༄༅།། ས་པཎ་དང་ཨོ་ཀུའུ་སི་ཏིན་གཉིས་ཀྱི་ལོ་ཙཱའི་ལྟ་དགོངས་ཀྱི་བསྡུར་དཔྱད།

རྡོ་རྗེ་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-10


རྡོ་རྗེ་བཀྲ་ཤིས།

        ས་སྐྱའི་དུས་ནི་བོད་ཀྱི་ཆོས་དང་རིག་གནས་ཕྱོགས་གང་ཅིའི་ཐད་སྔར་མེད་ཀྱི་དར་རྒྱས་དང་རྣམ་པ་གསར་པ་ཐོན་པའི་དུས་ཤིག་ཡིན་ལ། ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་ནི་དུས་སྐབས་དེའི་རིག་པའི་གནས་ལྔ་ལ་ནང་བྱན་ཆུད་པའི་མཁས་པ་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་ཙཱའི་ལག་ལེན་དང་གཞུང་ལུགས། ད་དུང་ལོ་ཙཱའི་དཔྱད་བརྗོད་བཅས་ཀྱི་ཐད་ལའང་མཛད་འཕྲིན་བླ་ན་མེད་པ་བཞག་མྱོང་མཁན་གྱི་མཁས་དབང་ཞིག་ཡིན། ཁོང་གི་ལོ་ཙཱའི་དགོངས་པ་དང་དཔྱད་བརྗོད་ནི་མཁས་པ་འཇུག་པའི་སྒོ་དང་། ཚིག་གཏེར། སྡོམ་གསུམ་རབ་ཏུ་དབྱེ་བའི་བསྟན་བཅོས་སོགས་སུ་གསལ་ལ། སྒོས་སུ་མཁས་པ་འཇུག་པའི་སྒོ་ཞེས་པ་རུ་རྒྱས་པར་གསུངས་ཡོད། དེ་ཡང་རྗེ་འདི་ཉིད་ཀྱི་ལོ་ཙཱའི་དགོངས་པ་ནི་《ནུབ་གླིང་ལོ་ཙཱའི་ལོ་རྒྱུས་རགས་བསྡུས།》ཞེས་པའི་ཁྲོད་ཀྱི་ཨོ་ཀུའུ་སི་ཏིན་(奥古斯丁)དུ་འབོད་པའི་ནུབ་གླིང་གི་མཁས་པ་དེ་ཉིད་དང་མཐུན་པའི་ཆ་མང་དུ་མཆིས། ཨོ་ཀུའུ་སི་ཏིན་ནི་རོ་མ་བཙན་རྒྱལ་གྱི་དུས་མཇུག་ཏུ་འཚོ་བཞེས་གནང་བའི་ལྷ་རིག་པ་བ་དང་མཚན་ཉིད་རིག་པ་བ། ལཱ་ཏིན་བསྟན་བཅོས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན། བརྩམས་ཆོས་གཙོ་བོ་ལ་《དཀོན་མཆོག་གི་མཁར་གྲོང上帝之城》 དང་《 འགྱོད་གཤགས་ཀྱི་ཟིན་ཐོ忏悔录》 ད་དུང་《 ཡེ་ཤེའི་སློབ་གསོ་གླེང་བ论基督教育》 བཅས་ཡོད་ཅིང་། ཁོང་གི་ལོ་ཙཱའི་དགོངས་པ་དེ་གཙོ་བོར་《ཡེ་ཤེའི་སློབ་གསོ་གླེང་བ་论基督教育》 ཞེས་པའི་གསུང་རྩོམ་དང་ད་དུང་འཕྲིན་ཡིག་གཉིས་ལས་གསལ་བཀྲོལ་མཛད་ཡོད། གཤམ་དུ་ཁོང་གཉིས་ཀྱི་ལོ་ཙཱའི་ཐབས་དང་དགོངས་པ་ལ་གཤིབ་བསྡུར་རགས་ཙམ་བྱེད་པར་བྱ།

དང་པོ། མཐུན་པའི་ཕྱོགས།
        1.ལོ་ཙཱ་བར་བཏོན་པའི་ཆ་རྐྱེན།
མཁས་པ་འདི་གཉིས་ཀས་ལོ་ཙཱའི་ལས་གང་ལ་འཇུག་མཁན་གྱི་ལོ་ཙཱ་བར་ཆ་རྐྱེན་ངེས་ཅན་བཏོན་ཡོད་དེ། ས་པཎ་གྱིས་ལེགས་སྦྱར་གྱི་སྒྲའམ་བརྡ་སྤྲོད་ལ་བྱང་གོམས་ཡོད་མེད་ལས་བྱུང་བའི་འགྱུར་སྐྱོན་ཞེས་པ་ལས། ལོ་ཙཱའི་བྱ་བ་ནི་སྐད་ཡིག་གཉིས་དང་སྐད་ཡིག་དེ་གཉིས་ཀྱི་སོ་སོའི་རིག་གནས་དང་འབྲེལ་བར་འཇུག་པའི་བྱ་བ་ཞིག་ཡིན་པས། ལས་དེ་ལ་འཇུག་པའི་ལོ་ཙཱ་བ་ཞིག་ཡིན་ཕྱིན་སྐད་ཡིག་གཉིས་ལ་བྱང་དགོས་ཁར། དེ་འབྲེལ་གྱི་རིག་གནས་ལའང་རྒྱུས་མངའ་ཡོད་དགོས་པའི་རེ་བ་བཏོན་ཡོད། འདིའི་ཐད་ལ་ཨོ་ཀུའུ་སི་ཏིན་གྱིས་(སྐད་རིགས་གཉིས་ལ་ནང་བྱན་ཆུད་པ་བྱེད་དགོས་པ་སྟེ།通晓两种语言)ལཱ་ཏིན་ཡི་གེ་རུ་སྒྱུར་མཁན་ལོ་ཙཱ་བས་ངེས་པར་དུ་《དམ་པའི་གསུང་རབ圣经》ཀྱི་མ་ཡིག་སྟེ་ཤི་པོའོ་ལེ་ཡི་སྐད་ཡིག་དང་ཀེ་རེ་སུའི་སྐད་ཡིག་ལ་ནང་བྱན་ཆུད་པར་ཞིག་ཡོང་དགོས་པའི་རེ་བ་བཏོན་ཡོད། གཞན་ཡང་མཁས་འཇུག་ལས། ལ་ལས་རྒྱ་གར་གྱི་རང་སྐད་དུ་བཞག ལ་ལས་བོད་སྐད་དུ་བསྒྱུར། དེ་གཉིས་མ་འཕྲོད་པས་མ་ཤེས་པའང་ཡོད་ཅེས་ལོ་ཙཱ་བ་ཁག་ཅིག་གིས་མ་རྟོགས་པར་ལོག་པར་བསྒྱུར་བའི་སྐྱོན་ཡོད་ལུགས་གསུངས་ཏེ། ལོ་ཙཱ་བས་ངེས་པར་དུ་བསྒྱུར་བྱའི་མ་ཡིག་གི་དོན་རྟོགས་པར་བྱེད་རྒྱུ་དེ་ནི་གནད་གཙོ་བོ་ཞིག་ཡིན་པར་གསུངས་ཡོད། འདིའི་ཐད་ལ་ཨོ་ཀུའུ་སི་ཏིན་གྱིས་(熟悉并“同情”所译题材བསྒྱུར་བྱའི་མ་ཡིག་གི་ནང་དོན་ལ་རྒྱུས་མངའ་ཡོད་ལ་གདུང་སེམས་མཉམ་སྐྱེ་ཡིན་དགོས་པ།)ཞེས་པ་བཏོན་ཏེ། སྔོན་ལ་རང་ཉིད་ཀྱིས་འཆད་པ་དང་བསྒྱུར་བར་བྱ་བའི་《དམ་པའི་གསུང་རབ།》དེར་ཆད་ལྷག་དང་གོ་འཛོལ་མེད་པའི་གོ་བ་གཏིང་ཟབ་མོ་ལོན་པར་བྱེད་པ་དང་། རང་གི་བསྒྱུར་བྱའི་མ་ཡིག་གི་བརྗོད་བྱ་ལ་གདུང་བ་མཉམ་སྐྱེ་དང་དགའ་མོས་ཡོད་དགོས་པ་དེ་ཡིན།
        2.བསྒྱུར་གྱི་ཐབས་དང་རྩལ།
དེ་ཡང་བསྒྱུར་གྱི་ཐབས་དང་རྩལ་གྱི་ཐད་ལ་མཁས་དབང་འདི་གཉིས་ལ་མ་གྲོས་གཅིག་ཏུ་མོལ་བའི་ཆ་ཁ་ཤས་འདུག་སྟེ། དེ་ལས་གཙོ་བོ་ནི་ཁོང་རྣམ་པ་གཉིས་ནི་ཐད་བསྒྱུར་གཙོ་བོ་འཛིན་མཁན་ཡིན་པ་དེ་ཡིན། དེ་ཡང་ས་པཎ་གྱི་《ཚིག་གི་གཏེར་ཞེས་བྱ་བའི་བསྟན་བཅོས》སུ། འཆི་མེད་མཛོད་ལས་བཤད་བཞིན་འདིར་དགོས་རྣམས། །སྒྲ་དོན་ཇི་བཞིན་བསྒྱུར་ནས་ངས་འདིར་བཤད། །ཅེས་པ་དང་། 《 སྡོམ་གསུམ་རབ་ཏུ་དབྱེ་བ》་ལས། ཁམས་ལ་བྱིངས་སུ་འཆད་པ་དང་། བཅོམ་པ་བསྐལ་བར་འཆད་པ་དང་སྦྱངས་དཀའ་ཐུབ་དཀའ་འཆད་པ་དང་། བག་ཆགས་གནས་སུ་འཆད་པ་དང་། ཤཱཀྱ་ཕོད་པར་བཤད་པ་སོགས། བོད་ལ་ཅུང་ཟད་མི་བདེ་ཡང་། ལེགས་པར་སྦྱར་བའི་སྒྲ་དག་ལ། ཤིན་ཏུ་འཐད་ཕྱིར་མཁས་པས་བླངས། སོགས་ལྟ་བུ་བསྒྱུར་ལ་ཚིག་དོན་གྱི་འཇུག་ཚུལ་ཙམ་གཙོ་བོར་བཟུང་བས་མི་འགྲིག་པར་ལེགས་སྦྱར་གྱི་མིང་བརྡའི་སྒྲ་དོན་རེ་རེ་བཞིན་མ་ལུས་པར་ཐད་ཀར་ཐད་སོར་བསྒྱུར་དགོས་པའི་དགོངས་པ་བཏོན་ཡོད། འདིའི་ཐད་ལ་ཨོ་ཀུའུ་སི་ཏིན་གྱིས་(翻译的基本单位是词ཡིག་བསྒྱུར་གྱི་རྩ་བའི་འཇལ་ཚད་ནི་མིང་ཡིན།)ཞེས་པ་བཏོན་ཏེ། ཁོས་བསམ་ན་སྐད་ཆའི་བརྡ་རྟགས་དང་མིང་ཚིག་ནི་འདྲ་མཉམ་དུ་གནས་ཡོད་པ་དང་། ཡིག་བསྒྱུར་གྱི་རྩ་བའི་འཇལ་ཚད་ཀྱི་ཁྱབ་ཇེ་ཆེར་གཏོང་དགོས་མོད། འོན་ཀྱང་ཁོས་ནམ་རྒྱུན་ཀེ་རེ་སིའི་སྐད་ཀྱི་རྒྱན་ཚིག་དང་བྱེད་ཚིག་མཉམ་དུ་ཡོད་པ་དེ་གཉིས་སུ་དབྱེ་སྟེ་སྒྱུར་དགོས་པའི་ལྟ་བ་འདོན་བཞིན་ཡོད། དེའི་རྐྱེན་གྱིས་ཁོ་རང་དུས་སྐབས་དེའི་ནུབ་གླིང་གི་ཐད་སྒྱུར་གྱི་ལུགས་འཛིན་མཁན་གྱི་ཚབ་མཚོན་མི་སྣ་ལྟ་བུ་ཆགས་ཡོད་པ་རེད། ད་དུང་ས་པཎ་གྱིས་བོད་རང་གིས་ཆོས་ཀྱི་དོན་མང་པོ་རྟོགས་དཀའ་བ་ནི་བསྒྱུར་མ་ལེགས་པའི་སྐྱོན་ཏེ། སྔོན་སྒྲ་སྦྱོར་བམ་པོ་གཉིས་པ་ལས་བསྟན་པ་ལྟར་བོད་མི་རང་གིས་གོ་བདེ་བ་ཞིག་ཅིས་ཀྱང་ཡོང་དགོས་པའི་རེ་བ་བཏོན་ཡོད། འདི་ལ་ཨོ་ཀུའུ་སི་ཏོན་གྱིས་ལོ་ཙཱའི་ཁྲོད་དུ་ངེས་པར་དུ་མཉམ་འཇོག་དགོས་པའི་ཉམས་གསུམ翻译中必须注意的三种风格ཞེས་པ་ལས་ཉམས་གསུམ་གྱི་འདེམས་སྟངས་དེ་ཀློག་པ་པོ་ལ་རག་ལས་ཏེ། ཀློག་པ་པོའི་ཆུ་ཚད་དང་མོས་པ་མི་འདྲ་བ་ལ་བརྟེན་ནས་ཉམས་འདོན་དགོས་པ་བཏོན་ཡོད། ཁོས་ཉམས་གང་ཞིག་སྤྱད་ཀྱང་མཇུག་མཐའི་དམིགས་ཡུལ་ནི་བདེན་དོན་དེ་ཀློག་པ་པོ་ལ་བརྒྱུད་སྤྲོད་བྱེད་པ་དང་ཁོ་ཚོས་དེའི་དོན་རྟོགས་པ་དང་དེ་ལ་མོས་པ་སྐྱེས་པ། དངོས་ཡོད་འཚོ་བའི་ཁྲོད་དུ་དེ་ལྟར་བསྒྲུབ་ཏུ་འཇུག་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད། ད་དུང་ཨོ་ཀུའུ་སི་ཏིན་གྱིས་ཤི་པོའོ་ལེ་ཡི་ཐ་སྙད་ཁ་ཤས་ལཱ་ཏིན་དུ་མེད་པས་རང་སོར་བཞག་སྟེ་གཡར་ཆོག་པའི་ལྟ་བ་བཏོན་པ་རེད། དེ་དང་ས་པཎ་གྱིས་གསུང་བའི་ལེགས་སྦྱར་གྱི་སྐད་ཁ་ཤས་སྒྲ་རང་སོར་འཇོག་དགོས་པའི་དགོངས་པ་གཉིས་འབབ་ས་གཅིག་ཏུ་བབས་འདུག་པ་མཐོང་ཐུབ།
གཉིས་པ། མི་མཐུན་པའི་ཕྱོགས།
        1.ལོ་ཙཱ་བར་བཏོན་པའི་ཆ་རྐྱེན།
ལོ་ཙཱ་བར་བཏོན་པའི་ཆ་རྐྱེན་ལས་མཁས་དབང་འདི་གཉིས་ལ་མི་མཐུན་པའི་ཆ་ཡོད་པ་ནི། ས་པཎ་གྱིས་སྒྱུར་མཁན་ལོ་ཙཱ་བས་ཡི་གེ་སྒྱུར་སྐབས་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས་ཏེ་ཡུལ་ལུང་གི་བརྡ་སྤྱོད་མི་རུང་བའི་དགོངས་པ་བཏོན་ཡོད་དེ། དེའི་ཐད་ཁོང་གིས། བོད་ཀྱི་སྐད་ལ་མི་ཤེས་པ། །ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། འགའ་ཞིག་འགྱུར་གྱི་བྱེ་བྲག་དང་། །ཡུལ་སྐད་དག་གིས་བསྒྲིབས་པ་ཡོད། །ཞེས་པ་དང་། ད་དུང་ཁོས་བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་སྐྱོན་བརྗོད་དེ། བོད་ཀྱི་ལོ་ཙཱ་བ་ཞིག་ཡིན་ཕྱིན་མི་རིགས་ནང་ཁུལ་གྱི་ཡུལ་སྐད་དང་། གནའ་དེང་གི་བརྡ་གསར་རྙིང་ལ་བསམ་བློ་གཏོང་དགོས་པའི་ཡུལ་དུས་དང་བསྟུན་པའི་རེ་བ་བཏོན་ཡོད་པ་རེད། འདི་ནི་བོད་རང་གི་དམིགས་གསལ་གྱི་གནད་དོན་ཞིག་ཡིན་པས་ནུབ་གླིང་གི་ཨོ་ཀུའུ་སི་ཏིན་གྱི་དགོངས་པ་ལས་འགོངས་ཡོད་པ་རེད། དེ་ཡང་ཨོ་ཀུའུ་སི་ཏིན་གྱིས་ལོ་ཙཱ་བ་ལ་ཞུ་དག་གི་ནུས་པ་ངེས་ཅན་ལྡན་དགོས་པའི་རེ་བ་བཏོན་གནང་མཛད་ཡོད་དེ། ཁོས་ལོ་ཙཱ་བས་《དམ་པའི་གསུང་རབ།》ཀྱི་འགྱུར་མང་པོ་དཔྱད་བསྡུར་དང་ཞུ་དག་མཛད་ནས་འགྱུར་གྱི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་པའི་རེ་བ་བཏོན་ཡོད། འདི་ས་པཎ་གྱི་ཡིག་བསྒྱུར་དགོངས་པའི་ནང་དུ་མཐོང་དུ་མེད་པ་ཞིག་ཡིན།
        2.བསྒྱུར་གྱི་ཐབས་དང་རྩལ།
ས་པཎ་གྱིས་མཁས་འཇུག་ལས། འགའ་ཞིག་དོགས་པ་བཟློག་པའི་ཕྱིར། རྣམ་གྲངས་ཟློས་པར་བཤད་ན་ཡང་། དེ་དག་སྐྱོན་དུ་མི་བཟུང་སྟེ། དགོས་པ་མཐོང་ནས་བཤད་ཕྱིར་རོ། ཞེས་པ་ལྟར་ཚིག་ལྷག་པར་བསྒྱུར་བའི་ཐབས་བསྟན་ཡོད་དེ། ཚིག་དང་བརྗོད་པའི་སྙན་ཆ་འདོན་ཕྱིར་དང་གུས་པ་དང་བཀུར་བསྟི་མཚོན་སླད་ལྷག་པར་བསྒྱུར་དགོས་པ་གསུང་ཡོད། འདི་ལྟ་བུ་ནི་ཨོ་ཀུའུ་སི་ཏིན་གྱི་ཡིག་བསྒྱུར་གྱི་དགོངས་པ་ལས་བྱུང་མེད་དེ། རྒྱན་གྱིས་བཅིངས་པ་ལ་གོམས་པ་དང་གུས་པ་དང་ཞེ་ཚིག་ལྟ་བུ་ནི་བོད་རང་གི་ཐུན་མིན་ཁྱད་ཆོས་ཤིག་ཡིན་པས་རེད་སྙམ། དེ་ཡང་ཨོ་ཀུའུ་སི་ཏིན་གྱི་ཡིག་བསྒྱུར་དགོངས་པ་རུ་(《圣经》翻译必须依靠上帝的感召《 དམ་པའི་གསུང་རབ》ཡིག་སྒྱུར་བྱེད་པར་ངེས་པར་དུ་དཀོན་མཆོག་གི་འབོད་སྐུལ་ལ་བརྟེན་དགོས།)ཞེས་པ་ལྟ་བུ་ཐོན་པ་ནི་དུས་སྐབས་དེར་ཨོ་ཀུའུ་སི་ཏིན་གྱིས་བཏོན་པའི་ཡིག་སྒྱུར་གྱི་གཞུང་ལུགས་འདི་དག་ནི་གཙོ་བོར་《དམ་པའི་གསུང་རབ།》ཀྱི་ཡིག་སྒྱུར་ལ་ཁ་གཏད་ཡོད་པ་ཡིན་པས། དགོངས་པ་འདི་ལྟ་བུ་ནི་དམིགས་བསལ་ཅན་ཡིན་ལ་བོད་དུ་མེད།
གསུམ་པ། ཕྱོགས་བསྡོམས།
        གོང་གི་ས་པཎ་དང་ཨོ་ཀུའུ་སི་ཏིན་གྱི་ལོ་ཙཱའི་དགོངས་པ་ཞིབ་བསྡུར་བྱས་པ་ལས་ང་ཚོས་མཐོང་ཐུབ་པ་ནི། ལོ་ཙཱ་ནི་མི་རིགས་ཀྱི་ཐུན་མོང་གི་རིག་གནས་ཤིག་ཏུ་ལགས་པས་ཡུལ་དུས་མི་འདྲ་བའི་ལོ་ཙཱ་སྨྲ་བ་འདི་གཉིས་ལའང་ལོ་ཙཱའི་ཐབས་རྩལ་དང་གཞུང་ལུགས་ཀྱི་ཐད་ལ་ཐུན་མོང་གི་ཆ་མང་དུ་མཆིས་ཤིང་། གཞན་ཡང་རང་སོ་སོའི་ཡུལ་དུས་ཀྱི་གནས་བབ་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་ཅིས་ཀྱང་ཁྱད་པར་ཡོད་པས། དེ་གཉིས་སོ་སོ་ལ་ཐུན་མོང་མ་ཡིན་པའི་དགོངས་པ་ཁ་ཤས་ཀྱང་གྲུབ་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1