.རང་སྦྱོང་བྱེད་སྐབས། བཀོལ་སྤྱོད་བྱེད་པའི་དུས་ཚོད་མང་དྲགས་མི་རུང་བར་འོས་འཚམ་གྱི་དུས་ཚོད་བཀོལ་ནས་རང་སྦྱོང་གི་ལས་འགན་འགྲུབ་པར་བྱེད་དགོས་མོད། འོན་ཀྱང་རང་སྦྱོང་བྱེད་པའི་དུས་ཚོད་ཐུང་དྲགས་པས་རྣམ་པ་ཙམ་ལས་མེད་པ་ཞིག་བྱ་མི་རུང་།

4.རང་སྦྱོང་གི་རེ་འདུན་ནི་གཙོ་བོར་སློབ་མས་དཔེ་ཀློག་བྱས་ཚར་རྗེས་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་དེ་ཡིན།

5.རང་སྦྱོང་བྱེད་པར་མཛུབ་སྟོན་བྱེད་དུས། དགེ་རྒན་གྱིས་སློབ་མ་ལ་ཡིད་ཆེས་དང་དོ་ཁུར་བྱེད་དགོས་ལ་སྐུལ་འདེད་ཀྱང་བྱེད་དགོས། མཛུབ་སྟོན་བྱེད་པའི་གོ་རིམ་ཁྲོད། འབྲེལ་མེད་ཀྱི་གླུ་ལ་ཉན་པ་དང་བརྙན་ལ་བལྟས་ནས་རིག་ལམ་རྙོག་མི་རུང་།

༤ . སྔོན་སྦྱོང་བྱེད་པ།

སྔོན་སྦྱོང་བྱེད་པའི་དུམ་ཚན་ཁྲོད་དུ་སློབ་མས་དཔེ་ཀློག་བྱེད་པ་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་དུམ་ཚན་ཆུང་བ་གཉིས་འདུས་ཡོད་ལ་སོ་སོར་མི་དབྱེ་བའི་དུས་སྐབས་ཀྱང་ཡོད།

༥ . དཔེ་ཀློག་བྱེད་པ།

སློབ་མས་དཔེ་ཀློག་བྱེད་སྐབས། དགེ་རྒན་གྱིས་ནག་པང་ངོས་སུ་ཡི་གེ་འབྲི་མི་འོས་ལ་སློབ་ཁང་དུ་ཕར་འགྲོ་ཚུར་འོང་དང་ཕར་ལྟ་ཚུར་ལྟ་སོགས་བྱེད་མི་འོས། དེ་ལྟར་བྱས་ན་སློབ་མས་བློ་རྩེ་གཅིག་སྒྲིམ་བྱས་ནས་དཔེ་ཀློག་བྱེད་མི་ཐུབ་པས་སོ། །

༦ . ཞིབ་དཔྱད་ཚད་ལེན།

ཞིབ་དཔྱད་ཚད་ལེན་བྱེད་པར་དྲི་གཞི་འདོན་པ་དང་ཡིག་ཐོག་སྦྱོང་ཚན་འབྲི་བའི་ཐབས་གང་རུང་བཀོལ་ཆོག་ལ། གཙོ་བོར་ཡིག་ཐོག་སྦྱང་ཚན་འབྲི་བའི་ཐབས་བཀོལ་བ་ཡིན། གལ་ཏེ་དྲི་གཞི་འདོན་པའི་ཐབས་བཀོལ་བ་ཡིན་ན་དྲི་བ་མང་མི་རུང་ལ་ཧ་ཅང་ཉུང་ཡང་མི་རུང་།

བཀོལ་སྤྱོད་བྱེད་པའི་གནད་འགག

1.ཡིག་ཐོག་སྦྱོང་ཚན་འབྲི་བའི་ཐབས་ལ་བརྟེན་ནས་རང་སྦྱོང་བྱས་རྗེས་ལྷག་འདུག་པའི་དོགས་གཞི་དང་དཀའ་གནད་དག་ཕྱིར་འདོན་པ།

2.དགེ་རྒན་གྱིས་སློབ་མའི་ནོར་འཁྲུལ་དག་འཚོལ་སྡུད་བྱས་ནས་དེ་དག་ལ་རིགས་དགར་ནས། སོ་སོར་ཤེས་བྱའི་རིགས་གང་ལ་གཏོགས་པ་དང་ཅི་ལྟར་ཐག་གཅོད་བྱེད་པའི་ཐད་ལ་དབྱེ་ཞིབ་གསལ་བོ་བྱས་ནས། རྗེས་སུ་ཁྲིད་པའི་ནང་དོན་ལ་བཀོད་སྒྲིག་བྱས་ཏེ་སློབ་ཁྲིད་གྲ་སྒྲིག་བྱེད་པ།

3.ཡིག་ཐོག་སྦྱོང་ཚན་འབྲི་སྐབས། དགེ་རྒན་གྱིས་ཟུར་ཁྲིད་མི་བྱེད་པར་སློབ་མ་ཚོར་རང་ས་ནས་བསམ་གཞིག་བྱེད་དུ་འཇུག་པ།

༧. རྗེས་སུ་འཁྲིད་པ།

རྗེས་སུ་ཁྲིད་པ་ཞེས་པ་དེ་དགེ་རྒན་གྱིས་སློབ་མར་ཁྲིད་པར་མི་གོ་བར། སློབ་མས་སློབ་མར་ཁྲིད་པར་གོ ཆེས་གཞུག་མའི་གོ་རིམ་ཁྲོད་དུ། དགེ་རྒན་དང་སློབ་མའི་བར་བརྗེ་རེས་བྱས་ནས། དགེ་རྒན་གྱིས་ཤེས་བྱའི་གནད་ལ་ཁ་གསབ་རྒྱག་པ། རྗེས་སུ་ཁྲིད་པའི་གོ་རིམ་ཁྲོད་དུ། དག་བཅོས་དང་གྲོས་བསྡུར་བྱེད་པའི་དུམ་ཚན་ཆུང་བ་གཉིས་འདུས་ཡོད། དག་བཅོས། སློབ་མ་ཁྲིད་སྟེགས་སྟེང་དུ་ཡོང་ནས་ནོར་ཟིན་པའི་དྲི་བ་ལ་ནོར་བཅོས་བྱེད་པ་བཅས་འདུས།

བཀོལ་སྤྱོད་བྱེད་པའི་གནད་འགག

སྦྱོང་ཚན་བྲིས་ཚར་རྗེས། དགེ་རྒན་གྱིས་དག་བཅོས་བྱས་པའི་གནས་ཚུལ་ལ་བལྟས་ནས། གལ་ཏེ་ད་དུང་ཡང་འབྲི་ནོར་བྱས་འདུག་པའི་སློབ་མ་ཡོད་ན། སྦྱངས་འབྲས་བཟང་བའི་སློབ་མ་དག་ལ་ཡང་བསྐྱར་དག་བཅོས་བྱེད་དུ་བཅུག་ནས་སློབ་མ་སོ་སོའི་བསམ་གཞིག་ནུས་པ་ཇེ་མཐོར་གཏོང་བ།

གྲོས་བསྡུར། རིགས་སོ་སོར་དགར་ནས་གྲོས་བསྡུར་བྱེད་པ། དེ་ལྟར་གོ་རིམ་ཡོད་པའི་སྒོ་ནས་གྲོས་བསྡུར་བྱས་ན་བསྐྱར་ཟློས་བྱེད་མི་སྲིད་ལ། ཕྱོགས་སྡོམ་བྱེད་སླ་བ་ཡིན།

༨. ཐུན་དངོས་སྦྱོང་བརྡར།

        ཐུན་དངོས་སྦྱོང་བརྡར་ནི་གཙོ་བོར་སློབ་ཐུན་སྐབས་ཀྱི་ལས་བྱ་དེ་ཚོགས་ཐུན་སྐབས་ལམ་སང་ལེགས་འགྲུབ་ཡོང་བ་བྱེད་པར་གོ དེའི་ནང་དུ་སློབ་ཐུན་གྱི་དཔེ་ཁྲིད་དམིགས་ཡུལ་ལ་ཐོན་པར་བྱེད་པ་དང་སློབ་མའི་ཕྱོགས་གང་ཅིའི་ནུས་པ་སྐྱེད་སྲིང་བྱེད་པ། སློབ་མའི་སློབ་ཕྱིའི་འགན་འཁུར་ཇེ་ཡང་དུ་གཏོང་བ། མགྱོགས་མྱུར་ངང་གནས་ཚུལ་ཕྱིར་འདེད་བྱེད་པ་སོགས་དམིགས་ཡུལ་ཆེན་པོ་བཞི་འདུས་ཡོད།

        སྔོན་སྦྱོང་རྗེས་འཁྲིད། ཐུན་དངོས་སྦྱོང་བརྡར་གྱི་རིགས་མི་འདྲ་བའི་དུམ་ཚན་འདི་དག་གིས་སློབ་ཐུན་དཔེ་ཁྲིད་ཀྱི་གཞི་རྩའི་གོ་རིམ་གྲུབ་པ་ཡིན་མོད། འོན་ཀྱང་སློབ་སྦྱོང་གི་གནས་ཚུལ་མི་འདྲ་བ་དང་འཁྲིད་ཚན་མི་འདྲ་བ། འཁྲིད་རྣམ་མི་འདྲ་བ། ལོ་རིམ་མི་འདྲ་བ་བཅས་ལ་གཞིགས་ནས། གང་ལ་གང་འཚམ་གྱིས་འཁྲིད་པ་ལས་སྣ་རྐྱང་གི་འཁྲིད་ཐབས་སྤྱོད་མི་རུང་ངོ་། །

གསུམ། སྔོན་སྦྱོང་རྗེས་འཁྲིད་དང་ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་འཁྲིད་ཐབས་ཀྱི་དགེ་མཚན།


        སྦྱོང་བས་འཁྲིད་པ་ཐག་གཅོད་དགོས་ཏེ། དེ་ནི་གཙོ་བོར་སྔོན་སྦྱོང་གི་གནས་ཚུལ་གཞིར་བཟུང་ནས་འཁྲིད་བྱའི་ནང་དོན་དང་ཐབས་ཤེས་གཏན་འཁེལ་བྱེད་པ་དེ་ཡིན་ལ། འཁྲིད་པས་སྦྱོང་བར་སྐུལ་འདེད་བྱེད་པ་ནི་གཙོ་བོར་ཁྲིད་པ་ལ་བརྟེན་ནས་རང་སྦྱོང་ཁྲོད་ཀྱི་དཀའ་གནད་དག་འགྲོལ་བ་དང་། སློབ་མས་གཅིག་ཤེས་ཀུན་གྲོལ་དང་སྔར་ལས་ལྷག་པར་ཤེས་བྱའི་གནད་ལ་རྒྱུས་ལོན་ཡོང་བར་སྐུལ་འདེད་བྱེད་པ་དེ་བསྟན་ཡོད། ཆེད་མཁས་པས་སྔོན་སྦྱོང་རྗེས་འཁྲིད། ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཐབས་ཁས་ལེན་ཐོབ་ཡོད་ལ། སྔོན་སྦྱོང་རྗེས་འཁྲིད་ནི་སློབ་གསོའི་སྲོག་ཤིང་སློབ་མ་ཡིན་པའི་དེང་རབས་སློབ་གསོའི་འདུ་ཤེས་ཀྱི་རྨང་གཞིའི་ཐོག་གཞི་ཚུགས་པ་ཡིན་ལ། དུས་ཡུན་རིང་བོའི་ནང་དུ། སྲོལ་རྒྱུན་རྣམ་པའི་དཔེ་ཁྲིད་ཀྱིས་ནམ་ཡིན་ཡང་ཁྲིད་པའི་གོ་གནས་གཙོ་བོར་བཟུང་ནས་སློབ་མ་སྲོག་ཤིང་ཡིན་པའི་གནད་དེ་སྣང་མེད་དུ་བཞག་པ་དང་། སློབ་མའི་རང་འགུལ་རང་བཞིན་དང་ཧུར་བརྩོན་བྱེད་སེམས་སོགས་ལ་མཐོང་ཆེན་མ་བྱས་པས། དཔེ་ཁྲིད་ཀྱི་ནུས་ཆོད་ཤིན་ཏུ་ཆུང་བར་ཆགས་པ་རེད། སྔོན་སྦྱོང་རྗེས་འཁྲིད། ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་བྱེད་ཐབས་ཀྱིས་གནད་དོན་འདིའི་རིགས་རྩ་བའི་སྟེང་ནས་ཐག་གཅོད་བྱས་ཡོད་པ་རེད། སློབ་མས་སྔོན་སྦྱོང་བྱེད་པ་དེས་སློབ་མའི་སྲོག་ཤིང་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་། ཁོ་ཚོས་དགེ་རྒན་གྱིས་མ་འཁྲིད་སྔོན་ལ་རང་ས་ནས་སྔོན་སྦྱོང་བྱས་ན་བསླབ་གཞིའི་ནང་དོན་ལ་རྒྱུས་ལོན་དང་བསམ་མནོ་མང་དུ་གཏོང་བ་ལ་བརྟེན་ནས་དགོས་ངེས་ཀྱི་བྱ་དངོས་ལ་ངོས་འཛིན་རགས་ཙམ་བྱ་ཐུབ་པ་དང། དུས་མཚུངས་སུ་དོགས་གཞིའང་འབྱུང་བ་རེད། སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་སློབ་མའི་དོགས་གཞི་དེ་དག་ལ་རེ་རེ་བཞིན་དམིགས་འཛུགས་ཀྱིས་དོགས་སེལ་བྱ་བར་གྲ་སྒྲིག་གི་དུས་ཚོད་ཀྱིས་འདང་བ་དང་སློབ་མས་བསླབ་བྱའི་ནང་དོན་གྱི་རིགས་ལམ་མི་འཆོལ་བར་ཡང་ཕན་ཐོགས་ཆེན་པོ་ཡོད། དེ་ལྟར་བྱས་ན་གཅིག་ནས་དུས་ཚོད་གྲོན་ཆུང་བྱེད་ཐུབ་པ་དང་། གཉིས་ནས་སློབ་མས་རང་ས་ནས་ཤེས་བྱའི་གནད་ལ་བསམ་གཞིག་དང་དོགས་གཞི་ཐག་གཅོད་བྱེད་པའི་ནུས་བ་སྐྱེད་སྲིང་བྱེད་ཐུབ་པ་རེད། སློབ་ཁྲིད་བྱེད་ཐབས་འདི་རིགས་ཁུང་ཙིའི་ལུགས་ཀྱི“བསླབས་ནས་མི་བརྟག་ཀུན་རྨོངས་ཡིན”ཞེས་པའི་གནས་ལུགས་དང་མཐུན་པ་མ་ཟད། དུས་མཚུངས་སུ་སློབ་མའི་བསམ་བློ་དང་དངོས་ཡོད་གནས་ཚུལ་ལའང་མཐུན་པ་རེད། དེ་བས་སྣོད་བསྟུན་སློབ་གསོ་ལག་བསྟར་བྱས་ན་སློབ་མས་སླ་ཞིང་མྱུར་བའི་སྒོ་ནས་འཁྲིད་གཞིའི་ནང་དོན་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། སློབ་སྦྱོང་གི་སྤྲོ་བ་འཕེལ་ནས་བསླབ་ཚན་གྱི་ནང་དོན་ལ་བག་ཆགས་ཟབ་མོ་འཇོག་ཐུབ།

        ཀྲུང་གོའི་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་ཀོའུ་མུས་བཤད་རྒྱུར། ཐུན་དངོས་སྦྱོང་བརྡར་ནི་བསླབས་ཟིན་པའི་ནང་དོན་དུས་ཐོག་ཏུ་སྲ་བརྟན་ལ་བཏང་ནས་སློབ་མས་སློབ་གསེང་གི་སྦྱང་ཚན་བྲི་བར་འགན་འཁུར་ཇེ་ཡང་དུ་གཏོང་བར་གོ་དགོས་པ་དང། འདི་ནི་སློབ་ཁྲིད་ཀྱི་ལས་ཆོད་དང་སྤུས་ཚད་ཇེ་མཐོར་གཏོང་བའི་ཐབས་ལམ་ཡག་ཤོས་ཡིན་ལ། སློབ་ཁྲིད་ཀྱི་ཆོས་ཉིད་དང་སློབ་མའི་ཤེས་རྟོགས་ཆོས་ཉིད་དང་མཐུན་པས། དེ་ལ་ཕྱོགས་ཀུན་གྱི་དོན་སྙིང་ལྡན་པ་རེད། །

དཔྱད་གཞིའི་ཡིག་ཆ།

[1]བོད་ཀྱི་སྲོལ་རྒྱུན་སློབ་ཁྲིད་རྣམ་བཤད། ལྷག་པ་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༢

[2]སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་དང་སློབ་ཁྲིད་ནུས་རྩལ། བཀྲ་ཤིས་བསམ་གྲུབ་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༨

[3]ཚའེ་ལེ་ཡུང་དང་ཧྥན་ཞའོ་ཧྥང་གི་སྔོན་སྦྱོང་རྗེས་འཁྲིད་དང་ཐུན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་རྣམ་པ། 《དེང་རབས་དཔེ་ཀློག》སྐབས༢པ་ལས་བདམས། ༢༠༡༣


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1